ལྷམ་གྱི་ཐོག་ཏུ་བོད་ཡིག་འབྲི་རུང་ངམ།


ལྷམ་གྱི་ཐོག་ཏུ་བོད་ཡིག་འབྲི་རུང་ངམ།

མཁན་པོ་གཞན་ཕན་སྙིང་པོ།

བོད་ཡིག་བཀོལ་སྤྱོད་བྱེད་སྟངས་ཀྱི་ཐད་ལ། འགའ་རེས་ལྷམ་དང་རྐང་ཤུབ་སོགས་དངོས་པོ་དམན་པ་རྣམས་ཀྱི་ངོས་ལ་བོད་ཡིག་འབྲི་མི་རུང་བའི་བསམ་ཚུལ་སྟོན་པ་ལ། ཁ་ཅིག་གིས་དེ་ལྟར་བྱས་ན་བོད་ཡིག་བེད་སྤྱོད་རྒྱ་ཁྱབ་ཆུང་དུ་འགྲོ་བར་བསམས་ཏེ་དགག་པ་རྒྱབ་པ་དང་། སྐབས་ཞིག་སྤྱི་གཉེར་ཁང་ཞིག་གིས་འདྲུད་ལྷམ་གྱི་ངོས་ལ་མ་ཎི་དང་། སྟོན་པའི་སྐུ་གཟུགས་ཀྱི་རི་མོ་ཡོད་པའི་ལྷམ་ཞིག་ཚོང་འགྲེམས་བྱས་པ་ལ་བོད་མི་མང་པོས་སངས་རྒྱས་ཆོས་ལུགས་ལ་མཐོང་ཆུང་དང་། བོད་ཀྱི་རིག་གནས་ལ་བརྙས་བཅོས་བྱས་པའི་ངོས་འཛིན་བྱས་ནས་ངོ་རྒོལ་སྣ་ཚོགས་བཟོས་པ་དང་། འགའ་ཞིག་གིས་ཞྭ་ཡི་སྟེང་དུ་བོད་ཡིག་བཀོལ་རུང་ལ་ལྷམ་གྱི་སྟེང་དུ་བོད་ཡིག་བཀོལ་མི་རུང་བར་སྨྲ་བ་ནི་ཆོས་ལུགས་པའི་རྨོངས་དད་ཡིན་པ་དང་། ཕྱོགས་ལྷུང་གི་སྐད་ཆ་དང་། བོད་ཡིག་གི་རང་དབང་ལ་རྩི་འཇོག་མ་བྱས་པ་དང་། མི་རིགས་ཞིག་གི་རིག་གནས་ལ་བཀག་རྡོར་བྱས་པའི་ངོས་འཛིན་བྱས་ནས་བོད་ཡིག་འཕེལ་རྒྱས་འགྲོ་དགོས་ན་འདི་ན་བཀོལ་རུང་དང་འདི་ན་མི་རུང་ཞེས་པའི་དབྱེ་མཚམས་མེད་པ་ཞིག་ངེས་པར་དུ་དགོས་པའི་བསམ་ཚུལ་རྩིང་པོ་འགའ་ཤས་སྟོན་འདུག་པ་བཅས་མཐོང་བས་རྐྱེན་བྱས་ནས་གནད་དོན་འདི་ངོ་སྤྲོད་མདོར་བསྡུས་ཞིག་བྱེད་འདོད་བྱུང་སོང་།

གཅིག་དོགས་གཞི་འདིའི་རྒྱུ་རྐྱེན་སྐོར།
ལྷམ་སོགས་དངོས་པོ་དམན་པ་རྣམས་ཀྱི་ངོས་སུ་བོད་ཡིག་འབྲི་རུང་མིན་གྱི་དོགས་པ་ནི་མདོ་ལས། ལྔ་རྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་བྱོན། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་དང་། སྐྱབས་འགྲོའི་ཆོས་དཀོན་མཆོག་གི་བསླབ་བྱའི་སྐབས་སུ་ཆོས་ཀྱི་ནང་དོན་སྟོན་པའི་ཡི་གེ་འབྲུ་རེ་ཡན་ཆད་ལ་གུས་པ་བྱེད་དགོས་པ་དང་། ཡུལ་མི་གཙང་བ་དང་དམན་སར་འཇོག་མི་རུང་བ་དང་། གལ་ཏེ་ཡུལ་དེ་དག་ཏུ་མཐོང་ན་གཙང་སར་འཇོག་དགོས་པར་གསུངས་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བརྟེན་ནང་ཆོས་ཀྱི་ལྟ་བ་རྒྱུད་ལྡན་གྱི་མི་ཞིག་ལ་དོགས་པ་འདི་འབྱུང་རྒྱུ་ཤས་ཆེ་ན་ཡང་། ཆོས་ལུགས་མེད་པའི་མི་ཞིག་ཡིན་རུང་། མི་རིགས་གཞན་གྱི་ཡུལ་སྲོལ་རིག་གནས་ཆོས་ལུགས་དད་པ་སོགས་ལ་བརྩི་འཇོག་བཟོ་བའི་འོས་འགན་ཡོད་པས། དོན་འདི་ལ་འཇུག་ལྡོག་ཇི་ལྟར་བྱ་ཚུལ་ཤེས་དགོས་ངེས་ཡིན།

གཉིས་མདོ་དང་སྐྱབས་འགྲོའི་བསླབ་བྱའི་སྐབས་ཀྱི་གོ་དོན།
གོང་དུ་དྲང་པའི་མདོ་དང་། སོར་མདོ་ལས། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་གཏན་དགེ་འདུན་ཚོགས་དབུས་བསྟོད། །སོགས་སངས་རྒྱས་ཉིད་ཀྱི་གསུང་རབ་ལ་སངས་རྒྱས་དང་མཚུངས་པའི་དད་གུས་དགོས་པ་དང་། རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་ཟིན་པའི་དུས་ཀྱི་རྒྱལ་ཚབ་དངོས་ཡིན་པ་ལྟ་བུར་གསུངས་པའི་དོན་ནི་ནང་དོན་ལ་མ་ལྟོས་པར་ཡིག་འབྲུ་རྐྱང་པའི་སྟེང་ནས་གོ་བ་གཏན་ནས་ལེན་མི་རུང་། འོ་ན་ཇི་ལྟར་ཞེ་ན་ནང་དོན་དང་ཡི་གེའི་བྱེད་ལས་ཀྱི་ཆ་ནས་གཙོ་བོར་གོ་དགོས་པ་སྟེ། དཔེར་ན་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ལྟ་བུ་ལ་མཚོན་ན། སྡིག་པ་མི་དགེ་བ་བཅུ་བྱེད་མི་རུང་བ་དང་། །དགེ་བ་བཅུ་ཕུན་སུམ་ཚོགས་པ་བསྒྲུབ། །རང་སེམས་ཆོས་ཀྱིས་འདུལ་དགོས་པའི་བསླབ་བྱ་འདི་ལ། ད་ལྟ་སངས་རྒྱས་དངོས་ཀྱི་ཞལ་ནས་གསུང་ཤིང་རང་གི་རྣ་བས་མངོན་སུམ་དུ་ཐོས་པ་ལྟ་བུའི་རྩིས་མཐོང་བྱེད་དགོས་ཤིང་། དེ་བཞིན་དུ་སངས་རྒྱས་ཀྱི་བཀའ་དང་། ཆོས་ཀྱི་ནང་དོན་སྟོན་པའི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་ལ་དེ་དང་དེ་ལྟ་བུའི་དད་གུས་དང་རྩིས་མཐོང་བྱས་ནས་རང་ཉིད་ཀྱི་བླང་དོར་ཀུན་རྒྱལ་བའི་བཀའ་དང་མི་འགལ་བ་ཞིག་བྱེད་ཐུབ་ན། སངས་རྒྱས་ལ་གུས་པ་བྱས་པ་དང་ཁྱད་མེད་པ་དང་། གསུང་རབ་དག་གིས་ཀྱང་སངས་རྒྱས་ཀྱི་མཛད་པ་དངོས་དེ་བསྒྲུབ་ཐུབ་བཞིན་ཡོད་པའི་སྟབས་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་དང་། སྐྱབས་འགྲོའི་བསླབ་བྱའི་སྐབས་སུ་དད་གུས་དགོས་པའི་ཚུལ་དེ་གསུང་པ་ཡིན། དེའི་ཤུགས་ལ་འགྲེང་འཆག་ཉལ་འདུག་ལྟ་བུའི་བརྗོད་བྱ་སྤྱིར་བཏང་བ་སྟོན་པའི་ཡིག་ཚོགས་དང་། ནང་དོན་ཕྱིན་ཅི་ལོག་པར་སྟོན་པའི་ཡི་གེ་རྣམས་ལ་ནི་སངས་རྒྱས་དངོས་ཀྱི་རྒྱལ་ཚབ་དང་། ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་དགོས་དོན་གང་ཡང་མེད། དོན་འདི་དང་འབྲེལ་བའི་སྒྲུང་ཐུང་ཞིག་ཞུ་ན། སྐབས་ཞིག་ཁོ་བོ་གཞུང་གཉེར་སློབ་གྲྭའི་ཞིབ་འཇུག་སློབ་མ་ཞིག་དང་མཉམ་དུ་སྤང་ཐོག་ཏུ་ཕྱིན་པ་ཡིན། །ཁོང་གིས་དཔེ་དེབ་གཉིས་ལག་ཏུ་འཁུར་འདུག །སྤང་ཐོག་ཏུ་སླེབ་རྗེས་གཅིག་ང་ལ་སྤྲད་དེ་ས་རློན་ཐོག་ཡུན་རིང་བསྡད་ན་ནད་བསླང་གི་རེད། འདིའི་ཐོག་ཏུ་བཞུགས་ཞེས་དཔེ་དེབ་དེ་སྤྲོད་བྱུང་། ངས་མི་དགོས་ང་རང་གཞན་ཞིག་གི་ཐོག་སྡོད་ཆོག་ཅེས་ལབ་པར། དེ་འཕྲལ་ཁོ་རང་དཔེ་དེབ་དེའི་ཐོག་ཏུ་བསྡད་སོང་། ངས་དཔེ་ཆ་དེ་ཆོས་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་ན་དེ་ལྟར་སྡོད་རུང་གི་མ་རེད་ཅེས་བཤད་པར་ཁོས་སྐྱོན་མ་རེད་འདི་རྒྱ་ཡིག་རེད་ཅེས་བཤད་བྱུང་། དོན་འདིས་ཅི་ཞིག་མཚོན་བཞིན་ཡོད་ཅེ་ན་ཁོའི་སེམས་ནང་གི་བོད་ཡིག་ཞིག་ཡིན་ཚེ། ཡུལ་དམན་པ་དང་མི་གཙང་བ་ལྟ་བུར་གཏན་ནས་འཇོག་མི་རུང་བ་དང་། ཡིག་རིགས་གཞན་དག་ཞིག་ཡིན་ཚེ་གང་བྱས་ཀྱང་སྐྱོན་མེད་པའི་ནོར་འཁྲུལ་གྱི་བསམ་པ་དེ་མཚོན་བཞིན་འདུག །འདི་བཞིན་བྱས་ན་མི་རིག་གཞན་པའི་རིག་གནས་ལ་ཁྱད་གསོད་བྱེད་པའི་མ་རབས་ཀྱི་སྤྱོད་པ་དང་། ཆོས་ཀྱི་ནང་དོན་སྟོན་པའི་ཡིག་རིགས་གཞན་དག་ལ་མཐོང་ཆུང་བྱས་པས་རྒྱལ་བའི་བཀའ་ལ་ཁྱད་བསད་དང་། ཆོས་དཀོན་མཆོག་གི་བསླབ་བྱ་ལས་ཉམས་ཤིང་། ཡུལ་དམན་པ་ལ་བོད་ཡིག་བཀོལ་སྤྱོད་མི་རུང་ན་དེའི་ཚབ་ཏུ་ཡིག་རིགས་གཞན་དག་ཞིག་བཀོལ་སྤྱོད་མ་གཏོང་རང་གཏོང་དུ་འགྱུར་བས་བོད་ཡིག་གི་འཕྲིན་ལས་ཀྱི་བཀག་རྡོར་ཡང་གྱུར་པ་མ་ཡིན་ནམ།

གསུམ་པ་བླང་དོར་དངོས་ཇི་ལྟར་བྱ་བའི་ཚུལ།
དེར་བརྟེན་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། །སོགས་དང་། བླ་མ་ལ་སྐྱབས་སུ་འཆིའོ། སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཆོས་ལ་སྐྱབས་སུ་འཆིའོ། །དགེ་འདུན་ལ་སྐྱབས་སུ་འཆིའོ་ལ་སོགས་པའི་ཆོས་དང་འབྲེལ་བའི་ཡིག་ཚོགས་ཞིག་ཡིན་ཚེ་རྒྱ་བོད་དབྱིན་གསུམ་སོགས་ཡིག་རིགས་གང་ཞིག་ཡིན་རུང་ལྷམ་དང་གདན་དང་རྐང་ཤུབ་ལ་སོགས་པའི་དངོས་པོ་དམན་པ་རྣམས་ལ་འབྲི་མི་རུང་ལ་གལ་ཏེ་བྲིས་ན་རྒྱལ་བའི་བཀའ་ལ་ཁྱད་གསོད་དང་། ཆོས་དཀོན་མཆོག་གི་བསླབ་བྱ་ལས་ཀྱང་ཉམས་པར་འགྱུར་བས་དགག་བྱ་ཆེ་ཞིང་། དེ་ལྟར་འབྲི་བ་ལ་དགོས་པ་ཡང་གཏན་ནས་མེད། ལྷམ་དང་། རྐང་ཤུབ། གྲུམ་གདན་ལ་སོགས་པ་དངོས་པོ་རང་རང་གི་མིང་ཚིག་སྟོན་པའི་ཡི་གེ་རྣམས་ནི་ཡིག་རིགས་གང་གི་སྟེང་ནས་དངོས་པོ་མཆོག་དམན་གང་ལ་བྲིས་ཀྱང་ཆོས་དང་འགལ་བའི་ཉེས་པ་ཅི་གང་མེད་པས་དོན་འདི་ནི་དེ་དང་དེ་ལྟ་བུའི་སྟེང་ནས་ཤན་འབྱེད་དགོས། དེར་བརྟེན་བོད་ཡིག་ནི་རྐང་གི་ལྷམ། མགོ་ཡི་ཞྭ། གདན་གྱི་འོག །ཐ་ན་འཕང་ཕྱིས་ཀྱི་ཤོག་བུ་ཡན་ཆད་ལ་བཀོལ་སྤྱོད་བྱས་ན་ཆོས་དང་འགལ་བ་ཅུང་ཟད་ཀྱང་མེད་པ་མ་ཟད། བོད་ཡིག་གི་འཕྲིན་ལས་ལ་བསམ་ན་ངེས་པར་དུ་བཀོལ་སྤྱོད་བྱ་དགོས་པ་ཞིག་ཀྱང་ཡིན། །འོན་ཀྱང་ཆོས་ཀྱི་ནང་དོན་སྟོན་པའི་ཡི་གེ་ལ་དམིགས་བསལ་བྱེད་ཤེས་དགོས་པ་ནི་ཆོས་ལུགས་པ་རྐྱང་པའི་འོས་འགན་ཞིག་གཏན་ནས་མིན་ནོ། །
ཞེས་རྫོང་སར་ཁམས་བྱེའི་སློབ་གླིང་དུ་གཞན་ཕན་སྙིང་པོའམ་བསམ་འགྲུབ་ཀྱིས་བྲིས་པར་བླང་དོར་ཤེས་པའི་རྒྱུར་གྱུར་ཅིག །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*