༼ཚད་མེད་ཡོན་ཏན་ནམ་བདེན་ཚིག་སྨོན་ལམ་གྱི་ཚིག་འགྲེལ།༽
རྩོམ་པ་པོ། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང། །
ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །
དུས་གསུམ་བདེ་གཤེགས་སྲས་དང་སློབ་མ་བཅས། །
བདག་གི་བདེན་པའི་སྨྲེ་ངག་འདི་དགོངས་ཤིག །
ཚད་མེད་ཅེས་པའི་གོ་དོན་ནི་རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སེམས་ཅན་རྣམས་ལ་བརྩེ་བའམ་སྙིང་རྗེའི་རྣམ་པར་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་དེ། ཚད་མེད་ཀྱི་མཚན་ཉིད་ཡིན། དེ་ཡང་མདོ་ལས། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞི་ཡོད། ཚད་མེད་བཞི་པོ་དེ་རྒྱུའི་ཁྱད་པར་དང་ལྡན་ཏེ། རྒྱུའི་རྐྱེན་ཐེག་ཆེན་དུ་རིགས་སད་པ། བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་པ། དེ་མ་ཐག་རྐྱེན་རང་གི་རིགས་འདྲ་སྔ་མ་ལས་བྱུང་བ། དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་པ་རྣམས་དང་ལྡན་པའི་ཕྱིར། བཞི་པོ་དེ་ལ་ཚད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་ཚད་མེད་པ་ལ་དམིགས་པར་བྱེད་པ་དང༌། ཆོས་ཚད་མེད་པ་ཐོས་པའི་རྒྱུ་བྱེད་པ་དང༌། ཚོགས་ཚད་མེད་པ་རྫོགས་པར་བྱེད་པ་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། བཞི་པོ་དེ་ལ་ཚངས་པའི་གནས་པ་ཞེས་ཀྱང་བྱ་བ་ཡིན་ཏེ། དེ་དག་བསྒོམས་པ་ལ་བརྟེན་ནས་ཚངས་གནས་སུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གྲངས་ངེས། སྐབས་འདིར་བསྟན་པའི་ཚད་མེད་པ་དེ་ལ་བཞི་པོ་དེར་གྲངས་ངེས་པ་ཡིན་ཏེ། དེའི་མི་མཐུན་ཕྱོགས་ལ་གནོད་སེམས། གནོད་འཚེ། གཞན་བདེ་བ་ལ་མི་དགའ་བ། ཉེ་རིང་དུ་འཛིན་པ་དང་བཞིར་ངེས་ཤིང་བཞི་པོ་དེའི་གཉེན་པོར་ཚད་མེད་དེ་རྣམས་བཞག་པའི་ཕྱིར། བྱེད་ལས། ཚད་མེད་པ་བཞི་པོ་དེ་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེེ། དང་པོ་དེས་གཞན་བདེ་བ་ལ་སྦྱོར་བར་བྱེད། གཉིས་པ་དེས་སྡུག་བསྔལ་དང་བྲལ་བར་བྱེད། གསུམ་པ་དེས་སྲིད་པའི་རྒུད་པ་ལས་སྐྱོབ་པར་བྱེད། བཞི་པ་དེས་ཞི་བའི་རྒུད་པ་ལས་སྐྱོབ་པར་བྱེད་པའི་ཕྱིར། ས་མཚམས་ནི། ཚད་མེད་པ་བཞི། སྙིང་རྗེ་ཆེན་པོ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཚད་མེད་བཞི་པོ་དེ་འབྲས་བུ་ཁྱད་པར་ཅན་དང་ལྡན་ཏེ། དེ་རྣམས་བསྒོམས་པ་ལ་བརྟེན་ནས་ཚངས་གནས་ལ་སོགས་པ་རང་འདོད་པའི་གནས་སུ་སྐྱེ་བར་འབྱུང་བས་གནས་སྐབས་ཀྱི་འབྲས་བུ་ཁྱད་པར་ཅན་དང་ལྡན་ཅིང༌། རྣམ་པ་ཐམས་ཅན་མཁྱེན་པ་ཉིད་ཐོབ་པར་འགྱུར་བས་མཐར་ཐུག་གི་འབྲས་བུ་ཁྱད་པར་ཅན་དང་ཡང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡང་རྣམ་སྣང་མངོན་བྱང་གི་རྒྱུད་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་མཐར་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཚད་མེད་བཞི་པོ་གང་གི་གཉེན་པོར་སྒོམ་པ་ཡང་ཡོད་དེ། རིམ་པ་བཞིན་དུ་གནོད་སེམས། རྣམ་འཚེ། མི་དགའ་བ། འདོད་ཆགས་ཏེ་བཞི་ཡི་གཉེན་པོར་བྱམས་སོགས་ཚད་མེད་བཞི་བསྒོམས་པར་གསུངས་པའི་ཕྱིར། དེ་བཞིན་དུ། ཕྱོགས་བཅུའི་མུན་སེལ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ལྡན་པ་རྣམས་དེ་དང་མི་འབྲལ་བར་འདོད་པའི་དགའ་བ། ཆགས་སྡང་ཅན་རྣམས་ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་ནས་སེམས་སྙོམས་པ་ལ་གནས་པར་འདོད་པའི་བཏང་སྙོམས་ཏེ། དམིགས་པ་དང་མཚན་མ་མེད་པའི་ཐུགས་རྗེའི་ངང་ཉིད་ནས་བྱུང་བས་ཚད་མེད་པ་བཞི་ནི། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་པ་ལྟར་རོ། །ཞེས་གསུངས། དེའི་ཕྱིར་བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཅས་བསྒོམ་པའི་འབྲས་བུ་བཞི་ནི་ཚེ་འདིར་ལུས་བདེ་སེམས་སྐྱིད་ཀྱི་གནས་ཐུབ་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པས་རྐྱེན་ཚེ་རིང་བ་དང༌། ནད་མེད་པ། ལོངས་སྤྱོད་ཆེ་བ་སོགས་ལྡན་ཞིག ཡེ་ཤེས་ཀྱི་ཚོགས་བསགས་པས་རྐྱེན་གྱི་ཏིང་ངེ་འཛིན་སྒོམ་པ་དང་། སྟོང་ཉིད་ཀྱི་ལྟ་བ་རྟོགས་པ་ལྟ་བུ་སྟེ་རྫོགས་བྱང་ལ་རང་ཉིད་ཀྱི་སེམས་སམ་བསམ་པ་བརྟན་པོ་གནས་ཐུབ་པ་དང་། གཞན་དོན་སེམས་ཅན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་ཉམས་སུ་ལེན་པའི་ཚད་མེད་ཀྱི་ཡོན་ཏན་ཏེ་རྒྱ་མཚོའི་ལྟ་བུ་ཡངས་ཞིང་རྒྱ་ཆེ་བ་དཔལ་ཕུན་སུམ་ཚོགས་པ་དང་བཅས་ཐུགས་ལ་མངའ་ཞིང་། སེམས་ཅན་ཉམ་ཆུང་བའམ་སྡུག་བསྔལ་གྱིས་ཡོངས་སུ་བཅིངས་པའི་འགྲོ་བ་གང་ལ་དམིགས་ཀྱང་མས་བུ་ལ་བརྩེ་བ་གནང་བ་ལྟར་སེམས་ཅན་ཡོད་དོ་ཅོག་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་གཅིག་མཚུངས་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་འདོད་པའི་གཅིག་མཚུངས་དང་། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱ་བའི་དེ་དོན་ཐུགས་ལ་དགོངས་པའི་འཕགས་མཆོག་མགོན་པོ་སྤྱན་རས་གཟིགས་དང་། དུས་འདས་པ་དང་མ་འོངས་ད་ལྟ་གསུམ་ལ་བདེ་བར་གཤེགས་པའི་ཡང་དག་པའི་སྟོན་པ་སངས་རྒྱས་རྣམ་གཟིགས་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང་། སྟོན་པ་བཀའ་དྲིན་ཅན་ཤཱཀྱ་ཐུབ་པ་སོགས་རྒྱལ་བ་སྲས་དང་བཅས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་རྗེས་འབྲངས་ཀྱི་སློབ་མ་བཅས་ལ་བདག་གི( ༧ གོང་ས་༧ སྐྱབས་མགོན་ཆེན་པོ། ) བདེན་པའི་ཚིག་གི་སྨྲེ་ངག་འདིར་གོང་སྨྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་ལ་དགོངས་པར་གྱིས་ཤིག
སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །
འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱས། །
དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །
ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། །
སྲིད་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་ཞིང་ས་ལ་འདོད་པའི་འགྲོ་བ་རྣམས་དང་། ཞི་བ་མྱང་འདས་ཀྱི་ཐར་པའི་གོ་འཕང་འཐོབ་འདོད་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་གདུང་བ་སེལ་བར་བྱེད་པ་ལ་ཡོངས་སུ་རྫོགས་པའི་ཐུབ་པའི་ལུང་རྟོགས་གཉིས་ཀྱི་བསྟན་པ་འདི་ལ་ཐོས་བསམ་གྱིས་སྒོ་རུ་འཇུག་པ་དང་། ཉམས་ལེན་གྱིས་ཉིན་ལྟར་མཐར་འཁྱོལ་དགོས་པ་ཧ་ཅང་གལ་ཆེ། དུས་འདིར་འཛམ་གླིང་ཁྱོན་ཡངས་སུ་སེམས་ཅན་ལ་ཕན་བདེའི་དཔལ་དུ་རྒྱས་ཕྱིར་ལེགས་ཉེས་བླང་དོར་སྟོན་པའི་བླ་ཆེན་རྣམ་པ་དང་དྲི་མེད་ལམ་བཟང་འབྱེད་མཁན་གྱི་མཁས་དབང་རྣམས་དང་། གསང་སྔགས་གྲུབ་པའི་དབང་ཕྱུག་པའི་སྐྱེས་བུ་དམ་པ་རྣམས། དེ་བཞིན་དུ་གསུངས་རབ་ཀྱི་ཡི་གེ་འབྲི་བ་དང་། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། ཆོས་ཉན་པ། འཛིན་པ། ཀློག་པ། འཆད་པ། ཁ་ཏོན་དུ་བྱེད་པ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་བཅས་ཆོས་སྤྱོད་རྣམ་པ་བཅུའི་སྒོ་ནས་བྱ་བ་ལ་དོན་དུ་གཉེར་ནས་ཆོས་ཆོས་སུ་འགྲོ་བར་འབད་པར་གནང་སྟེ་དམ་ཆོས་འཕེལ་བར་མཛོད།
མི་བཟད་ལས་ངན་དྲག་པོས་ཡོངས་ནོན་པས། །
བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ། །
བཟོད་དཀའ་ནད་མཚོན་མུ་གེའི་འཇིགས་པ་ཀུན། །
ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུང་མཛོད། །
སྔོན་ཚེ་སྡིག་པ་སྟོབས་ཆེན་བསགས་ནས་མི་བཟད་པའམ་བཟོད་དཀའ་བའི་སྡུག་བསྔལ་ལས་ངན་མི་དགེ་བཅུ་པོ་སོ་སོ་རང་གིས་བྱས་ཤིང་བསགས་པ་དང་། གཞན་ལ་ཡང་འཇུག་དུ་བཅུག་པ། སེམས་ཅན་གཞན་གྱིས་ལས་ངན་པའི་སྡིག་པ་མ་བསགས་པར་བྱས་པ་ལ་རང་ཉིད་ཀྱིས་རྗེས་སུ་ཡི་རངས་བ་ལ་སོགས་པ་བྱེད་པས་མིའི་ལུས་རྟེན་བཟང་པོ་འདི་ཉིད་ཚི་འདིར་དོན་མེད་སྟོང་ཟད་དུ་འགྲོ་བའི་རྒྱུ་བསགས་པ་དང་། དེའི་ལས་སྦྱོར་ལ་འབྲས་བུ་ཆུད་མི་ཟ་བའི་འདིས་ཡོངས་སུ་ནོན་པའི་སྡུག་བསྔལ་རྒྱུན་བར་ཆད་མེད་པར་དེ་སྲིད་དུ་སྡུག་བསྔལ་( དུཿཁས)མནར་བའི་གནས་ལས་ཐར་དཀའ་བའི་ཉམ་ཐག་པའི་འགྲོ་བ་རྣམས་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཅས་ཀྱིས་རང་རྒྱུད་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག ཁོང་ཁྲོ། ང་རྒྱལ། ཕྲག་དོག་བཅས་ཤུགས་ཆེ་བ་དང་། ལས་འབྲས་ལ་ཡིད་ཆེས་བློ་ཐུབ་མེད་པ་དང་། དཀོན་མཆོག་གསུམ་ཡོད་མེད་ལ་ཐེ་ཚོམ་སྐྱེ་བ། སྐྱེ་བའམ་ཚེ་སྔ་ཕྱི་སོགས་མེད་པར་འཛིན་པ་དང་། འཇིག་རྟེན་འདིའི་ཐོག་ནད་ཡམས། དམག་འཁྲུག ལོ་ཉེས། རྡུལ་ཕྲན་མཚོན་གྱི་འཐབ་རྩོད་བཅས་རྒྱུན་མི་ཆད་པ་དང་། བསམ་བློ་དང་སྤྱོད་པ་སོགས་ཉམས་རྒུད་དུ་སོང་བའི་དུས་འདིར། འཛམ་གླིང་འདིར་འཆི་རྐྱེན་ཤིན་ཏུ་མང་ཞིང་། འབྱུང་བཞི་འཁྲུག་པའི་རྐྱེན་གྱིས་ས་གཡོ་རྒྱག་པ་དང་ཆུ་ལོག་གིས་གང་སར་བརྒྱུགས་ནས་གྲོང་སྡེ་བསྣུབས་པ། མེ་ཡིས་འཇིགས་པ་སོགས་ཀྱིས་མི་དང་ཁོར་གཡུག་བཅས་པ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། སྙིགས་མ་ལྔ་དར་བའི་དུས་འདིར་གཞན་ལས་རང་གཅེས་པར་འཛིན་པས་བསམ་བློའི་འདོད་པའི་ཆོག་མི་ཤེས་པར་འགྱུར་བའི་རྐྱེན་གྱིས་འཛམ་གླིང་འདིར་དབུལ་ཕྱུག་གི་ཁྱད་པར་ཆེ་བའི་དབུལ་ཕོང་ཇེ་མང་དུ་འགྲོ་བཞིན་པ་དང་། མིའི་དགོས་མཁོ་ཟས་གོས་ལ་སོགས་པའི་དབུལ་བའི་འགྲོ་བ་རྣམས་མུ་གེའི་རྐྱེན་ངན་དེ་དག་མི་རང་ཉིད་ཀྱིས་བཟོས་པ་ཞིག་ལས་གཞན་སུ་ཡང་མེད། དེའི་ཕྱིར་སྙིགས་མ་ལྔ་བདོའི་དུས་འདིར་འཕགས་མཆོག་མགོན་པོ་སྤྱན་རས་གཟིགས་ཀྱིས་འཇིགས་པ་ཀུན་ཞི་ནས་བདེ་སྐྱིད་དང་། དགའ་སྤྲོ་སྣང་བ་རྒྱ་མཚོར་བཞིན་དབུགས་དབྱུང་བར་མཛོད།
ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །
ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །
ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །
མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད། །
ཚེ་སྔོན་ལས་ཀྱིས་སྨོན་ལམ་བཟང་པོས་མཐུ་ལས་འཇིག་རྟེན་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ཀྱི་དྲུང་དུ་དམ་བཅའ་བའི་གདུལ་ཞིང་ཁྱད་པར་ཅན་གངས་རིས་ཕྲེང་བའི་ཡོངས་སུ་བསྐོར་བའི་ལྗོངས་འདིར་ལུང་རྟོགས་གཉིས་ཀྱི་བསྟན་པ་རིན་པོ་ཆེའི་མདོ་སྔགས་ཟུང་འབྲེལ་གྱི་དམ་ཆོས་ལྡན་པའི་ཁ་བ་གངས་ཅན་པའི་ཞིང་འདིར་གནས་པའི་སྐྱེ་འགྲོ་རྣམས་ལ་ཤར་རྒྱ་ནག་ཙི་ནས་ཕྱོགས་ནས་ཀླ་ཀློའི་དྲག་དཔུང་དམག་གིས་ཉམ་ཆུང་གངས་ཅན་པའི་བོད་མི་རྣམས་ལ་སྙིང་རྗེའམ་བརྩེ་བ་སྤུ་ཙམ་ཡང་མེད་པའི་ཐོག་ཏུ་བསམ་སྦྱོར་ངན་པ་ཀུན་ནས་སློང་སྟེ་གནོད་སེམས་ཀྱིས་ངན་དགུས་དྲག་རྩུབ་ཀྱིས་བོད་མི་མགོ་ནག་ཡོངས་ལ་སྡུག་བསྔལ་བཅིངས་གྲོལ་སྲིད་བྱུས་ལས་ལྡོག་ཏེ་བོད་ཀྱི་མི་རྒྱུ་ཟོག་གསུམ་གྱི་སྣོད་བཅུད་ཡོངས་རྫོགས་བཅོམ་པ་དང་། ཁྲག་གི་རྒྱ་མཚོ་འཁྱིལ་བ་དང་མཆི་མའི་རྒྱུན་མི་ཆད་པར་མནར་གཅོད་ཀྱི་སྡུག་བསྔལ་དམྱལ་བ་མི་ཡུལ་མྱོང་བ་ལྟ་བུའི་བྱུང་བ་འདིར་དེ་དག་མྱུར་བ་ཉིད་དུ་ཆོད་པའི་སྙིང་རྗེ་ཆེན་པོ་དང་བརྩེ་བའི་བདག་ཉིད་འཕགས་མཆོག་མགོན་པོ་སྤྱན་རས་གཟིགས་ཐུགས་རྗེའི་མཐུ་དཔུང་གིས་ནམ་ཡང་མི་འབྲལ་བར་སེམས་ཅན་མགོན་མེད་རྣམས་ལ་བསྐྱེད་པར་མཛད།
ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །
རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །
མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །
ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། །
སྔོན་ལས་རང་རྒྱུད་ལ་ཉོན་མོངས་དུག་གསུམ་གྱིས་རབ་ཏུ་མ་ཞི་བར་ཉོན་མོངས་ཀྱི་དབང་གིས་གཞན་དབང་དུ་གྱུར་ནས་གཟུགས་མེད་ལྷ་འདྲེ་མི་མ་ཡིན་པའམ་མི་མིན་གདོན་གྱིས་སྨྱོས་པའི་སྡུག་རྩུབ་བརླང་སྤྱོད་ཀྱིས་རང་སེམས་གཞན་དབང་དུ་གྱུར་པས། རང་མེད་གཞན་ཕུང་གི་རྒྱུ་བགྱིད་པས་དུས་གསུམ་ལ་བསགས་པའི་སེམས་ཅན་ལས་ངན་རྣམས་ལ་འཕགས་མཆོག་འཇིག་རྟེན་མགོན་པོས་སྙིང་རྗེའི་ཡུལ་དུ་འཛིན་ནས་དུས་ངན་འདིར་བསམ་བློ་གཙང་མ་མེད་པ་དང་སྤྱོད་པ་ཧ་ཅང་རྩུབ་པ་མ་འདུལ་བའི་མི་བསྲུན་གྱི་སྐྱེ་བོའི་ཚོགས་རྣམས་ལ་ཐབས་ཤེས་ཟུང་འབྲེལ་གྱིས་ལེགས་ཉེས་བླང་དོར་འབྱེད་པའི་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་སུམ་གཟིགས་པའི་རྟོགས་པའི་ཡེ་ཤེས་ཀྱི་བློ་མིག་གིས་འགྲོ་བ་ཡོངས་ལ་གནས་སྐབས་སུ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་མཐར་ཐུག་མངོན་དགའི་ཞིང་མཆོག་ཏུ་སྐྱེ་བ་ཡོངས་སུ་ཐོབ་ཐབས་ལ་བྱམས་པ་དང་། སྙིང་རྗེའི་བརྩེ་བས་ཀུན་ནས་སློང་སྟེ་སེམས་ཅན་སོ་སོའི་ལས་དང་སྨོན་ལམ་གྱི་ལས་དབང་གང་ཡོད་པ་དེ་དག་ཅི་བསམ་པ་ཐམས་ཅད་ཡོངས་སུ་འགྲུབ་ཐུབ་པའི་དཔལ་ལ་ལོངས་སུ་སྤྱོད་པའི་སྦྱོར་བ་བཞིའི་དམ་པ་བསྟེན་ཞིང་ཆོས་མཉན་བསམ་སྒྲུབ་པ་ལས་ཐོབ་པར་ཤོག
རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །
འཕགས་མཆོག་སྤྱན་རས་ཀྱིས་དུས་ཡུན་རིང་ཙམ་ལ་སྙིང་དུ་དྲན་པའམ་བརྣག་པའི་སྤྱི་པའི་དོན་རྣམས་རང་ཉིད་ཀྱི་འདོད་པའི་གནས་དོན་ནི་རང་ཅག་ཁ་བ་གངས་ཅན་པའི་སྐྱ་སེར་ཡོངས་རྫོགས་སམ། བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདིར་རང་རང་སོ་སོའི་འདོད་པའི་དོན་ཐམས་ཅད་རང་ཡུལ་རང་ཉིད་ལ་དབང་བའི་ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་བོད་མིའི་བདེ་སྡུག་ཚང་མ་རང་དབང་གཙང་མའི་དཔལ་ལ་ལོངས་སྤྱོད་པའི་ཐོག་ཏུ་ལོ་རྒྱུས་རང་བཞིན་ལྡན་པའི་འབད་རྩོལ་མེད་པར་རང་བཞིན་ལྷུན་གྱིས་འགྲུབ་པའི་ཆོས་སྲིད་ཟུང་འབྲེལ་གྱི་དགའ་སྟོན་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་བཟང་གི་ཉིན་མོ་མྱུར་དུ་འཆར་བའི་ཆེད་དུ་འཕགས་མཆོག་སྤྱན་རས་མཆོག་གིས་མྱུར་བ་མྱུར་དུ་སྩོལ་ཏུ་གསོལ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
སངས་རྒྱས་ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་གྱི་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་དམ་པ་ཚོ་དང་དེང་འདིར་སྐུ་འཚོ་བཞུགས་པའི་ས་དགེ་བཀའ་རྙིང་སོགས་ཀྱི་སྐྱེས་ཆེན་དམ་པ་ཆོས་འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་ནས་ཕན་བདེ་མ་ལུས་པ་སྟེར་བ་དང་། དེ་འདྲ་བའི་ཆོས་དང་ཁྱད་པར་དུ་བོད་ཀྱི་ཆབ་འབངས་མི་སེར་གྱི་བདེ་སྡུག་གི་ཆེད་སྲིད་པ་འཁོར་བའི་ཡང་དག་པའི་ཁྲིམས་ལུགས་བཅས་ལ་རང་དབང་ལོངས་སུ་སྤྱོད་པའི་གོ་སྐབས་མེད་སྟབས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སླད། དལ་འབྱོར་གཅེས་པའི་ལུས་དང་སྲོག་དེ་བཞིན་ཁྱིམ་ཚང་དང་། མི་རྒྱུ་ཟོག་གསུམ་ལ་ལོངས་སྤྱོད་དང་བཅས་པར་ཡོངས་སུ་རྫོགས་པར་གློད་བཏང་སྟེ། རྩ་དོན་ཆེད་དུ་དཀའ་བ་བརྒྱ་ཕྲག་དུ་མ་སྒྲུབ་པའི་བོད་མིའི་འདས་གསོན་གཉིས་ཀྱི་སྐྱེ་བོ་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་མཆོག་གམ་གྲུ་འཛིན་གཉིས་པའི་བདག་པོ་མགོན་པོ་སྤྱན་རས་གཟིགས་དེ་ཉིད་ཀྱིས་ཐུགས་རྗེས་ནམ་ཡང་འབྲལ་བར་མེད་པར་སྐྱོང་བར་མཛོད།
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །
འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །
ད་གོང་དུ་མང་དུ་བཤད་ཟིན་ཅིང་། མདོར་ཧྲིལ་གཅིག་བསྡུས་ན་འགྲོ་བ་རིགས་དྲུག་གི་གནས་སྐབས་དང་མཐར་ཐུག་གི་མགོན་པོ་དམ་པ་འཕགས་མཆོག་སྤྱན་གཟིགས་ཀྱིས་མཐུ་དང་ནུས་པའི་དབང་གིས་སངས་རྒྱས་དང་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་ཁ་བ་གངས་ཅན་པའི་དག་པའི་ཞིང་ས་འདིར་སྔོན་གྱིས་སྨོན་ལམ་བཟང་པོས་མཐའ་འཁོབ་འདུལ་དཀའི་སེམས་ཅན་དེ་དག་ཀུན། །བདག་གིས་ཐར་པའི་ལམ་དུ་འདུལ་གྱུར་ཅིག །ཅེས་བདེན་ཚིག་སྨོན་ལམ་དང་ཞལ་བཞེས་པའི་ལས་འབྲེལ་བཟང་པོའི་དབང་གིས་གངས་ཅན་པའི་བདེན་སྡུག་གི་འབྲས་བཟང་སྙིགས་མ་ལྔ་བདོའི་དེང་འདིར་མ་ཐོགས་ད་ལྟ་མྱུར་དུ་འཆར་བར་མཛད་དུ་གསོལ།
སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །
མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །
ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི །
བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག །
སྣང་བ་ཐབས་དང་སྟོང་པ་ཤེས་རབ་ཀྱི་ཟུང་དུ་འཇུག་པའི་ཆོས་ཐམས་ཅད་ཡུལ་རང་ངོས་ནས་བདེན་པར་གྲུབ་བའི་ཆ་གཏན་ནས་མེད་པས་སྟོང་པའི་ཆོས་ཉིད་ཀྱི་ཟབ་མོའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྐྱབས་གནས་ཡང་དག་པ་སྒྲིབ་གཉིས་ཀྱི་མུན་པ་སངས་ཤིང༌། མཁྱེན་གཉིས་ཀྱི་སྣང་བ་རྒྱས་པའི་སྒྲིབ་བྲལ་མཁྱེན་བརྩེའི་བདག་ཉིད་ཅན་སངས་རྒྱས་དཀོན་མཆོག་དང་། བསམ་མེད་གཉིས་མེད་རྟོག་མེད་པ། ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། ། གང་ཞིག་གང་གིས་ཆགས་བྲལ་བ། ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པར་ལྟར། ཡོན་ཏན་བརྒྱད་དང་ལྡན་པ་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ནི་ཆོས་དཀོན་མཆོག ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་རིག་པའི་ཡོན་ཏན། རིག་པའི་ཡོན་ཏན། ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། ཐོགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དམན་སྒྲིབ་ལས་གྲོལ་བའི་ཡོན་ཏན། གྲོལ་བའི་ཡོན་ཏན་བཅས་བརྒྱད་བཅས་ལ་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་དགེ་འདུན་དཀོན་མཆོག་བཅས་ཀྱིས་ཐུགས་སྙིང་རྗེས་ཆེན་པོས་བྱིན་མཐུ་དང་དྲང་སྲོང་བདེན་པའི་ཚིག་གི་སྟོབས་ཀྱིས་ལས་འབྲས་བསླུ་བ་མེད་པའི་བདེན་པའི་བྱིན་མཐུས་ཀྱིས་ཁ་བ་གངས་ཅན་པའི་གནས་སྐབས་ཀྱི་དཀའ་ངལ་དང་མཐར་ཐུག་གི་བདེན་དོན་མྱུར་དུ་སེལ་བའི་ཕྱིར་དུ་བདག་ཅག་གིས་བདེན་པའི་སྨོན་ལམ་བཏབ་པས་གེགས་དང་བར་ཆད་མེད་པར་གངས་ཅན་པའི་རེ་དོན་མྱུར་བ་དུ་འགྲུབ་པར་ཤོག
(བདེན་པའི་སྨོན་ལམ་གྱི་ཚིག་དོན་འབྲེལ་མའི་འགྲེལ་པ་འདི་རྒྱང་རིང་ཁ་བ་གངས་ཅན་པའི་ཡུལ་ནས་གྲོགས་པོའམ་ཆོས་གྲོགས་སངས་རྒྱས་མགོན་པོ་མཆོག་གིས་དགོས་ཚུལ་དང་འབྲེལ་ཁོ་བོས་སྔ་དྲོའི་ཁ་འདོན་རྗེས་སུ་འཕྲལ་དུ་བྲིས་ཁུལ་ཡིན་པས་ནོར་བ་ཡོད་ཚེ་ཆོས་གྲོགས་ཚོས་དགོངས་པའི་དབྱིབས་སུ་ཡོ་བསྲངས་གནང་བར་མཛད། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་རྒྱང་རིང་འཕགས་ལྗོངས་གནས་མཆོག་ཛ་ལན་དྷ་རའི་ཡུལ་ནས་གུས་ཕུལ། )
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།