རྩོམ་པ་པོ། ལྗང་སྨྱུག
ལྔ་ཟུང་རིག་པའི་གནས་ལ་མཁས་པའི་རྟགས་སུ་དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས་རྣམ་དག་ཇི་ལྟར་བཞུགས་ཡོད་ཚུལ།
རྟ་མཆོག་འགྲོ་བའི་ཚེ་ན་ཤེས།། གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ།། གསེར་དངུལ་བཞུ་ན་ཤེས་པར་འགྱུར།། མཁས་པ་ལེགས་བཤད་བརྩམས་ན་ཤེས། ཞེས་པ་ལྟར་མཁས་པ་རྣམ་དག་ཡིན་མིན་གྱི་མཚོན་བྱེད་གཙོ་བོ་ནི་དེས་བརྩམས་པའི་གཞུང་ལུགས་ལ་ལྟོས་ནས་དཔོག་དགོས་པས། ཆོས་རྗེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམ་དག་ལ་བརྟེན་ཏེ་ཁོང་ཉིད་བོད་ཀྱི་བཅུ་ཕྲག་རིག་པའི་སྲོལ་གཏོད་པ་པོ་དང་། ཁོང་ངེས་པ་དོན་གྱི་མཁས་པ་ཡིན་པའང་མཚོན་ནུས་སོ། །
ཁོང་གིས་མཛད་པའི་གསུང་རབ་དེ་དག་གི་རྣམ་གྲངས་མདོ་ཙམ་ཞིག་བརྗོད་ན།
སྒྲའི་ཕྱོགས་ལ།《ཤེས་རབ་འཕྲོ་བ།》《སྒྲ་ལ་འཇུག་པ།》《སྨྲ་སྒོའི་བསྡུས་དོན།》《བྱིས་པ་བདེ་འཇུག་གི་འགྲེལ་པ།》《ཡི་གེའི་སྦྱོར་བ།》《 སྒྲ་ཉེ་བར་བསྡུ་བ་རྣམས་མཛད།》ཚད་མ་ལ།《རིག་པའི་གཏེར་གྱི་རྩ་བ་དང་དེའི་རང་འགྲེལ།》སྙན་ངག་ལ། 《མཁས་པའི་ཁ་རྒྱན་བདེ་བར་བཤེགས་པའི་ཐུགས་རྗེ་ལ་བསྐུལ་བ།》《པདྨ་དཀར་པོ།》 སྡེབ་སྦྱོར་ལ།《སྡེབ་སྦྱོར་མེ་ཏོག་གི་ཆུན་པོ།》མངོན་བརྗོད་ལ།《ཚིག་གི་གཏེར།》 ཟློས་གར་ལ།《རབ་དགའི་འཇུག་པ།》《རོལ་མོའི་བསྟན་བཅོས།》རྩིས་རིག་པ་ལ།《བསྟན་རྩིས་ཆེན་མོ།》བཟོ་རིག་པ་ལ།《སྐུ་གཟུགས་ཀྱི་བསྟན་བཅོས།》《ས་བརྟག་པའི་རབ་བྱེད།》 བསོ་བ་རིག་པ་ལ། 《ཡན་ལག་བརྒྱད་པའི་དོན་བསྡུས།》ནང་རིག་པ་ལ། ཐེག་པ་ཐུན་མོང་ལ།《གྲུབ་མཐའི་རྣམ་འབྱེད།》《ཐུབ་པ་དགོངས་གསལ།》《སྡོམ་གསུམ་རབ་དབྱེ།》《སེམས་བསྐྱེད་ཆེན་མོ་ལུང་སྦྱོར་དང་བཅས་པ།》《མཁས་འཇུག》ཐེག་པ་ཐུན་མོང་མ་ཡིན་སྐོར་ལ།《འཇམ་དཔལ་གྱི་སྒྲུབ་ཐབས་གསལ་བྱེད།》《སྒྲོལ་མའི་སྒྲུབ་ཐབས།》《སམྦུ་ཊིའི་འགྲེལ་པ།》《གཟའ་ཡུམ་གྱི་མཆོད་པའི་ཆོ་ག》《ཞི་བ་འཚོ་ལས་བརྒྱུད་པའི་གཟའ་ཡུམ་གྱི་སྒྲུབ་ཐབས་སོགས་དང་།》བསྟོད་པའི་བསྐོར་ལ།《སངས་རྒྱས་ཀྱི་བསྟོད་པ།》《ཐུབ་པའི་བསྟོད་པ།》《སྤྱན་རས་གཟིགས་ཀྱི་བསྟོད་པ་གཉིས།》《འཇམ་དབྱངས་ཀྱི་ཕྱག་མཚན་རི་མོ་བསྟོད་པ།》《བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་ཆེན་ལ་བསྟོད་པ།》《འཇམ་དབྱངས་ཀྱི་བསྟོད་པའི་རྣམ་བཤད་རྣམས་མཛད།》ལེགས་བཤད་ཀྱི་སྐོར་ལ།《ལེགས་བཤད་ཉི་མའི་སྙིང་པོ།》《ལེགས་བཤད་འཕྲུལ་གྱི་དྲ་བ།》《ལེགས་བཤད་རིན་ཆེན་ཆེན་གཏེར།》
གཞན་ཡང་ཆོས་ཉམས་སུ་བླང་བའི་རིམ་པ་དང་། བློ་གསལ་བའི་སྐྱེས་བུ་རྣམས་ལ་ཇི་ལྟར་དྲི་བའི་ཚིགས་བཅད་ཀྱི་སྐོར་དང་། འཕྲིན་ཡིག་དང་ཞུས་ལན་གྱི་སྐོར། སྐྱེས་བུ་དམ་པ་རྣམས་ལ་སྤྲིངས་ཡིག་གི་སྐོར་སོགས་ཚིག་ཉུང་ལ་དོན་རྒྱ་ཆེན་པོ་སྟོན་པ་དང་། བླུན་པོས་བལྟས་ན་གོ་སླ་ཞིང་། མཁས་པས་གཟིགས་ན་ཚིག་དོན་གྱིས་ཡིད་དབང་འཕྲོག་པའི་དྲི་མ་མེད་པའི་བསྟན་བཅོས་རྣམ་དག་མང་དུ་བཞུགས་ཡོད་དོ།།
བསྟན་བཅོས་སྡོམ་གསུམ་རབ་དབྱེ་མཛད་པས་བོད་ཀྱི་ཆོས་ལོག་རྣམས་སུན་དབྱུང་སྟེ་རྒྱལ་བའི་བཀའ་བསྡུ་བཞི་པ་རུ་གྲགས་ཚུལ།
གཞུང་དེ་ཉིད་ལས། འཁོར་དང་ཟང་ཟིང་སྒྲུབ་པའི་ཕྱིར།། བདག་གིས་སེམས་ཅན་བསྡུས་པ་མིན།། ཞེས་དང་། བདག་ནི་སེམས་ཅན་ཀུན་ལ་བྱམས།། གང་ཟག་ཀུན་ལ་བདག་མི་སྨོད།། ཅེས་གསུངས་ལྟར་འཁོར་གདུལ་བྱ་དང་ནོར་ཟང་ཟིང་སྒྲུབ་པའི་ཆེད་དུ་བསྟན་བཅོས་རིན་པོ་ཆེ་འདི་བརྩམས་པ་མ་ཡིན་པར། འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ནི་རྒྱལ་བའི་བསྟན་པ་ཡང་དག་པ་སྒྲུབ་པ་ལས་འབྱུང་ལ།
དེ་ཡང་ལམ་ནོར་བ་དང་ཡང་དག་མ་ཡིན་པ་སྒྲུབ་པས་མི་འབྱུང་བའི་ཕྱིར་ན། ཆོས་ལོག་ཏུ་སྒྲུབ་པ་རྣམས་བཀག་སྟེ། དམ་ཆོས་རྣམ་དག་གི་ལྟ་སྤྱོད་མ་འཁྲུལ་བ་བཤད་པའི་ཕྱིར་ན་འདི་བརྩམས་སོ། ། སྤྱིར་འཕགས་ཡུལ་དུ་རྒྱལ་བའི་བཀའ་ལ་བསྡུ་བ་རྣམ་པ་གསུམ་བྱུང་ལ། དེ་ཚོའི་བྱུང་ཚུལ་ཤིན་ཏུ་མང་བས་སྐབས་དོན་སྒྲིབ་པར་དོགས་ནས་འདིར་འགོད་པའི་ངལ་བར་མི་བྱ་ལ། བོད་ཡུལ་འདི་ལ་ཆོས་ལོག་སྔ་མ་རྣམས་ཀ་མ་ལ་ཤཱི་ལ་དང་རིན་ཆེན་བཟང་པོ་སོགས་ཀྱིས་སུན་ཕྱུང་ལ། གཞུང་ལས། ཕྱི་ནས་ཕག་མོའི་བྱིན་རླབས་དང་།། སེམས་བསྐྱེད་རྨི་ལམ་མ་ལ་སོགས།། ཡི་དམ་སྒོམ་པ་དཀྲོང་བསྐྱེད་དང་།། དཀར་པོ་ཆིག་ཐུབ་ལ་སོགས་པ།། སངས་རྒྱས་བསྟན་དང་འགལ་བའི་ཕྱིར།། ཆོས་ལོག་དུ་མ་དེང་སང་འཕེལ།། ཞེས་གསུང་པ་ལྟར། ཆོས་ལོག་དཀར་པོ་ཆིག་ཐུབ་སོགས་སུན་ཕྱུང་སྟེ། དམ་ཆོས་རིན་པོ་ཆེ་མཁའ་ལ་ཉི་མ་ཤར་བ་ལྟར་མཛད་ནས། རྒྱལ་བའི་བཀའ་བསྡུ་བཞི་པ་ཞེས་ཀུན་ལ་གྲགས་སོ། །
རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱར་བྱེད་པའི་རིག་གཏེར་རྩ་འགྲེལ་མཛད་རྗེས་བོད་ཆོས་རྒྱ་ལ་བསྒྱུར་བའི་ས་སྐྱ་ལ་ཐོག་མར་བྱུང་ཚུལ།
སྤྱིར་ཆོས་རྗེ་ས་པཎ་གྱི་གོང་དུ་རྣམ་ངེས་སོགས་ཀྱི་འཆད་རྒྱུན་ཙམ་ཞིག་ཡོད་ནའང་། རྣམ་འགྲེལ་གྱི་འཕྲིན་ལས་དེ་ཙམ་མ་དར་བའི་སྐབས། ཁོང་གིས་རྣམ་འགྲེལ་བོད་བསྒྱུར་མཛད་རྗེས་ཚད་མ་སྡེ་བདུན་བོད་ཡུལ་གྱི་གྲུབ་མཐའ་ཁག་ལ་འཆད་ཉན་བརྟན་པོར་བཙུགས་ཤིང་རྩེ་མོ་རྒྱས་པར་མཛད་པ་རེད། སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་འགྲེལ་བའི་བསྟན་བཅོས་རིག་པའི་གཏེར་གྱི་རྩ་འགྲེལ་ནི། གངས་ཅན་པའི་ཚད་མ་སྔ་རབས་པ་ལས་འཆད་ཚུལ་ཕུལ་དུ་བྱུང་ཞིང་ལེགས་ཆ་མང་བར་ཁ་ཆེ་པཎ་ཆེན་འཁོར་གཡོག་བཅས་ཀྱིས་མཐོང་རྗེས་ངལ་བ་ལ་མ་འཛེམས་པར་རྒྱ་གར་གྱི་ཡིག་ཐོག་ཏུ་ཕབ་མཛད། རིག་གཏེར་འཆད་ཉན་བོད་ཡུལ་ནས་བརྒལ་ཏེ་འཕགས་ཡུལ་དུའང་རབ་ཏུ་རྒྱས་སོ།། རྗེ་ཁོང་གིས་ཞལ་ནས་ཀྱང་།རྒྱ་ཆོས་བོད་ལ་བསྒྱུར་བ་མང་ནའང་།།བོད་ཆོས་རྒྱ་ལ་བསྒྱུར་བ་ཁོ་བོ་ཙམ།། ཞེས་གསུང་པ་འདི་དོན་ལ་གནས་སོ།།
རྩོད་པའི་རྡོ་རྗེ་ཡིས་ལྟ་ངན་གྱི་བྲག་རི་བཤིག་པས་ཕྱི་རོལ་མུ་སྟེགས་བྱེད་དང་རྩོད་ཕོད་པའི་བོད་ཀྱི་པཎྜི་ཏ་ཐོག་མ་ཡིན་ཚུལ།
ཚད་མ་རིག་གཏེར་ཁ་ཆེ་པཎ་ཆེན་འཁོར་བཅས་ཀྱིས་རྒྱ་གར་གྱི་ཡིག་ཐོག་ཏུ་བསྒྱུར་ཟིན་རྗེས། རིག་གཏེར་གྱི་འཕྲིན་ལས་འཕགས་ཡུལ་དུ་རབ་ཏུ་རྒྱས་པ་དང་དེའི་མཆོད་བརྗོད་སོགས་ཕྱི་རོལ་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་སོགས་ཀྱིས་མཐོང་བས། བོད་གདོང་དམར་ཅན་གྱི་ཡུལ་དུའང་འདི་འདྲ་བའི་ཤེས་རབ་གྱི་བདག་ཉིད་ཅན་སྐྱེས་བུ་ཞིག་བཞུགས་ཡོད་པ་རྟོགས་ནས། གལ་སྲིད་འདི་རྩད་ནས་མ་བཅད་ན་མུ་སྟེགས་པའི་བསྟན་པ་ལ་གནོད་འོང་སྙམ་པའི་ཕྲག་དོག་དང་རྩོད་འདོད་ཀྱི་བློ་སྐྱེས་ནས།མུ་སྟེགས་སྟོན་པ་སྡེ་དྲུག་སོགས་འཕགས་ཡུལ་ནས་ཐོན་ཏེ་བོད་མང་ཡུལ་སྐྱིད་གྲོང་དུ་འབྱོར་བ་ན། ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་འཁོར་འུ་ཡུག་པ་སོགས་ཕྱག་ཕྱིར་ཁྲིད་ནས་དེར་ཕེབས་རྗེས། བསྟན་པ་དཔང་དུ་བཞག་ཅིང་ཉིན་བཅུ་གསུམ་ལ་བརྩད་པས་མཁས་གྲུབ་གཉིས་ཀྱིས་སྒོ་ནས་འཕྲོག་བྱེད་རལ་བ་ཅན་ཕམ་པར་མཛད་དེ་རལ་བའི་ཐོར་ཚུགས་བྲེགས་ནས་དཔལ་ས་སྐྱའི་ཀ་རྒྱན་དུ་བྱས་སོ།།
སླར་ཡང་ཤཱཀྱའི་རྒྱལ་པོ་བསྟན་པ་ལ་རྨ་འབྱིན་པ་གང་དག་བྱུང་ན་དེ་བཞིན་དུ་འདུལ་བར་བྱ་དགོངས་ཏེ། རྒྱ་མཚོའི་གོས་ཅན་སོགས་སེང་གེའི་ང་རོ་བསྒྲགས་སོ།། སྤྱིར་རྗེ་ཁོང་གི་སྔོན་དུ་བོད་ཡུལ་གྱི་མཁས་པ་རྣམས་ཕན་ཚུན་རྩོད་པའི་བགྲོ་གླེང་བྱེད་པའི་སྲོལ་ཡོད་ནའང་། ཕྱི་རོལ་བ་དང་རྩོད་ཐུབ་པའི་མཁས་པ་བྱོན་མ་མྱོང་བས། ཆོས་རྗེ་འདི་ཉིད་མུ་སྟེགས་བྱེད་དང་རྩོད་ཕོད་པའི་བོད་ཀྱི་པཎྜི་ཏ་ཐོག་མ་ཡིན་ནོ།།
བོད་ཡུལ་གྱི་ལོ་ཙཱ་བ་ཞིག་སྒྲ་རིག་པ་ལ་བླ་ལྷག་ཏུ་མཁས་པའི་དན་རྟགས་སུ་འཕགས་ཡུལ་གྱི་པཎྜི་ཏ་ལ་མ་ལྟོས་པར་རྒྱ་ཆོས་བོད་ལ་བསྒྱུར་བ་སོགས་སྨོས་པ། ཆོས་རྗེ་འདི་ཉིད་ཀྱི་སྔོན་དུ་བོད་ཀྱི་ལོ་ཙཱ་བ་མང་པོ་ཡོད་ལ་དེ་རྣམས་ཀྱིས་རྒྱ་ཆོས་བོད་ལ་བསྒྱུར་སྐབས་ངེས་པར་དུ་འཕགས་ཡུལ་གྱི་པཎྜིཏ་ཞིག་ལ་ལྟོས་ནས་དེ་དང་ལྷན་དུ་བསྒྱུར་བ་ལས་རང་སྟོབས་ཀྱི་བསྒྱུར་ཐུབ་པ་གཅིག་ཀྱང་མེད་ལ། རྗེ་འདི་ཉིད་ཀྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་མདུན་ནས་ལེགས་སྦྱར་གྱི་སྐད་ཐོག་རྐྱང་རྐྱང་ནས་རྣམ་འགྲེལ་སོགས་གསན་ནས་སྒྲ་ཇི་བཞིན་དུ་གོ་བ་པཎ་ཆེན་སོགས་ཀྱིས་མཐོང་རྗེས། པཎྜིཏ་ཞེས་མཚན་གྱི་མེ་ཏོག་མངོན་པར་མཆོད་དོ།། ཆོས་རྗེ་ཉིད་ཀྱིས་ཞལ་ནས་ཀྱང་། རྒྱ་ཀློག་དང་བོད་ཀློག་མ་བསླབས་པར་སྔ་མོ་ནས་ཤེས་ཀྱང་དེ་གཉིས་གང་སྔོན་དུ་ཤེས་པར་མི་དྲན་ནོ།། ཞེས་གསུངས་པ་ལྟ་བུ་དང་། དེ་བཞིན་དུ། མུ་སྟེགས་འཕྲོག་བྱེད་དགའ་བོ་དང་ཉིན་བཅུ་གསུམ་ལ་རྩོད་པ་མཛད་སྐབས་ལེགས་སྦྱར་གྱི་སྐད་ཐོག་རྐྱང་པ་ནས་རྩོད་པ་མཛད་པས། དམ་པ་འདི་ཉིད་སྒྲ་རིག་པ་ལ་བླ་ལྷག་ཏུ་མཁས་པའང་དཔོག་ནུས་སོ།།
ལྷ་ཆོས་དང་མི་ཆོས་གཉིས་ཀ་གཏན་ལ་འབེབས་པའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་མཛད་པས་བོད་ཡུལ་གྱི་ལེགས་བཤད་ཐོག་མར་བྱུང་ཚུལ།
གཞུང་དེ་ཉིད་ལས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ།། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར།། ཞེས་གསུང་པ་ལྟར་དམ་པ་ལྷ་ཆོས་སྒྲུབ་མཁན་ཞིག་ལ་མཚོན་ནས་བཤད་ན་ཆོས་ཡང་དག་པ་ཞིག་སྒྲུབ་ཚུལ་དང་། འཇིག་རྟེན་མི་ཆོས་ལྟ་བུའི་ཆ་ནས་བཤད་ན་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ཇི་ལྟར་སྒྲུབ་ཚུལ་དང་། དམག་དོན་དང་ཆབ་སྲིད་ཇི་ལྟར་སྐྱོང་ཚུལ་སོགས་དེ་ཚོའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱ་ཚུལ་རྒྱས་པར་བཀོད་ཡོད་དོ།། དེང་སང་རང་ཡུལ་གྱི་ན་གཞོན་མང་པོས་ཕྱི་གླིང་གི་ལེགས་བཤད་རེ་བསྒྱུར་ནས། འདི་ཚོ་ལས་ལྷག་པ་ཞིག་རང་ཡུལ་ལ་དེ་སྔོན་གསུང་མཁན་མེད་འདོད་པ་ནི། “རྒྱ་མཚོ་སྔུན་དུ་བཞག་ནས།། ཀོ་གྱོང་མཆིལ་མས་རློན་པ་བྱེད།།”པ་ལྟ་བུའོ།། མཁས་བླུན་སུས་ཀྱང་གོ་སླ་ཞིང་དོན་ཟབ་པའི་བསྟན་བཅོས་འདི་ཉིད།བོད་ཡུལ་ཀྱི་ལེགས་བཤད་ཐོག་མ་ཡིན་ནོ།།
ཧོར་དམག་བྱེ་རླུང་གིས་བོད་ཡུལ་བསྣུབས་ལ་ཉེ་སྐབས་ཞི་བའི་འཐབ་རྩོད་པ་འཇམ་མགོན་ས་པཎ་སོག་ཡུལ་དུ་ཕེབས་ཚུལ།
དེ་ཡང་དུས་རབས་བཅུ་གསུམ་ཙམ་ལ།བྱང་ཕྱོགས་ཧོར་གྱི་ཇིང་གིར་རྒྱལ་པོས་(1162-1227 )དྲག་པོའི་རྟ་དམག་གིས་ཨེ་ཤ་ཡ་དཀྱིལ་མ་དང་ནུབ་མ། ཨོ་གླིང་གི་ཤར་རྒྱུད་བཅས་ཡུལ་ཁམས་རྒྱ་ཆེན་པོ་དབང་དུ་བསྡུས། སྲས་རྣམས་ཡུལ་སོ་སོའི་ཡུལ་དཔོན་དང་དམག་སྤྱིར་རུ་བསྐོས་ཏེ། དེའི་རྗེས་ཧོར་ཇིང་གིར་གྱི་ཚ་བོ་གོ་དན་རྒྱལ་པོས་ཧོར་དམག་བོད་དུ་དྲངས། དམག་དཔོན་དོར་རྟ་ནག་པོས་བོད་མི་མདའ་རྩེད་དང་མདུང་རྩེད་དུ་བྱེད་བཞིན་དབུས་གཙང་དུ་འབྱོར། དེའི་དུས་གངས་ཅན་པའི་ཡུལ་འདི་བོད་སིལ་བོར་འཐོར་བ་དང་། འབངས་མི་གྱེན་ལངས་བྱས་ནས་ལོ་ངོ་བཞི་བརྒྱ་ཙམ་ལ་སླེབས་ཤིང་ཤིན་ཏུ་ཉམ་ཐག་པའི་སྐབས་ཅིག་ཡིན་པས་ངོ་ལན་གྱི་དམག་འཐབ་སོགས་བྱེད་ཐབས་བྲལ་སྐབས། དེའི་སྐབས་བོད་ཡུལ་གྱི་བཤད་རྒྱུན་ལ་“དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ། ངོ་སྲུང་ནི་ཆོས་རྗེ་སྟག་ལུང་པ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜིཏ་མཁས་”ཞེས་དོར་རྟ་ནག་པོ་སོགས་ཀྱིས་ཐོས་རྗེས། སྤྱི་ལོ་(1244 )ལོ་ཆོས་རྗེ་ས་པཎ་དགུང་གྲངས་རེ་གསུམ་ལ་ཕེབས་སྐབས་ཧོར་ཡུལ་དུ་གདན་འདྲེན་ཞུས་པ་ལྟར་གངས་ཅན་པའི་བསྟན་སྲིད་གཉིས་ཀྱི་དོན་དུ་སྐུ་སྲོག་གི་ཉེན་ཁར་མ་འཛེམས་པར་བྱང་ཕྱོགས་ཧོར་ཡུལ་དུ་ཕེབས་ནས། བྱམས་སྙིང་རྗེའི་མེ་ཏོག་ཐོགས་ནས་ཧོར་གྱི་དམག་དཔུང་ཞི་བའི་སྒོ་ནས་བཟློགས་ཏེ་སོག་ཡུལ་དུ་དམ་ཆོས་ཀྱི་ཉི་མ་ཤར་བར་མཛད།
གདུལ་བྱ་ཐུན་མོང་གི་སྣང་ངོར་ངོ་མཚར་བའི་མཛད་རྣམ་བསྟན་ཚུལ་རགས་རིམ་ཙམ་ཞིག་སྨོས་པ།
ཡང་ཆོས་རྗེ་ཉིད་དང་ཧོར་གོ་དན་གཉིས་འབེལ་བའི་བཀའ་མཆིད་མང་དུ་བྱུང་བའི་འཕྲོས་ཤིག་ལ།མདོ་སྡེ་གསེར་འོད་དམ་པ་ལས། རུས་སྦལ་ལ་སྤུ་མི་འབྱུང་བ་གསུངས་ཚུལ་བསྙད་པས། དེ་སུན་དབྱུང་བའི་ཕྱིར་རྒྱལ་པོས།པགས་པ་གསེར་མདོག་ཅན་སྤུ་རིང་པོ་འཇའ་ཚོན་གྱི་རི་མོ་ཡོད་པ་ཞིག་ཕུལ་བས། ཆོས་རྗེས་འདི་ནི་རུས་སྦལ་པགས་པ་ག་ལ་ཡིན་ཏེ། ཆུ་ལ་གནས་པའི་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། རུས་སྦལ་དང་འདྲ་ཡང་རུས་སྦལ་མིན་ནོ།། དེའི་རྒྱུ་མཚན་སྟོན་ཤེས་པ་ཞིག་གིས་བསྟན་ནས་ལྟ་ཤེས་པ་ཞིག་གིས་བལྟས་ན་པགས་པ་འདིའི་ངོས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྙན་ཡོད་གསུངས་ནས་བསྟན་པས་དེར་ཡོད་ཀྱི་སྐྱེས་བུ་ཀུན་ངོ་མཚར་སྐྱེས་སོ།། རྒྱལ་བོ་ཅུང་ངོ་ཚ་སྟེ་ལན་ཞིག་བྱ་སྙམ་ནས། སྒྱུ་མ་མཁན་ལ་གཙུག་ལག་ཁང་ཞིག་སྤྲུལ་དུ་བཅུག་ནས་ཆོས་རྗེ་ལ་ཕུལ་བས། ཁོང་གིས་མི་འགྱུར་ལྷུན་པོ་མ་དེ་ཉིད་དུ་མཛད་ཤིང་རབ་གནས་དང་ཤེས་བརྗོད་མཛད་རྗེས་སྒྱུ་མ་བཤིག་མ་ཐུབ་པས་དུས་ད་ལྟ་ཡང་ལང་ཇུར་སྤྲུལ་པའི་སྡེ་ཞེས་པ་མངོན་སུམ་དུ་མཇལ་དུ་ཡོད་དོ།།
ཞེས་པ་འདི་ནང་ཆེན་བསམ་གཏན་སེང་གེའམ་ཡུལ་ཤུལ་ལྗང་སྨྱུག་གིས་དཔྱད་གཞིའི་ལོ་རྒྱུས་དང་རྣམ་ཐར་མང་པོར་བལྟས་རྗེས་དམ་པ་འདི་ཉིད་ཀྱི་རྗེས་དྲན་གྱི་ཚུལ་དུ་སློབ་དཔོན་བསོད་ནམས་བརྩེ་མོའི་འདས་མཆོད་ཀྱི་ཉིན་རྫོགས་པར་བྲིས་སོ།། །།
Leave a Reply