གནས་མཆོག་ལིང་ཆུ་རྩེའམ་ཆུ་སྡེའི་གནས་ཡིག

 གནས་མཆོག་ལིང་ཆུ་རྩེ་འམ་ལིང་ཆུ་སྡེའི་གནས་ཡིག་མདོར་བསྡུས་ཞེས་བྱ་བ་བཞུགས་སོ།

རྩོམ་པ་པོ། ས་སྐྱ་དཀོན་མཆོག་བློ་བརྟན། 

སྐལ་བཟང་རྣམ་འདྲེན་བཞི་པ་གཽ་ཏམ་མཆོག།
རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ས་སྐྱ་པ།།
ཐུབ་བསྟན་གསལ་མཛད་འཇམ་མགོན་ས་པཎ་ཉིད།།
ཐུབ་པའི་རྣམ་འཕྲུལ་འཕགས་པའི་ཚོགས་རྣམས་འདུད།།

བླ་མའི་བཀའ་བཞིན་དགུང་གྲངས་རེ་ལྔ་ལོར།།
གདུལ་བྱའི་དོན་དུ་གནས་མཆོག་ལིང་ཆུ་རུ།།
རྒྱལ་བའི་མཛད་ཀུན་བསྣམས་ཤིང་བྱོན་པ་སྟེ།།

བསྟན་པའི་སྲོག་ཤིང་ཁྱེད་ལ་གསོལ་བ་འདེབས།།

ཞེས་ཡུལ་དམ་པ་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་ད་ནི་སྐབས་སུ་བབ་པ་བོད་སྐད་ལ་ལིང་ཆུ་རྩེ་ཟེར་ཞིང(凉州)རྒྱ་སྐད་ལན་ཀྲུའུ་ཟེར་བའི་ས་ཆ་འདི་ལ་དེང་སང་ལྦུ་ལྦི་(武威)གྲོང་ཁྱེར་ཟེར་ཞིང།ཆེན་པོ་ཧན་གྱི་དུས་ལ་འགུ་ཙང་ཡང་ཟེར།དེའི་རྒྱུ་མཚན་ཡང་འགུ་ཙང་ཟེར་བའི་བོད་ཀྱི་འཚོ་སྡེ་ཞིག་ཡོད་པའི་རྒྱུ་མཚན་ཡིན་པར་སྣང།དེ་ནས་ཐང་རྒྱལ་རབས་ཀྱི་མཇུག་ཙམ་ལ་དཔའ་རིས་འཕན་བློ་གྲོས་ཕ་བུས་དམག་སྲིད་བཟུང་ནས་ཡུལ་དཔོན་ལོ་མང་བྱས།དེའི་རྗེས་སུ་མི་ཉག་གིས་བཟུང།ཇིང་གིར་རྒྱལ་པོས་མི་ཉག་བཅོམ་སྟེ་ཡོན་རྒྱལ་རབས་རིང་ལ་ཧོར་གྱིས་བཟུང།དེའི་སྐབས་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་འགྲན་ཟླ་བྲལ་བའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ཉིད།སྔར་ཁ་ཆེ་པཎ་ཆེན་གྱིས་ལུང་བསྟན་པ་དང་ཁྱད་པར་དུ་རྗེ་ཉིད་ལ་སྐུའི་སྐྱེ་བ་དཔག་ཏུ་མེད་པའི་ནང་བཀའ་དྲིན་ཤིན་ཏུ་ཆེ་བ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་འདི་ཉིད་ཀྱིས་ལུང་བསྟན་བཞིན།ཧོར་གོ་དན་རྒྱལ་པོས་ཕ་མ་དང་གནམ་སའི་དྲིན་བསབ་ཕྱིར་ལམ་གྱི་བླང་དོར་གྱི་ལམ་མ་ནོར་བར་སྟོན་ཤེས་པའི་བླ་མ་རུ་ཕེབས་དགོས་པའི་འཇའ་ས་དང་བཅས་ཧོར་གྱི་ཡུལ་ནས་གདན་འདྲེན་པ་སླེབས།རྗེ་ཉིད་ཀྱང་སྔར་གྱི་ལུང་བསྟན་དྲན་ཏེ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་དགོངས་ནས་ཐེ་ཚོམ་མེད་པར་ཞལ་གྱིས་བཞེས་ཏེ།དགུང་གྲངས་དྲུག་བཅུ་རེ་གསུམ་ལོར་ས་སྐྱ་ནས་ཉིད་ཀྱི་རུས་གཏོགས་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་གཅིག་བཞེས་པ་དང།འགྲོ་མགོན་ཕྱག་ན་དགུང་ལོ་དྲུག་བཞེས་པ་གཉིས་དང་།གཞན་མདོ་སྔགས་ཀྱི་གཞུང་དང་རིག་གནས་ཀུན་ལ་མཁས་པ་མང་པོ་བཅས་དཔལ་ལྡན་ས་སྐྱ་ནས་ཆིབས་ཁ་བསྒྱུར་ཏེ་ཆོས་རྗེ་ཉིད་ཀྱིས་ཞལ་ནས།བདག་ཀྱང་སྔོན་གྱི་བྱེད་པ་འགའ་ཡི་རྒྱུས།།བསྟན་པའི་ཉི་མ་ཤར་གྱི་ཕྱོགས་སུ་ཤར།།ཐོས་བསམ་སྒོམ་པ་ཡིད་བཞིན་ནོར་བུ་དེས།།དད་ལྡན་དབུས་གཙང་རེ་བ་ཡོངས་སུ་རྫོགས།། ཞེས་གསུངས་པ་བཞིན་ལམ་བར་རྣམས་སུ་ཡང་སྐལ་ལྡན་རྣམས་ལ་གང་ལ་གང་འདུལ་ནས་ཆོས་ཀྱིས་ཚིམ་པར་མཛད།མེ་རྟ་ལོར་དེང་སང་གྱི་ལིང་ཆུ་(凉州或武威)མཁར་གྱི་གནས་དེར་ཧོར་རྒྱལ་པོའི་ཕོ་བྲང་དུ་ཕེབས།ཕན་ཚུན་ཞལ་འཛོམས་ཀྱི་དགའ་སྟོན་བསམ་ལས་འདས་པ་མཛད།དེ་ནས་བཟུང་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་དར་ཞིང་བོད་བརྒྱུད་ནང་བསྟན་ཡང་སྔར་ནས་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང།བྱེ་བྲག་དཔལ་ལྡན་ས་དཀར་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡང་རྒྱས་པར་གྱུར་ཞིང།གནས་མཆོག་འདིར་འཇམ་མགོན་ས་པཎ་གྱིས་སྣོད་བཅུད་འཇིག་རྟེན་ཆགས་ལུགས་བཞིན་ལིང་ཆུ་མཁར་རི་རབ་ཚུལ་དུ་བྱས།ཕྱོགས་བཞིར་གླིང་བཞིའི་ཚུལ་དུ་སྤྲུལ་པའི་མཛད་པ་དུ་མ་བསྟན་ནས་བྱིན་གྱིས་བརླབས་པའི་རྗེ་བཙུན་ས་སྐྱ་པའི་ཆོས་སྡེ་ཆེན་པོ་བཞིས་གཙོ་བོར་བྱས་པའི་དགོན་པ་ཧ་ཅང་གི་མང་པོ་ཕྱག་བཏབ་གནང་མཛད།།༡ཤར་ཕྱོགས་སྤྲུལ་པའི་སྡེ།    (白塔寺) ༢ལྷོ་ཕྱོགས་དབང་གི་སྡེ།  (金塔寺)༣བྱང་ཕྱོགས་རྒྱ་མཚོའི་སྡེ།    (海藏寺)༤ནུབ་ཕྱོགས་པད་མའི་སྡེ།།(莲花山寺)。

དང་པོ།  ལིང་ཆུ་རྩེ་འམ་ལྦུ་བིར་གྲོང་ཁྱེར་ནས་ལེ་བར་ཉི་ཤུའི་ས་གནས་སུ་ལིའུ་ཅའ་གྲོང་བརྡལ་(刘家镇)བོད་སྐད་དུ་ཤར་སྤྲུལ་པའི་སྡེ་འམ་ཡང་མཆོད་རྟེན་དཀར་པོ་རྒྱ་སྐད་ལ་(白塔寺)ཟེར་ཞིང།དགོན་པ་འདི་ནི་སྡེ་བཞི་ནང་ནས་འཇམ་མགོན་བླ་མ་ཆེན་པོས་སྐབས་དེ་དུས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ལྟེ་གནས་ལྟ་བུ་ཞིག་ཏུ་ཆགས་འདུག   ཧོར་གོ་དན་གྱིས་ཆོས་རྗེ་ས་པཎ་སྤྱན་དྲངས།མེ་ལུག་ལོར་མཆོད་ཡོན་ཞལ་འཛོམས།དགའ་སྟོན་དང་གསུང་གླེང་སྐབས་དུ་མར་མཛད།ལན་གཅིག་པཎ་ཆེན་གྱིས་རུས་སྦལ་ལ་སྤུ་མེད་ཚུལ་གསུང་པར།རྒྱལ་པོས་པགས་པ་གསེར་མདོག་འཇའ་འོད་འཁྱུད་པ་ཅིག་བསྟན་ཏེ་རུས་སྤལ་གྱི་པགས་པ་ཡིན་ཟེར།འདི་ལ་ཡོན་ཏན་གཞན་ཅི་ཡོད་གསུངས་པས།འཇམ་ཞིང་ལེགས་པ་འདིས་ཆོག་མོད།ཁྱོད་ཀྱིས་རུས་སྦལ་ལ་སྤུ་ཡོད་པ་མ་ཚོར་འདུག་ཟེར།ཆོས་རྗེ་རང་གིས་དེའི་མགོ་ནས་བཟུང་སྟེ་སངས་རྒྱས་སྟོང་གི་སྐུ་སྤུ་རིས་སུ་ཡོད་པ་བསྟན་ཏེ་འདི་བསྐལ་པ་བཟང་པོའི་བྱང་སེམས་གང་འདུལ་གྱི་ལུས་བཟང་བ་ཡིན།རུས་སྦལ་འདྲ་བ་ཅིག་ཡོད་རུང་རུས་སྦལ་མིན་གསུངས་པས་རྒྱལ་བློན་རྣམས་སྐྱེངས་ཏེ།དེའི་རྐྱེན་གྱིས་ཉམས་སད་ཕྱིར་སྒྱུ་མ་མཁན་ལ་གཙུག་ལག་ཁང་བཀོད་པ་ཆེས་མཛེས་གདུག་བཀྲ་བ་སྤྲུལ་བཅུག  རྒྱལ་པོོས་ཆོས་རྗེ་གདན་དྲངས་ཏེ་ལྷན་དུ་ཕེབས།སྒོ་སྲུང་གི་ཁྲོ་བོ་ལ་བཀའ་བསྒོས།ཤིས་བརྗོད་མིན་འགྱུར་ལྷུན་པོ་མ་འཕྲལ་བརྩམས་ཀྱིས་ཕྱག་ནས་གཏོར།༼སྔར་གྱི་ངག་རྒྱུན་ལ་ཆོས་རྗེ་ཉིད་ཀྱིས།མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག།ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག།མཐའ་བྲལ་དོག་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག།རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག།ཞེས་པའི་ཚིགས་བཅད་འདི་གནས་འདིར་གསུང་པས། སྒྱུ་མ་མཁན་གྱིས་སྔར་བཞིན་བཤིག་མ་ནུས་པར་ལུས་པས་གསུང་སྲོལ་ཡང་འདུག༽སྟན་ལ་བཞུགས་ནས་སྒྱུ་མ་མར་བཤིག་པར་བརྩམས་ཀྱང་བཤིག་མ་ནུས།རྒྱུ་མཚན་དེ་ཉིད་ཀྱིས་ཕྱིར་གནས་འདིར་ཤར་ཕྱོགས་སྤྲུལ་པའི་སྡེ་ཞེས་བཏག 

ཐག་རིང་པོ་ནས་བོས་ཏེ་དམའ་ཅི་འབེབས་བྱེད་པ་འདི་བྱ་བ་ལེགས་པོ་མིན་གསུངས།དེ་ནས་རྒྱལ་པོ་འཇིགས་ཏེ་ཕྱག་བྱས་པ་སོགས་མང་དུ་བྱས།གཞན་ཡང་ཆོས་རྗེ་ཉིད་གནས་འདིར་བཞུགས་ཏེ།ཆོས་གསུངས་པའི་ཚེ་མི་མང་པོ་ཞིག་རི་བོ་རྩེ་ལྔ་ལ་མཆོད་པ་ལ་ཕྱིན་པས་ཐམས་ཅད་ཀྱི་རྨི་ལམ་ཏུ་ད་ལྟ་རི་བོ་རྩེ་ལྔ་ན་འཇམ་དབྱངས་མི་བཞུགས།ལིང་ཆུ་རྩེ་ཁབ་ན་ཆོས་གསུང་གིན་ཡོད་ཟེར་བ་མཐུན་པར་རྨི་སྟེ།སད་པ་ན་མི་རྣམས་ཀྱིས་ཐེ་ཚོམ་མེད་པར་ལིང་ཆུར་འོང་པས།ཆོས་རྗེ་ཉིད་བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་པ་གསུངས་པ་དང་མཇལ་ཏེ་ཆོས་ཐོབ་བོ་ཞེས་ཡོངས་སུ་གྲགས།འདི་ལྟར་ངོ་མཚར་བའི་མཛད་པ་དུ་མའི་སྒོ་ནས་རྒྱའི་ཡུལ་དུ་བསྟན་པ་དར་རྒྱས་ཕུལ་དུ་ཕྱིན་པ་མཛད།གནས་འདིར་འཇམ་མགོན་བླ་མ་ཉིད་ལོ་ངོ་ལྔ་ཙམ་བཞུགས་རིང་ཆོས་ལུགས་བྱེད་སྒོ་མང་དུ་སྤེལ།བསྟན་བཅོས་ཆེན་མོ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ཡང་གནས་འདིར་གཙོ་བོར་གསུང།དེ་ནས་༡༢༥༡ལོའི་ཟླ་བ་༡༡པའི་ཚེས་༡༤ལ་གདུལ་བྱའི་སྣང་ངོར་བདེ་བ་ཅན་དུ་གཤེགས་པས་ཚུལ་བསྟན།སྐུ་གདུང་མཆོད་རྟེན་བུམ་པ་ཡན་ཆད་༡༩༢༧ལོར་ས་ཡོམ་སྐབས་སུ་འཇིག    འགྲོ་བའི་མགོན་འཕགས་པ་རིན་པོ་ཆེའི་སྐབས་སུ་ས་སྐྱའི་དགོན་སྡེ་དང་དགེ་འདུན་སྟོང་རྩ་ཡོད་པ་ཆགས།ད་ལྟའི་ཆར་འཇམ་མགོན་བླ་མ་ཉིད་ཀྱི་སྐུ་གདུང་མཆོད་རྟེན་དང་དྲན་རྟེན་མཆོད་རྟེན་བརྒྱ་ཐམ་པ་དང་འཇམ་མགོན་སྐུ་འདྲ་སོགས་མཇལ་རྒྱུ་འདུག་ལ།ཡུལ་བསྐོར་བའི་ལྟེ་ནས་ཞིག་ལས་ཆོས་ལུགས་བྱེད་སྒོ་སྤེལ་ས་རེད་མི་འདུག 

        གཉིས་པ།     ལིང་ཆུ་རྩེ་འམ་ལྦུ་ལྦི་གྲོང་ཁྱེར་ནས་ལེ་བར་བཅུ་ཙམ་ནས་བོད་སྐད་ལ།ལྷོ་ཕྱོགས་དབང་གི་སྡེ།རྒྱ་སྐད་ལ་(金塔寺)ཟེར་ཞིང་དགོན་པ་འདི་ནི་ཅྭི་ཐ་སི་ཟེར་བའི་ཡུལ་ཤོག་དང་ཅིན་ཐ་གྲོང་ཚོར་ཡོད་ཞིང(金塔乡金塔村金塔寺)འདི་ནི་ཆོས་རྗེ་ཁུ་དབོན་གྱིས་རྒྱ་ནག་གོང་མ་ལ་ཡི་དམ་དགྱེས་པ་རྡོ་རྗེའི་དབང་བསྐུར་ས་དང།ཆོས་རྗེ་ས་པཎ་གྱིས་རྒྱ་ཡུལ་དུ་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་ཡུལ་ཡིན་པས་ན་དབང་གི་སྡེ་ཞེས་བཏགས་པའོ། འདི་ནི་ལིང་ཆུ་སྡེ་བཞིའི་ནང་ནས་ཀྱང་གལ་ཆེན་ཞིག་ཡིན། སྔོན་གྱི་འདུ་ཁང་ནང་གི་ཐུབ་དབང་ཁྱད་པར་བ་འདི་ཉིད་འབད་རྩོལ་ཅུང་ཙམ་གྱིས་རང་གྲུབ་དུ་བྱུང་ཞིང་། རབ་གནས་འཇའ་མཚོན་དང་བཅས་པ་ཡེ་ཤེས་པ་དངོས་སུ་ཞུགས་པའི་ལོ་རྒྱུས་ཡོད། བཀྲ་ཤིས་སྒོ་མང་མཆོད་རྟེན་འདིའི་ནང་དུ་ཨོ་རྒྱན་མཁའ་འགྲོའི་ཡུལ་ནས་སྤྱན་དྲངས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བྱ་སྒོང་ཙམ་དང་། སྔར་ནས་བཟུང་དུས་ཆེན་ལ་འཇའ་འོད་འཆར་ཞིང་དྲི་བཟང་འཐུལ་བ་མེ་ཏོག་གི་ཆར་བབས་པ་དང་རོལ་མོའི་སྒྲ་གྲགས་པ་སོགས་བྱུང་། སྤྱི་ལོ་༡༨༡༢པའི་དབྱར་དུས་སེར་བ་དྲག་པོ་བྱུང་དུས་མཆོད་རྟེན་གྱི་རྩེ་ནས་འཇའ་འོད་ལྟ་བུ་ཞིག་འཕྲོས་པས། དེ་མ་ཐག་ཏུ་རྡོ་ཆར་ཞི་སྟེ་རྒྱུན་ཆད་པ་དེ་རྒྱ་མི་མང་པོས་མཐོང་ནས་ངོ་མཚར་ཞིང་དད་པ་ཐོབ་ཅེས་གསུངས། ལྷ་ཁང་རྣམས་ཀྱི་རྩིག་ངོས་ལ་སངས་རྒྱས་བྱང་སེམས་སོགས་ཀྱི་ལྡེབས་བྲིས་གོ་མཚམས་མེད་པར་གཏམས། འོན་ཀྱང་དུས་འགྱུར་སྐབས་སུ་འདུ་ཁང་ཉམས་པ་དང་། མཆོད་རྟེན་བཀྲིས་སྒོ་མང་ནི་སྤྱི་ལོ་༡༩༢༧ ལོར་ས་ཡོམ་གྱིས་རྩ་མེད་དུ་སོང་།

སྤྱི་ལོ་༡༩༩༩ལོར་གངས་ལྗོངས་མཁས་པའི་དབང་པོ། ས་སྐྱ་པའི་སྙན་རྒྱུད་ཀྱི་བདག་པོ། བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པ། པཎྜི་ཏ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་རླབས་ཆེན་གྱི་སྙིང་སྟོབས་དང་། མི་ནུབ་པའི་མཛད་རྗེས་ལས་ལྦུ་ལྦི་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ལྷ་ཁང་གསར་བཞེང་གནང་རྒྱུའི་མཆོག་མཆན་ཞུས་པ་དང་། སྤྲད་རྒྱུའི་རྒྱབ་སྐྱོར་བྱུང་བ་མཁན་རིན་པོ་ཆེ་བླ་སློབ་དང་བཅས་པས་སྔར་གྱི་དགོན་ཤུལ་དུ་འདུ་ཁང་གསར་བཞེངས་མཛད།༢༠༠༡ ལོར་པཎྜིཏ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་ལྦུ་ལྦི་མི་རིགས་ཆོས་དོན་ཅུས་ཀྱི་དགོངས་པ་ལྟར་ས་སྐྱ་དགོན་ལྷ་ཁང་མཁན་ཆེན་བྱམས་པ་ཀླུ་གྲུབ་རྒྱ་མཚོ་དང།དགོན་དམངས་བདག་མཆོག་གིས་ས་སྐྱ་རྫོང་མི་དམངས་སྲིད་གཞུང་ཆོས་དོན་ཅུས་ལ་སྙན་སེང་ཞུས་པ་བརྒྱུད་ནས་དོན་འདི་ཆོས་ལུགས་དང་། ལོ་རྒྱུས་ཐོག་ལ་བྱ་གཞག་ཆེན་པོ་མཛད་པར་དགོངས་ནས།

སླར་ཡང་༢༠༠༡ ལོའི་ཟླ་བ་༨པའི་ཚེས་༡ ཉིན་དཔལ་ས་སྐྱ་ནས་ལིང་ཆུ་སྡེ་བཞིའི་བླ་བསྐོས་ལ་ཆོས་རྣམ་རྒྱལ་ལགས་དང་སློབ་མ་དཀོན་མཆོག་བློ་བརྟན་གཉིས་མངག་གཏོང་གནང། དེའི་རྗེས་ཁོང་གཉིས་ཀྱི་ངལ་བ་ཁྱད་བསད་དང་དཀའ་བ་དང་དུ་བླངས་ཏེ། ལྷོ་ཕྱོགས་དབང་གི་སྡེ་འཛུགས་བསྐྲུན་འགོ་ཚུགས་ཏེ་ཐོག་མར་ཉེ་འཁོར་གྱི་ཞིང་པ་རྣམས་ཀྱི་ལག་ནས་ས་ཞིང་ཉོས་ཏེ་ལྷ་ཁང་དང་ཕྱི་ལྕགས་རི་ནང་གྲྭ་ཤག་སོགས་དགོན་པ་རྒྱ་སྐྱེད་དང་། ཆོས་ལུགས་ཀྱི་ཐོག་ནས་མི་དམངས་ལ་སློབ་གསོ་དང་ཆོས་འཆད་ཉན་གྱི་བྱ་བ་རླབས་ཆེན་མཛད་དང་མཛད་བཞིན་པ།རྟེན་གྱི་གཙོ་བོ་རྒྱུ་གསེར་ཟངས་ལས་གྲུབ་པའི་འཇམ་མགོན་ས་པཎ་མི་ཚད་ཙམ་དང་སྡེ་དགེ་ལི་དམར་ལས་གྲུབ་པའི་གུར་མགོན་མི་ཚད་ཙམ་དང་ཡུལ་འདིའི་གྲོང་མཚོའི་དབུ་འཁྲིད་དང་ཡུལ་མི་རྣམས་ཀྱི་བླ་བསྐོས་ཆོས་རྣམ་རྒྱལ་ལགས་ལ་ཡིད་ཆེས་དང་གདིང་ཚོད་ཆེན་པོ་གནང་བའི་རྒྱུ་རྐྱེན་ལས་འཇམ་མགོན་ས་པཎ་དང་འཕགས་པ་རིན་པོ་ཆེ་གཉིས་ཀྱིས་གོ་དན་རྒྱལ་པོ་ལ་དབང་གནང་སྐབས་ཀྱི་བྱིན་གྱིས་བརླབ་པའི་དུང་དཀར་ལོ་ངོ་སྟོང་ལ་ཉེ་བ་ཧ་ཅང་ཆེན་པོ་ཞིག་འཕུལ་བ་དེ་ཡང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།།།ད་ལྟའི་ཆར་བླ་བསྐོས་ཆོས་རྣམ་རྒྱལ་ལགས་དང་བླ་བསྐོས་ཤཱཀྱ་བསྟན་འཛིན་ལགས་ཁོང་གཉིས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་ཆོས་རྗེ་ས་པཎ་དང་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་ཁོང་གཉིས་ཀྱི་མཛད་རྗེས་བླ་ན་མེད་པ་དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད་དང་མཛད་བཞིན་པ་མ་ཟད་དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ལྟེ་གནས་ཞིག་གྱུར་ཏུ་་ཡོད་པ་རེད།

གསུམ་པ།    ལིང་ཆུ་རྩེ་འམ་ལྦུ་བླི་གྲོང་ཁྱེར་ནས་ལེ་བར་ལྔ་ཙམ་ས་ནས་བྱང་ངོས་རྒྱ་མཚོའི་སྡེ་(海藏寺)ཡོད་ཅིང་།གནས་འདི་ནི་འཇམ་མགོན་ཉིད་ཀྱིས་ཕྱག་བཏབ་གནང་མཛད་པའི་ལིང་ཆུ་སྡེ་བཞིའི་ཡ་གྱལ་བྱང་ཕྱོགས་རྒྱ་མཚོའི་སྡེ་ཡིན་ཞིང་ལིང་ཆུའི་ཡིག་རྙིང་དུ་འཇམ་མགོན་ས་པཎ་གྱི་གནས་འདིར་ཆོས་འཁོར་རྒྱ་ཆེར་བསྐོར་ཅེས་བཤད།ཧོར་གོ་དན་རྒྱལ་པོ་ལ་ཀླུ་ནད་གཏོང་མཁན་གྱི་ཀླུ་བདུད་དམ་ལ་བཏགས།གོ་དན་རྒྱལ་པོ་ལ་ཀླུ་ནད་དང་ཤ་ཁྲའི་ནད་ཅུང་ཟད་བྱུང་བའི་རིམ་གྲོར་ཆབ་གཏོར་འཇམ་དཔལ་མ་མང་དུ་མཛད་པས།ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་གི་ཐོ་རེངས་མནལ་ལམ་དུ་མི་འཐིང་པོ་ལུས་ལ་རྨ་དང་ཤུ་བས་གང་བ་ཞིག་བྱུང་བ་ལ།ཁྱོད་སུ་ཡིན་དྲིས་པས།ང་ལ་དཔོན་པོ་གཅིག་ཡོད་པ་ན་རེ།ས་སྐྱ་པས་འབོད་ཅིང་འདུག་པས་ཁྱོད་སོང་ལ་ཅི་ཟེར་ཉོན།ངའི་ལུས་པོ་ན་ནས་འགྲོ་མི་ནུས་པ་འདུག་ཟེར་ནས་ཡོང་བ་ཡིན།དེ་ནས་ཆོས་རྗེ་པས།གོ་དན་གྱི་གསེར་ཡིག་པ་བཏང་ནས་ངེད་ཐག་རིང་པོ་ནས་བོས།ད་འདི་ལ་ཕན་པ་ཅིག་དགོས་པ་བྱུང་བས་ནད་འདིའི་རྒྱུ་ཅི་ཡིན།ད་ཐབས་ཅི་བྱས་ན་ཕན་ཞེས་དྲིས་པས།མི་དེ་ན་རེ།རྒྱལ་པོ་ཀླུ་ཁང་སྟེང་ལ་ཁང་པ་རྒྱབ་པ་ལ་བརྟེན་ནས་ཀླུ་རྣམས་ལ་གནོད་པ་ཚབ་ཆེན་བཟོས་པའི་རྐྱེན་གྱིས་གོ་དན་ལ་བཅོས་ཐབས་བྲལ་བའི་ཤ་ཁྲའི་ནད་རིགས་སོགས་ཚབ་ཆེན་ཕོག་པས་རྒྱལ་པོའི་དོན་དུ་འཕགས་པ་སེང་གེ་སྒྲའི་ཆོ་ག་མཛད་པས།རྒྱལ་པོ་ནད་ལས་ཐར་བས་ཤིན་ཏུ་དད་དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པ་རྒྱལ་པོས་ཆོས་མང་དུ་ཞུས་པ་མ་ཟད་རྒྱལ་པོ་ཤིན་ཏུ་ནས་མཉེས་པར་གྱུར་ནས་དེ་རིང་ཕྱིན་ཨེ་ཀ་འུན་དང་ལྷ་པ་ཚོ་བནྡེའི་གྲལ་འགོར་མ་སྡོད།ཐམས་ཅད་ཀྱི་གྲལ་མགོར་བླ་མ་ཆོས་རྗེ་པ་བཞུགས་ལ་སྨོན་ལམ་འདེབས་པའི་དུས་སུ་སྔོན་ལ་བནྡེས་སྨོན་ལམ་ཐོབ་གསུངས་པའི་ལུང་བྱུང་ནས་ཧོར་གྱི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕང་བསྟོད་དོ།།

འཇམ་མགོན་ཉིད་ཀྱིས་གནས་འདིར་བྱིན་གྱིས་བརླབས་པས་ཁྲོན་ཆུ་འམ་ཡང་ན་འཕྲུལ་གྱིས་བཞེས་པའི་གཏེར་ཆུ་དེ་ཡང་ད་ལྟ་དངོས་སུམ་དུ་མཇལ་རྒྱུ་ཡོད་པ་མ་ཟད་དགོན་དེ་ནི་ཆོས་རྗེ་ཉིད་ཀྱིས་སྐབས་དེ་དུས་གཙོ་བོ་ཉམ་ཐག་སེམས་ཅན་རྣམས་ལ་གསོ་རིག་ཀྱི་ཐོག་ནས་འགྲོ་དོན་སྐྱོང་སའི་གནས་ཁྱད་པར་ཅན་ཞིག་ཡིན་པ་རེད།མེས་པོ་གོང་མའི་ཞལ་རྒྱུན་ལ་འཇམ་མགོན་ཉིད་བྱིན་གྱིས་བརླབས་པའི་གཏེར་ཆུ་འམ་ཁྲོན་ཆུའི་ཁ་གང་བཏུང་ན་བཅོས་ཐབས་བྲལ་བའི་པགས་ནད་དང་མཛེ་ནད་ཀྱི་རིགས་ལ་ཧ་ཅང་ཕན་སྲོལ་ཡོད་པའི་ལོ་རྒྱུས་མང་པོ་གསུང་རྒྱུ་འདུག   དེ་རྗེས་སུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ལ་ཉམས་གསོ་ཅུང་ཟད་ཙམ་རྒྱབ་གནང་འདུག    གནས་འདི་ནས་ད་བར་ཡུལ་བསྐོར་བ་དང་གནས་མཇལ་བ་ཚང་མས་ཆུ་དེ་ནས་འཐུང་སྲོལ་ཡང་འདུག   སྔར་རྒྱུན་ལ་ཁྲོན་ཆུ་དེ་ལྷ་སའི་ཕོ་བྲང་པོ་ཏ་ལར་འབྲེལ་ཡོད་པའི་བཤད་སྲོལ་ཀྱང་འདུག    འདི་ལིང་ཆུའི་མི་རྣམས་ཀྱིས་འཇམ་མགོན་བླ་མ་ཉིད་ལ་མོས་གུས་དང་བརྩེ་སེམས་མཚོན་ཚུལ་ཡོད་པ་གསུང་གི་འདུག   རིག་གནས་གསར་བརྗེའི་རྗེས་སུ་ཆོས་ལུགས་ཆོག་མཆན་ཐོབ་པ་ནས་བཟུང་ད་བར་རྒྱ་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཧ་ཅང་ཆེ་གྲས་ཤིག་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་ལྟེ་གནས་ཞིག་ཏུ་ཆགས་འདུག།

བཞི་པ།  ལིང་ཆུ་རྩེ་འམ་ལྦུ་ལྦིར་གྲོང་ཁྱེར་ནས་(凉州城或武威市)ལེ་བར་བཅོ་ལྔ་ས་ནས་བོད་སྐད་ལ་ནུབ་པད་མའི་སྡེ་དང་རྒྱ་སྐད་ལ་(莲花山寺)རི་བོ་ཁྲ་ལེབ་དང་སྲུང་ཧྲུའུ་གྲོང་ཚོར་(松树乡)གནས་ཤིང་གནས་འདི་ནི་འཇམ་མགོན་ཉིད་ཀྱིས་ཕྱག་བཏབ་གནང་མཛད་པའི་ལིང་ཆུ་སྡེ་གཞི་ཡ་གྱལ་ནུབ་པདྨོ་སྡེ་ཞེས་ཟེར་ཞིང་།འཇམ་མགོན་ཉིད་ལིང་ཆུ་རྩེར་ཕེབས་པ་ནས་བཟུང་གནས་འདིར་གཙོ་བོ་དབྱར་གྱི་རིང་ལ་དབྱར་གནས་ལ་བཞུགས་སའི་གནས་ཁྱད་པར་ཅན་ཞིག་ཡིན་པ་རེད།དེ་རྗེས་འཇམ་མགོན་བླ་མ་ཉིད་ཀྱི་སྐུ་ཡི་སྲིང་མོ་བཟོད་པ་རིང་མོ་རྒྱ་ནག་སྐད་ལ་(白衣依菩萨)ཡང་ལིང་ཆུར་ཕེབས་རྗེས་གནས་འདིར་བཞུགས་གནང་འདུག།འཇམ་མགོན་ས་པཎ་གྱི་སྐུ་སྲིང།རྗེ་དེ་ཉིད་ཧོར་ཕེབས་པའི་རྗེས་སུ་བྱ་བྲལ་གྱིས་འདིར་བྱོན།ཞལ་འཛོམས་པར་ཆོས་རྗེའི་ཞལ་ནས།བཟོད་པ་རིང་མོ་བྱོན་ལགས་སམ།ས་ཁ་རྗེས་ཀྱིས་གང་ལགས་སམ།ཁྱི་རྒན་འགྲམ་པ་བཅགས་ལགས་སམ་གསུངས་པར་བཟོད་པ་རིང་མོ་ཉིད་ཀྱིས།ས་སྐྱ་པཎ་ཆེན་བྱོན་ལགས་སམ།རྡོ་རྗེ་ཕྲེང་བ་གནང་ལགས་སམ།དམ་ཉམས་ཀྱིས་ས་ཁ་གང་ལགས་སམ།དམྱལ་བའི་དཔྱང་རྡོ་བྱས་ལགས་སམ།ཞེས་ཞུས་པར་གྲགས།བཟོད་པ་རིང་མོ་རི་ཁྲོད་དུ་སྒོམ་སྒྲུབ་ཡུན་རིང་མཛད།སྦྲུལ་པའི་སྡེར་ཆོས་རྗེ་ཉིད་སྐུ་བསྙུངས་སྐབས་སྲིང་མོ་ཉིད་ཀྱིས་ཕྱོགས་དེར་ཡང་ཡང་གཟིགས།མི་མཐོང་ཚད་ལ་དྲིས།ལན་ཅིག་པཎ་ཆེན་གཤེགས་པའི་གཏམ་གསན་འཕྲལ།བོད་ཕྱི་རབས་ཉལ་ནས་འཆི།བཟོད་པ་རིང་མོ་ལངས་ནས་འཆི།ཞེས་གསུངས་ནས་སྐུ་འདས།

འདིའི་གཡོན་ངོས་སུ་ཅོང་ཆེན་པོ་ཞིག་ཡོད་པ་ས་འོག་ནས་ཐོན་པ་དང་།ལྷ་ཁང་དཀྱིལ་དུ་གདུང་རང་བྱོན་ཡོད་པར་གྲགས།སྟོང་འཁོར་མདོ་རྒྱུད་རྒྱ་མཚོས་བཏོན་པའི་སྨན་ཆུ་སྣང།ལྷ་ཁང་བརྒྱ་ཕྲག་དང་སྐུ་འདྲ་གྲངས་ལས་འདས།ལྔ་པ་ཆེན་པོས་ས་པཎ་གྱིས་མདོ་ཕྱོགས་ཀྱི་བཀའ་རྒྱ་ཆེར་བསྩལ་བའི་གནས་སུ་གསུངས།ཕྱིའི་རི་སྣར་མཆོད་རྟེན་ཆེན་པོ།འདིར་བཟོད་པ་རིང་མོ་སྐུ་འདས་པར་བཤད་ཅིང་།པཎ་ཆེན་གྱིས་དབང་གནང་སྐབས་བུམ་ཆུ་དང་རྡུལ་མཚོན་གཤེགས་ཀྱང་ཟེར།ལྷ་ཆུང་ལུང་པའི་ཆུ་འགྲམ་གྱི་ཕ་བོང་ལ་བཟོད་པ་རིང་མོའི་ཞབས་རྗེས།ཆུ་མེད་པར་ཞབས་ཀྱིས་ཕ་བོང་ལ་བསྒྱུར་བའི་ཤུལ་དུ་ཆུ་མིག་ཐོན་པའི་ངག་རྒྱུན་སྣང།ད་ལྟའི་ཆར་སྔར་གྱི་དབྱར་གནས་ཀྱི་རྗེས་དྲན་ཡང་ཅུང་གནས་འདུག་ལ་ལོ་རེའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ནས་བཅོ་ལྔར་བར་ཉིན་གསུམ་ལ་གྲོང་འཁྱེར་འདིའི་མི་མང་ཁྲི་མཚོ་མང་པོ་གནས་འདིར་རི་བསྐོར་ལ་འགྲོ་བའི་སྲོལ་རྒྱུན་ཞིག་ཆགས་འདུག   ལྷག་ཏུ་རི་བོ་ཡི་རྩེ་མོར་བཟོད་པ་རིང་མོ་ཉིད་ཀྱི་སྐུ་གདུང་འགྱིང་ངེར་མཇལ་ཐུབ་ལ།དཔལ་ས་སྐྱ་ནས་ལིང་ཆུར་བླ་བསྐོས་མངག་གནང་བའི་བླ་མ་ཆོས་རྣམ་རྒྱལ་ལགས་ནས་ལོ་མང་རིང་དཀའ་བ་སྤྱད་ནས་བཟོད་པ་རིང་མོ་ཉིད་ཀྱིས་ཞབས་རྗེས་འཚོལ་གནང་མཛད་དེ་ཁོང་གི་ཞབས་རྗེས་ད་གཟོད་གཞི་ནས་རྙེད་ཐུབ་པ་བྱུང།ད་ལྟའི་ཆར་ཞབས་རྗེས་དེ་ཡང་མངོན་སུམ་དུ་མཇལ་ཐུབ་ཀྱི་ཡོད།དེང་སྐབས་གནས་འདིར་ཆོས་ལུགས་འདྲ་མིན་གྱི་བྱེད་སྒོ་སྤེལ་བཞིན་འདུག

   ལྔ་པ།     གནས་འདིར་མཛད་རྗེས་བསམ་གྱི་མི་ཁྱབ་པ་མང་ཡང་དམིགས་བསལ་གྱི་མཛད་རྗེས་བླ་ན་མེད་པ་ལྔ་ལས།གཅིག་ནི་སོག་པོའི་ཡུལ་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པས་ནང་ཆོས་དར་ཁྱབ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཏུ་གྱུར་པ།གཉིས་ནི་ད་ལྟ་ང་མཚོའི་མཐོང་ཆོས་སུ་བསྒྱུར་བའི་བོད་མདོ་དབུས་ཁམས་གསུམ་གཅིག་བསྒྲིལ་གྱི་རྨང་གཞི་སྲ་བརྟན་གཙུག་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་སྐབས་ཡོན་གོང་མའི་དངོས་སུ་དབང་ཡོན་ལ་འཕུལ་བ།གསུམ་ནི་སོག་ཡིག་གསར་བཟོའི་འཆར་གཞི་དང་སོག་པོ་རྣམས་རྨོངས་ཡུལ་ལས་གྲོལ་བ།བཞི་ནི་ཆོས་རྗེ་ཉིད་ཧོར་ཡུལ་ལ་ཕེབས་པའི་བདག་རྐྱེན་ལ་བརྟེན་ནས་ད་ལྟ་བོད་ལ་དངོས་སུ་རང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཆ་ཚང་ལྷག་ཡོད་པ་བཅས་སོ།ལྔ་ནི་བོད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་ཕྱི་ཡི་རྒྱལ་ཁབ་དུ་མ་ཁྱབ་སྤེལ་གྱི་སྲོལ་བཏོད་པ།  དྲུག་པ།  འཇམ་མགོན་ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎ་ཆེན་མཆོག་འགྲོ་བའི་དོན་ལ་ཕེབས་སྐབས་བྱང་ཕྱོགས་སྤྲུལ་པའི་སྡེ་ཡི་ལྷ་ཁང་ལ་སོགས་པ་རྒྱ་ནག་རི་བོ་རྩེ་ལྔ་དང་དབྱེར་མ་མཆིས་པའི་གནས་མཆོག་ལིང་ཆུ་སྡེ་བཞི་གཙོ་བོར་གྲགས་པའི་ཆོས་སྡེ་ཆེན་པོ་བཞི་ལ་སོགས་པ་གསར་དུ་ཕྱག་བཏབ་པའི་མཛད་པ་དེ་ད་ལྟ་ཡང་མ་ཉམས་པར་བཞུགས་པའི་ནང་ཆོས་རྗེ་ས་པཎ་གྱི་སྐུ་གདུང་རིང་བསྲེལ་དངོས་སུ་བཞུགས།མཆོད་རྟེན་དཀར་པོ་བརྒྱ་རྩ་དང།གོ་དན་རྒྱལ་པོས་འཇམ་མགོན་ས་པཎ་ལ་ཕུལ་བའི་དུང་དཀར་དང།འཇམ་མགོན་ས་པཎ་གྱི་སྐུ་འདྲ་གསུང་བྱོན།རྒྱལ་པོ་ལ་མཛེ་ཕོག་སྐབས་འཕྲུལ་གྱིས་བཞེས་པའི་གཏེར་ཆུ།བཟོད་པ་རིང་མོའི་སྐུ་གདུང་མཆོད་རྟེན་དང་ཞབས་རྗེས་སོགས་ངོ་མཚར་ཆེ་བའི་གནས་རྟེན་ཁྱད་པར་ཅན་དང།ད་དུང་འཇམ་མགོན་བླ་མ་ཉིད་དངོས་སུ་བཞུགས་གནང་སའི་རྡོ་རྗེ་འཕགས་མོའི་སྒྲུབ་གནས་སོགས་ཧ་ཅང་མང་བས་སྐུ་ཉིད་གནས་འདིར་ཆོས་མཇལ་དུ་ཕེབས་པར་དགའ་བསུ་གྲངས་མེད་ཞུ།

བདུན་པ།ས་གནས་ཁག་གི་རླངས་འཁོར་དང་མེ་འཁོར་གནམ་གྲུ་སོགས་ཀྱི་འབབ་ཚུགས།去以下地方朝圣的汽车、火车和飞机的起点及目的地。མཚོ་སྔོན་ཡུལ་ཤུལ་ནས་—ཟི་ལིང་—》ལྦུ་ལྦི་玉树—西宁—   武威市གྲོང་ཁྱེར་པད་མ་ལྗོངས་ནས་—      ལན་ཀྲོའུ་གྲོང་ཁྱེར་  —  》ལྦུ་ལྦི།成都       —兰州    —武威市རྔ་བ་ཁུལ་ནས་    མཛོད་དགེ་     ཀན་ལྷོ་     ལན་ཀྲོའུ་གྲོང་ཁྱེར་     —》ལྦུ་ལྦི།阿坝州    若尔盖县   甘南州   兰州市  —》  武威市དེ་རྗེས་གནས་མཇལ་ལ་ཕེབས་ན།朝圣之路武威—白塔寺(武南镇)武威—金塔寺(金塔乡)武威—海藏寺   (市内)武威—莲花山寺(松树乡)以凉州城的大云寺、清应寺、罗什寺、金刚亥母洞等!བརྒྱད་པ།    མཆན་༽འདིར་ལམ་ཡིག་བསྒྲིགས་སྐབས་གནས་སྐབས་གནས་མཇལ་བ་རྣམས་ལ་སྟབས་བདེའི་ཆེད་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་གསལ་བཤད་དང་ལོ་ཚིགས་སྔར་དང་གྱི་ལྷ་ཁང་སོགས་ཡི་གེ་མང་ཀྱིས་དོགས་ནས་རེ་ཞིག་བཞག    འོན་ཀྱང་ཞིབ་པར་ཤེས་འདོད་ཚེ་མདོ་སྨད་ཆོས་འབྱུང་དང་གདུང་རབས་བང་མཛོད་ལིང་ཆུའི་དཀར་ཆག་དང་ལིང་ཆུའི་གནས་ཡིག་སོགས་ལས་གསལ་ལོ།ལྷག་ཏུ་ཁོ་བོ་ལོ་མང་རིང་འདིར་འཚོ་བ་དངོས་ཀྱི་ཉམས་མྱོང་དང་ཡུལ་ལུང་འདིའི་ངག་རྒྱུན་བཞིན་བཀོད་ཡོད་པས་དེ་དོན་ཐུགས་ལ་བཞག་རོགས་གནང་ཞེས་པ་དང།གུས་པ་རིག་གནས་ཀྱི་ཆུ་ཚད་ཧ་ཅང་གཞན་པའི་དབང་གིས་མང་དག་ཞིག་ནོར་འཁྲུལ་ཡོད་སྲིད་པས་ཐམས་ཅད་ལ་དགོངས་དག་བཟོད་གསོལ་གྲངས་མེད་ཞུ།འོན་ཀྱང་འདི་འབྲི་དགོས་དོན་ནི་དོན་གཉེར་ཅན་གྱི་མི་མང་པོ་ཞིག་ཡོད་སྲིད་པས་དེ་རྣམས་ལ་ཅུང་ཟད་ཕན་པའི་བསྐུལ་སློང་བཟང་པོའི་སྒོ་ནས་མཚམས་སྦྱར་བའོ། །      
མི་རིགས་མི་གཅིག་སུམ་བརྒྱ་དྲུག་བཅུའི་ཡུལ།།                  
བྱང་ནས་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་སུ།། 
དད་ལྡན་གདུལ་བྱ་འབུམ་ཕྲག་དུ་མ་ཞིག།
སྨིན་གྲོལ་ལམ་ལ་འགོད་མཛད་ལ་ཕྱག་འཚལ།།

སྨལ་པོ་ཟླ་བའི་ཡར་ཚེས་བཅུ་བཞི་ཡི།།
གདུལ་བྱའི་དོན་དུ་སྤྲུལ་པའི་གཙུག་ལག་ཏུ།།
མངོན་དགའི་ཞིང་དུ་གཤེགས་པའི་ཚུལ་བསྟན་ཀྱང།། 
མི་མངོན་དབྱིངས་ནས་རྟག་ཏུ་གཟིགས་གྱུར་ཅིག།
ཅེས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དག་པ་མཁའ་སྤྱོད་ཞིང་དུ་ཕེབས་པའི་དུས་དང་འཛམ་གླིང་མཁས་པའི་གཙུག་རྒྱན་ཆོས་རྗེ་འཇམ་དབྱངས་བླ་མ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་གཤེགས་ནས་ལོ་༧༦༦ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྲངས་མེད་ཞུ་བའི་མཚོན་བྱེད་དུ་ས་སྐྱ་དཀོན་མཆོག་བློ་བརྟན་དྲྭ་མིང་ལ་ས་འཁྱམ་ནས་༢༠༡༧ལོའི་ས་མཆོད་ཟླ་བ་༡༡པའི་ཚེས་༡༡ཉིན་ཡོངས་སུ་རྗོགས་པར་བྲིས་པས་དགེའོ།།།།     ཆོས་གྲོགས་མང་པོ་ཞིག་ནས་ཞུ་དག་གནང་བར་སྙིང་ནས་བཀའ་དྲིན

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*