རྟགས་འཇུག་དགོངས་འགྲེལ་རབ་གསལ་སྣང་བ།

༄༅། །པད་དཀར་ལྟར་བསྔགས་རྣམ་འདྲེན་ཤཱཀྱའི་ཏོག །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །གངས་ཅན་འགྲོ་བའི་མིག་གཅིག་སམྦྷོ་ཊ། །འཇམ་མགོན་རྒྱལ་བ་གཉིས་པ་རྣམས་ལ་འདུད། །

འདིར་བརྡ་སྤྲོད་པའི་བསྟན་བཅོས་རྟགས་ཀྱི་འཇུག་པའི་དོན་མདོར་བསྡུས་ཏེ་འཆད་པ་ལ། །རྟགས་ཀྱི་འཇུག་པ་ཞེས་པ་ནི། །ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་འཇུག་ཚུལ་རྒྱས་པར་སྟོན་པས་ན་བརྗོད་བྱའི་སྒོ་ནས་བཏགས་པ་སྟེ། སྤྱི་སྡོམ་ནི། སྤྱིར་ཡི་གེ་ལ་ཕོ་མི་གཉིས་སུ་དབྱེ་བ་དང་། བྱེ་བྲག་མིང་གཞིའི་ཡི་གེ་ལ་ནང་གསེས་ཀྱི་ཕོ་མོ་མ་ནིང་གི་འཇུག་པ་བཤད་པ། རྗེས་འཇུག་གི་ཕོ་མོ་མ་ནིང་གི་འཇུག་པ་བཤད་པ་སྟེ་བཞི་པོ་དེར་འདུས་སོ། །དབྱེ་ཚུལ་དང་པོ་གཉིས་འཆད་པ་ལ། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་པ་ནས། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་བར་ཚིགས་བཅད་ཕྱེད་དང་བཞི་གསུངས། དེ་ཡང་ཚིགས་རྐང་དང་པོ་གཉིས་ཀྱིས་གསལ་བྱེད་སུམ་ཅུ་ཕོ་ཡིག་ཏུ་དངོས་སུ་བསྟན་པའི་ཤུགས་ལ། དབྱངས་ཡིག་བཞི་མོ་ཡིག་ཡིག་ཏུ་གྲུབ་བོ། །གསལ་བྱེད་རྣམས་རྗོད་པའི་རླུང་ཤུགས་གསལ་ཞིང་གྲིམ་པས་ཕོ་ཡིག་དང་། དབྱངས་ཡིག་བཞི་རྗོད་པའི་རླུང་ཤུགས་མི་གསལ་ཞིང་ལྷོད་པས་སྤྱིར་མོ་ཡིག་ཏུ་གསུངས་སོ། །དེ་ནས་མིང་གཞི་གསལ་བྱེད་སུམ་ཅུ་པོ་ལ་ནང་གསེས་ཀྱི་སྡེ་ཚན་ལྔར་དབྱེ་སྟེ། ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་མམ་མ་ནིང་མཚན་མེད་དོ། །དེ་ཡང་འཇིག་རྟེན་ན་ཕོ་སྐད་ཀྱི་གདངས་གྲིམ་ཞིང་དྲག་པ་དང་། མོ་སྐད་ཀྱི་གདངས་ལྷོད་ཅིང་ཞན་པ་དང་། མ་ནིང་གྲིམ་ལྷོད་རན་པ་སོགས་ཀྱི་དཔེ་བཞིན། །གསལ་བྱེད་ཀྱི་ཡི་གེ་རྣམས་མིང་གཞིར་སོང་བའི་ཚེ། །རྗོད་པའི་རླུང་ཤུགས་གྲིམ་ཞིང་དྲག་པ་ཕོ་ཡིག་དང་། གྲིམ་ལྷོད་རན་པ་མ་ནིང་དང་། ཅུང་ལྷོད་པ་མོ་དང་། དེ་ལས་ཀྱང་ལྷོད་པ་ཤིན་ཏུ་མོ་དང་། ཤིན་ཏུ་ལྷོད་ཅིང་ཞན་པ་མོ་གཤམ་གྱི་ཡི་གེར་བཞག་པ་ཡིན་ནོ། །དེས་ན་པ་སྡེ་ཡན་ཆད་སྡེ་པ་བཞིའི་དང་པོ་ཀ་ཅ་ཏ་པ་བཞི་ཕོ་དང་། ཁ་ཆ་ཐ་ཕ་བཞི་མ་ནིང་། ག་ཇ་ད་བ་མོ། ང་ཉ་ན་མ་བཞི་ཤིན་ཏུ་མོ་ཡིན་ལ། ། དེ་ནས་ལྷག་མ་བཅུ་བཞིའི་ཙ་ཚ་ཛ་གསུམ་ཅ་ཆ་ཇ་དང་སྤྱར་ཏེ་རིམ་པར་ཕོ་མ་ནིང་མོ་དང་། ཝ་ནི་བ་དང་འདྲ་བར་མོ་ཡིག་ཏུ་ཤེས་པར་བྱའོ། །ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོ་ཡིག་དང་། ར་ལ་ཧ་གསུམ་མོ་གཤམ་སྟེ། མིང་གཞན་མ་ནིང་མཚན་མེད་ཅེས་ཀྱང་བྱའོ། །ཨ་ཡིག་ནི་མིང་གཞིའི་ཕོ་མོ་མ་ནིང་གང་དུའང་མི་གཏོགས་ཏེ། ལོ་ཆེན་ནམ་མཁའ་བཟང་པོས། །ཨ་ཡིག་རྟགས་མེད་པའོ། །ཞེས་དང་། དག་ཡིག་ཟ་མ་ཏོག་ལས། སུམ་ཅུ་པ་ནི་ཕྱོགས་ལྷུང་མེད། །ཅེས་གསུངས་སོ། །དེ་དག་གི་སྡོམ་ནི། །སྤྱིར་བཏང་གསལ་བྱེད་སུམ་ཅུ་ཕོ། །དབྱངས་བཞི་མོ་དང་མིང་གཞི་ལའང་། །ཀ་ཅ་ཏ་པ་ཙ་ལྔ་ཕོ། །ཁ་ཆ་ཐ་པ་ཚ་མ་ནིང་། །ག་ཇ་ད་བ་ཛ་དང་ཝ། ཞ་ཟ་འ་ཡ་ཤ་ས་སྟེ། །མོ་ཡི་ཡི་གེ་བཅུ་གཉིས་ཡིན། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་གསུམ་མོ་གཤམ་སྟེ། །མིང་གཞན་མ་ནིང་མཚན་མེད་ཟེར། །ཨ་ཡིག་འདིར་ནི་རྟགས་མེད་ཡིན། །ཞེས་སོ། །

གཉིས་པ་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་འཇུག་ཚུལ་དང་བཅས་པ་རྒྱས་པར་བཤད་པ་ལ། མོ་ཡི་ཡི་གེ་ནང་ནས་ནི། །ཞེས་པ་ནས། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་བར་ཤོ་ལོ་ཀ་བརྒྱད་དང་རྐང་པ་གཅིག་གསུངས་ཏེ། །ཤིན་ཏུ་མོ་དང་མོ་གཤམ་གཉིས་མོ་ཡིག་ཏུ་བསྡུས་ནས། །མོ་ཡིག་བཅུ་དགུའི་ནང་ནས་རྗེས་འཇུག་གི་ཡི་གར་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་དབྱུང་བར་བྱ་ལ། ད་དང་ས་གཉིས་ཡང་འཇུག་ཏུའང་བཤད་དེ། ད་ཡིག་ནི། ན་ར་ལ་གསུམ་གྱི་མཐའ་ཅན་འདས་ཚིག་དང་སྐུལ་ཚིག་ལ་འཇུག ། ས་ཡིག་ནི། ག་ང་བ་མ་བཞིའི་མཐར་ཕལ་ཆེར་འདས་ཚིག་དང་སྐུལ་ཚིག་ལ་འཇུག་གོ །

རྗེས་འཇུག་བཅུ་པོའི་ནང་ནས་ག་ད་བ་མ་འ་ལྔ་སྔོན་འཇུག་ཀྱང་ཡིན་ཞིང་། དེ་ལ་ནང་གསེས་ཀྱི་སྒོ་ནས་དབྱེ་བ་ནི། སྔོན་འཇུག་ལྔ་ཡང་མིང་གཞིའི་ཡི་གེའི་སྔོན་དུ་སོང་བ་ན། དེའི་དབང་གིས་སྐད་གདངས་དྲག་པ་ཕོ་དང་། སྐད་གདངས་རན་པ་མ་ནིང་དང་། སྐད་གདངས་ཅུང་ཟད་ཞན་པ་མོ་དང་། དེ་ལས་ཀྱང་ཞན་པ་ཤིན་ཏུ་མོ་རུ་བཞག་པ་ཡིན་པས་ན། བ་སྔོན་འཇུག་གི་ཕོ་ཡིག་དང་། ག་ད་གཉིས་མ་ནིང་། འ་མོ། མ་སྔོན་འཇུག་གི་ཤིན་ཏུ་མོ་ཡིག་གོ །

སྔོན་འཇུག་གི་འཇུག་པ་རྒྱས་པར་བཤད་པ་ནི། གང་གིས་འཇུག་པ། གང་ལ་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་སྟེ་བཞི་ལས། དང་པོ་གཉིས་ལྷན་ཅིག་ཏུ་བཤད་དེ། སྔོན་འཇུག་གང་གིས་མིང་གཞིའི་ཡི་གེ་གང་ལ་སྔོན་དུ་འཇུག་པ་ནི། །སྔོན་འཇུག་གི་ཕོ་ཡིག་བ་ནི། མིང་གཞིའི་ཕོ་ཡིག་ཀ་ཆ་ཏ་ཙ་བཞི་དང་། མོ་ཡིག་ག་ད་ཞ་ཟ་ཤ་ས་དྲུག་སྟེ་བཅུའི་སྔོན་དུ་འཇུག་པ་ཡིན་ཏེ། དཔེར་ན། བཀས་བཅད་རྒྱས་བཏབ་མ་ནོར་བཙལ། །གོ་བགོས་མདུན་བདར་བཞད་གད་སྤང་། །བསམ་བཟང་སྡིག་བཤགས་ཚོགས་བསགས་གྱིས། །ཞེས་པ་ལྟ་བུའོ། །སྔོན་འཇུག་མོ་འ་ཡིག་ནི། །མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་སྟེ་བཅུ་པོ་ཁོ་ནའི་སྔོན་དུ་འཇུག་སྟེ། འགའ་ཞིག་འཇིག་རྟེན་འདིར་འབད་འཇོར། །འཁོན་འཆང་འཐབ་རྩོད་འཕུང་བྱེད་འཚལ། །ལྟ་བུའོ། །སྔོན་འཇུག་གི་མ་ནིང་ག་ཡིག་ནི། །མིང་གཞིའི་ཕོ་ཅ་ཏ་ཙ་གསུམ་དང་། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་བཅས་བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག་སྟེ། གཅེས་གཏམ་གཙོ་བོར་གཉེན་ལ་གདམས། །གནས་ལུགས་གཞལ་བྱ་གཟོད་ནས་ཞི། །གཡར་དམར་གཤའ་མ་གསང་བར་བྱ། །ལྟ་བུའོ། །སྔོན་འཇུག་གི་མ་ནིང་ད་ཡིག་ནི། །མིང་གཞིའི་ཕོ་ཀ་དང་པ་གཉིས་པ་དང་། །མོ་ག་ང་བ་མ་བཞི་སྟེ་དྲུག་པོ་ཁོ་ནའི་སྔོན་དུ་འཇུག་སྟེ། དཀའ་གནད་དཔོག་པའི་དགའ་སྤྲོ་ཅན། །དངོས་གྲུབ་དབང་ཕྱུག་མི་དམན་འཐོབ། །ལྟ་བུའོ། །སྔོན་འཇུག་གི་ཤིན་ཏུ་མོ་ཡིག་མ་ནི། །མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི། །མོ་ཡིག་ག་ཇ་ད་ཛ་བཞི་དང་། ཤིན་ཏུ་མོ་ང་ཉ་ན་གསུམ་བཅས་བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག་སྟེ། མཁས་མཆོག་བྱིན་མཐུ་ངོ་མཚར་རྨད། །མགོན་པོ་མཇལ་བས་འཛུམ་མདངས་མཛད། །མངའ་བདག་ཐུགས་མཉེས་གདམས་པ་མནོས། །ཞེས་པ་ལྟ་བུའོ། །

དེ་དག་མིང་གཞི་རྐྱང་འཕུལ་གྱི་དབང་དུ་བྱས་པ་ཡིན་ཞིང་། བརྩེགས་པ་མགོ་ཅན་ལ་ར་མགོ་ལྡན་པ་བཅུ་གཉིས། ལ་མགོ་ཅན་བཅུ། ས་མགོ་ཅན་བཅུ་གཅིག་གི་འཕུལ་ཡིག་ནི་བ་ཡིག་ཁོ་ནར་ངེས་ཏེ། དེ་ཡང་མིང་གཞི་ང་ཉ་ན་ཇ་ཛ་ལྔ་རྐྱང་པ་ལ་བས་འཕུལ་འཐོབ་ཀྱང་ར་མགོ་བྱུང་ཚེ་བས་འཕུལ་འཐོབ། ས་མགོ་བྱུང་ན་ང་ཉ་ན་གསུམ་ཁོ་ན་ལ་བས་འཕུལ་འབྱུང་སྟེ། དཔེར་ན། རྩྭ་བརྔ་གཟུགས་བརྙན་ཟས་ཀྱིས་བརྣངས། །གཟི་བརྗིད་གྱེན་བརྫེས་བསྟོད་བསྔགས་དང་། །དགེ་བསྙེན་ཕྲེང་བསྣམས་ལྟ་བུའོ། །ལ་མགོ་ཅན་ལ་འཕུལ་ཡིག་མེད་དོ། །

བོད་ཡིག་ཡ་ར་ལ་ཝའི་འདོགས་བཞི་ལ་བརྩེགས་པའི་ཐ་སྙད་མི་བྱེད་དོ། །དེ་རྣམས་ཀྱི་སྡོམ་ཚིག་ནི། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་གོ ག་ད་བ་མ་འ་སྔོན་འཇུག བ་ཕོ་ག་ད་གཉིས་མ་ནིང་། །འ་མོ་མ་ནི་ཤིན་ཏུ་མོ། །ཕོ་ཡིག་སྔོན་འཇུག་བ་ཡིག་ནི། །ཕོ་ཡིག་ཀ་ཅ་ཏ་ཙ་དང་། །མོ་ཡིག་ག་ད་ཞ་ཟ་ཤ། །ས་བཅས་བཅུ་ཡི་སྔོན་དུ་འཇུག མོ་ཡིག་སྔོན་འཇུག་འ་ཡིག་ནི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །བཅུ་པོ་ཁོ་ནའི་སྔོན་དུ་འཇུག སྔོན་འཇུག་མ་ནིང་ག་ཡིག་ནི། །ཕོ་ཡིག་ཅ་ཏ་ཙ་གསུམ་དང་། མོ་ཡི་ཡི་གར་ཉ་ད་ན། །ཞ་ཟ་ཡ་དང་ཤ་ས་སྟེ། །བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག སྔོན་འཇུག་མ་ནིང་ད་ཡིག་ནི། །ཕོ་ཡི་ཡི་གེ་ཀ་དང་པ། མོ་ཡིག་ག་ང་བ་མ་སྟེ། དྲུག་པོ་ཁོ་ནའི་སྔོན་འཇུག ། སྔོན་འཇུག་ཤིན་ཏུ་མོ་མ་ནི། །མ་ནིང་ཁ་ཆ་ཐ་ཚ་དང་། །མོ་ཡིག་ག་ཇ་ད་དང་ཛ། །ཤིན་ཏུ་མོ་ཡིག་ང་དང་ཉ། །ན་བཅས་བཅུ་གཅིག་ཁོ་ན་ལའོ། །

དེ་རྣམས་རྐྱང་འཕུལ་དབང་དུ་བྱས། །བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །དེ་ཡང་མིང་གཞི་ང་ཉ་ན། །ཇ་དང་ཛ་བཅས་ལྔ་པོ་ལ། །ར་མགོ་བྱུང་ཚེ་ལྔ་ཀ་དང་། །ས་མགོ་བྱུང་ན་ང་ཉ་ན། །གསུམ་པོ་ཁོ་ནའི་སྔོན་དུ་འབྱུང་། །ལ་མགོ་ལྡན་ལ་འཕུལ་ཡིག་སྤང་། །མགོ་ཅན་གསུམ་ལ་བརྩེགས་པ་ཟེར། །འདོགས་ལ་བརྩེགས་པའི་ཐ་སྙད་མེད། །ཅེས་བྱའོ། །སྔོན་འཇུག་གི་འཇུག་པ་དེའི་མཐའ་གཅོད་པའི་ཕྱིར་ཞར་ལ་མི་འཇུག་པ་བཤད་པ་ནི། སྔོན་འཇུག་རྣམས་ཀྱི་ཚུལ་ཇི་ལྟར་བཤད་པ་དེ་ལས་གཞན་དུ་སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ཀྱི་སྔོན་དུ་མི་འཇུག །དེ་བཞིན་དུ་མོ་འ་དང་ཤིན་ཏུ་མོ་མ་ཡིག་མིང་གཞིའི་ཕོ་ཡིག་གི་སྔོན་དུ་མི་འཇུག མ་ནིང་ག་ད་གཉིས་མིང་གཞིའི་མ་ནིང་གི་སྔོན་དུ་མི་འཇུག་གོ། །དམིགས་བསལ་མདོར་བསྡུ་ན། སྔོན་འཇུག་ལྔ་པོ་གསལ་བྱེད་བཞི་ཚན་རེ་བཅད་པའི་རང་རང་གི་སྡེ་པའི་ཡི་གེ་གང་གིའང་སྔོན་ཏུ་འཇུག་པ་མི་སྲིད་པར་ཤེས་པར་བྱའོ།།

གཉིས་པ་ཇི་ལྟར་འཇུག་པ་ནི། སྔོན་འཇུག་གི་ཕོ་ཡིག་མ་ནི། རང་གི་འཇུག་ཡུག་མིང་གཞིའི་ཡི་གེ་ལ་སྐད་གདངས་དྲག་པའི་ཚུལ་གྱིས་འཇུག མ་ནིང་ག་དང་ད་ཡིག་ནི། སྐད་གདངས་དྲག་ཞན་རན་པའི་ཚུལ་གྱིས་འཇུག མོ་འ་ཡིག་ནི། སྐད་གདངས་ཞན་པའི་ཚུལ་གྱིས་འཇུག ཤིན་ཏུ་མོ་མ་ཡིག་ནི། སྐད་གདངས་མཉམ་པ་སྟེ་ཤིན་ཏུ་ཞན་ཅིང་ལྷོད་པའི་ཚུལ་དུ་འཇུག་པར་བཤད་དོ། །

གསུམ་པ་དགོས་པ་ཅིའི་ཕྱིར་འཇུག་པ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་དོན། །མཁྱེན་གཏེར་རྗེས་བཟུང་མཁས་པ་རིན་ཆེན་དོན་གྲུབ་མཚན་ཅན་གྱིས། །དེ་ཡང་དངོས་པོ་ལས་དང་ནི། །དུས་དང་རྣམ་པ་གསུམ་དུ་འདོད། །དངོས་པོ་བདག་གཞན་གཉིས་ཀ་དང་། །བྱ་བའི་ཡུལ་དང་རྣམ་པ་བཞི། །ལས་ནི་བྱ་བ་བྱེད་པ་གཉིས། །དུས་ནི་འདས་དང་མ་འོངས་དང་། །ད་ལྟར་དང་བཅས་གསུམ་དུ་འགྱུར། །བྱེད་པ་པོ་ནི་བདག་ཡིན་ཏེ། །བྱ་བའི་དངོས་པོ་གཞན་ཡིན་ནོ། །བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། །བྱ་བའི་ཡུལ་དང་འབྲེལ་བའི་ལས། །བྱ་བའི་ལས་ཞེས་འདོགས་པ་ཡིན། །བྱ་བ་ཟིན་དང་བྱེད་འགྱུར་དང་། །ད་ལྟ་བྱེད་བཞིན་པ་རྣམས་ལ། །འདས་དང་མ་འོངས་ད་ལྟར་འདོད། །དུས་གསུམ་བྱ་བྱེད་བདག་གཞན་ཏེ། །ཀུན་ལ་མཉམ་པར་འཇུག་པ་ནི། །མཉམ་པར་འཇུག་པའི་དོན་ཅན་ནོ། །ཞེས་ཚིགས་སུ་བཅད་པའི་སྒོ་ནས་རྩ་བའི་དཀའ་གནད་གསལ་བར་མཛད་དོ། །

དེ་ཡང་དོན་བསྡུ་ན། དངོས་པོ་དང་། ལས་དང་། དུས་ལ་འཇུག་པ་སྟེ་རྣམ་པ་གསུམ་དུ་འདུས་སོ། །དང་པོ་དངོས་པོ་ལ། །དངོས་པོ་བདག་དང་། གཞན་དང་། བདག་གཞན་གཉིས་ཀ་དང་། བྱ་བའི་ཡུལ་ལ་འཇུག་པ་སྟེ་བཞིའོ། །གཉིས་ཁ་ལས་ལ་གཉིས་ཏེ། །བྱ་བའི་ལས་དང་། བྱེད་པའི་ལས་ལ་འཇུག་པ་གཉིས་སོ། །གསུམ་པ་དུས་ནི། འདས་མ་འོངས་ད་ལྟ་བ་ལ་འཇུག་པ་གསུམ་དུ་འགྱུར་རོ། །ལས་གང་བྱེད་པ་པོ་ལ་བདག་ཅེས་བྱ་སྟེ། དཔེར་ན། ཤིང་གཅོད་པ་པོ་ལྟ་བུའོ། །གང་བྱ་བའི་དངོས་པོ་ནི་གཞན་ཡིན་ཏེ། ཤིང་གཅད་པའི་བྱ་བ་ལྟ་བུའོ། །བྱ་བ་བསྒྲུབ་པར་བྱ་བའི་ཡུལ་ལ་ལས་ཀྱི་དངོས་པོ་ཞེས་བརྗོད་དེ། གཅད་བྱའི་ཤིང་ལྟ་བུའོ། །བྱེད་པ་པོ་ཤིང་མཁན་དང་འབྲེལ་བའི་ལས་ལ་བྱེད་པའི་ལས་ཞེས་བྱ་སྟེ། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པ་ལྟ་བུའོ། །བྱ་བའི་ཡུལ་ཤིང་དང་འབྲེལ་བའི་ལས་ལ་བྱ་བའི་ལས་ཞེས་འདོགས་པ་ཡིན་ཏེ། དཔེར་ན། ཤིང་བཅད་ནས་དུམ་བུར་སོང་བའི་ཆ་ལྟ་བུའོ། །བྱ་བ་གང་ཡང་རུང་བ་ཞིག་བྱས་ཟིན་པ་ནི་འདས་པ་དང་། བྱེད་པར་འགྱུར་བ་ནི་མ་འོངས་པ་དང་། བྱེད་བཞིན་པ་ནི་དུས་ད་ལྟ་བར་འདོད་པའོ།

མདོར་ན་ཤིང་མཁན་ནི་བྱེད་པ་པོ་དང་། སྟ་རེ་བྱེད་པ་དང་། ཤིང་ལས་ཡིན་ཞིང་། སྟ་རེས་ཤིང་གཅོད་པའི་བྱ་བ་ནི། སྟ་རེ་དང་འབྲེལ་ནས་ངོ་བོ་གཅིག་ཏུ་ཡོད་པས་ན་བྱེད་པ་པོ་དང་འབྲེལ་བའི་ལས་དང་། ཤིང་བཅད་ནས་དུམ་བུར་སོང་བའི་ཆ་ཤིང་ཁོ་རང་དང་འབྲེལ་ནས་ཡོད་པས་བྱ་བའི་ལས་ཞེས་བྱའོ། །བྱེད་པ་པོ་དང་བྱེད་པ་དང་། བྱེད་པའི་ལས་རྣམས་དངོས་པོ་བདག་དང་། བྱ་བའི་ཡུལ་ཤིང་དང་། བྱ་བའི་ལས་ཤིང་དུམ་བུར་བཅད་པའི་ཆ་དངོས་པོ་གཞན་དུ་འཇོག་པའོ། །རྟགས་ཀྱི་འཇུག་པའི་དོན་དཔྱིས་ཕྱིན་པར་ཤེས་པ་དེ་དག་གོ་བ་ལ་རག་ལས་པ་ཡིན་ནོ། །ཤེས་བྱའི་སྤུ་རིས་ཕྲ་བ་དག མ་འདྲེས་གསལ་བར་ཕྱེ་བ་འདི། །གཅེས་ནོར་ཕལ་གྱིས་ཁུགས་ནུས་མིན། །བློ་ལྡན་དགྱེས་པའི་སྐྱེས་སུ་འབུལ། །

དེ་ནས་སྔོན་འཇུག་རྣམས་དགོངས་པ་ཅིའི་ཕྱིར་འཇུག་པ་ལ། སྔོན་འཇུག་གི་ཕོ་བ་ཡིག་ནི། དུས་འདས་པ་དང་། དངོས་པོ་གཞན་དང་། བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་ལས། འདས་པ་ལ་འཇུག་པ་ནི། དཔེར་ན། ཆུ་བཀག གོང་དུ་བཀུར་ཏོ། གོས་བསྐོན་ཏོ། །བརྩེ་བས་བསྐྱངས། ཆུ་ལས་བསྒྲལ་ཏོ། །ལྷ་བསྒྲུབས། བདག་མེད་བསྒོམས། ཚོད་བགམ། ལམ་བསྒགས། དུས་བསྒྱངས། བུ་རམ་བསྒར་ཏོ། །སྒྲོ་འདོགས་བཅད། རྩྭ་བརྔས། དགྲ་བཅོམ། བརྗོད་ཟིན། བསྙེན་པར་བྱས། མིག་གིས་བལྟས། སྨན་བསྡེབས། མཚོན་བསྣམས། བུ་བཙས། གཞུང་བརྩམས། དྲུས་མ་བཞོས། གོས་བཟར། ལག་ཏུ་བཟུང་། སྔགས་བཟླས། ཡི་གེ་བསླབས། བྱིན་གྱིས་བརླབས། སྡིག་པ་བཤགས། མཆོད་པ་བཤམས། ཕྱོགས་གཅིག་བསྲེས། མེར་བསྲེགས། ཞེས་སོགས་དང་། དངོས་པོ་གཞན་ལ་འཇུག་པ་ནི། བཀང་བྱའི་སྣོད། བཀུར་བྱའི་བླ་མ། བསྒག་བྱ། བསྐྱང་བྱ། བསྒར་བྱ། བསྒོམ་བྱ། བསྒྲུབ་བྱ། བརྔ་བྱའི་རྩྭ། བསྔོ་བྱའི་དགེ་རྩ། བཅོལ་བྱའི་རྫས། བརྗོད་བྱའི་དོན། བརྙན་བྱའི་གོས། བཏུ་བའི་སྔགས། བལྟ་བྱའི་གཟུགས། བསྟན་བྱ། བདར་བྱའི་ཕྱེ་མ། བསྡེབ་བྱ། བསྣམ་བྱ། བཙོ་བྱའི་ཤ། བརྩམ་བྱའི་ཆོས། བཞོ་བྱའི་ཟི་མ། བཟེད་བྱའི་སྣོད། བཟླ་བྱའི་སྔགས། བཤག་བྱའི་ཉེས་པ། བསག་བྱའི་དགེ་བ། ཞེས་སོགས་ལྟ་བུའོ།།

བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་པ་ནི། བཀུར་པར་བྱ། བསྐྱང་བར་བྱ། བསྒོམ་པར་བྱ། བསྔོ་བར་བྱ། བཏུ་བར་བྱ། བརྩི་བར་བྱ། བཞུ་བར་བྱ། བསྲུང་བར་བྱ་སོགས་བཤད་མ་ཐག་པ་ལ་བྱ་ཚིག་སྦྱར་བ་རྣམས་སོ། །དེ་དག་གི་འཇུག་ཚུལ་རིམ་པ་བཞིན་དཔེར་བརྗོད་པ་ནི། བཀུར་ཏོ་བཀུར་བྱ་བཀུར་པར་བྱ། བསྐྱེད་ཟིན་བསྐྱེད་བྱ་བསྐྱེད་པར་བྱ། །བསྐྱབས་དང་བསྐྱབ་བྱ་བསྐྱབ་པར་བྱ། །བསྐྱངས་དང་བསྐྱང་བྱ་བསྐྱང་བར་བྱ། །བསྐུམས་དང་བསྐུམ་བྱ་བསྐུམ་པར་བྱ། །བརྐྱངས་དང་བརྐྱང་བྱ་བརྐྱང་བར་བྱ། །བསྐུར་ཏོ་བསྐུར་བྱ་བསྐུར་བར་བྱ། །བསྐུལ་ཏོ་བསྐུལ་བྱ་བསྐུལ་བར་བྱ། །དཔོན་བསྐོས་བསྐོ་བྱ་བསྐོ་བར་བྱ། །སྣུམ་བསྐུས་བསྐུ་རྒྱུ་བསྐུ་བར་བྱ། ནོར་བརྐུས་བརྐུས་བྱ་བརྐུ་བར་བྱ། ལྷ་བསྒོམས་བསྒོམ་བྱ་བསྒོམ་པར་བྱ། །ཆོས་བསྒྲུབས་བསྒྲུབ་བྱ་བསྒྲུབ་པར་བྱ། མནའ་བསྒགས་བསྒག་བྱ་བསྒག་པར་བྱ། དུས་བསྒྱངས་བསྒྱང་བྱ་བསྒྱང་བར་བྱ། །བསྒར་ཏོ་བསྒར་བྱ་བསྒར་བར་བྱ། བསྒྲལ་ཏོ་བསྒྲལ་བྱ་བསྒྲལ་བར་བྱ། བརྒྱན་ཏོ་བརྒྱན་བྱ་བརྒྱན་པར་བྱ། །ཕྲེང་བརྒྱུས་བརྒྱུ་བྱ་བརྒྱུ་བར་བྱ། ཞིང་བརྔས་བརྔ་བྱ་བརྔ་བར་བྱ། དགེ་བསྔོས་བསྔོ་བྱ་བསྔོ་བར་བྱ། བརྗོད་ཟིན་བརྗོད་བྱ་བརྗོད་པར་བྱ། བསྙད་ཟིན་བསྙད་བྱ་བསྙད་པར་བྱ། །མིག་བལྟས་བལྟ་བྱ་བལྟ་བར་བྱ། ངག་བསྡམ་བསྡམས་བྱ་བསྡམས་པར་བྱ། །སྨན་བསྡེབས་བསྡེབ་བྱ་བསྡེབ་པར་བྱ། དོན་བསྡུས་བསྡུ་བྱ་བསྡུ་བར་བྱ། མཚོན་བསྣམས་བསྣམ་བྱ་བསྣམ་པར་བྱ། ཤ་བཙོས་བཙོ་བྱ་བཙོ་བར་བྱ། །ཆོས་བརྩམས་བརྩམ་བྱ་བརྩམ་པར་བྱ། གྲངས་བརྩིས་བརྩི་བྱ་བརྩི་བར་བྱ། བཞར་ཟིན་བཞར་བྱ་བཞར་བར་བྱ། བཞོས་དང་བཞོན་མ་བཞོ་བར་བྱ། །སྔགས་བཟླས་བཟླ་བྱ་བཟླ་བར་བྱ། ཆོས་བསླབས་བསླབ་བྱ་བསླབ་པར་བྱ། བཤད་ཟིན་བཤད་བྱ་བཤད་པར་བྱ། མཆོད་བཤམས་བཤམ་བྱ་བཤམ་པར་བྱ། བསྲེས་དང་བསྲེ་བྱ་བསྲེ་བར་བྱ། ཤིང་བསྲེགས་བསྲེག་བྱ་བསྲེད་པར་བྱ། ཁྲིམས་བསྲུངས་བསྲུང་བྱ་བསྲུང་བར་བྱ། ཞེས་སོགས་ལྟ་བུ་སྟེ་རིམ་པ་བཞིན་དུས་འདས་པ་དང་དངོས་པོ་གཞན་དང་བྱ་བ་བསྒྲུབ་པ་ལ་འཇུག་པའོ། །དེ་ཡང་སྣོད་བཀང་། ཆུ་བཀག ལག་ཏུ་བཟུང་ལྟ་བུ་སྔོན་འཇུག་ཁོ་ནའི་ནུས་པ་འདས་ཚིག་ཏུ་གྲུབ་པས་ཡང་འཇུག་མེད་ཅིང་། བསྒོམས་བསྒྲུབས་ལྟ་བུ་གཙོ་བོར་ཡང་འཇུག་གི་ནུས་པས་འདས་ཚིག་ཏུ་གྱུར་པ་ཡིན་གྱི། ཡང་འཇུག་མེད་ན་འདས་ཚིག་ཏུ་མི་འགྲོའོ།།

ན་ར་ལའི་མཐར་སླར་བསྡུའི་ཏོ་སྦྱར་བ་འདས་ཚིག་ལ་ད་དྲག་འཐོབ་པའི་དོན་དུ་ཡིན། འདས་ཚིག་མིན་ན་བསྐོན་ནོ། །བསྐུར་རོ། །བསྒྲལ་ལོ་ཞེས་པར་འགྱུར་གྱི་བསྐོན་ཏོ་སོགས་སུ་མི་འགྱུར་རོ། །ཡང་བྱ་ཚིག་མེད་ཀྱང་བཟའ་བ། །བཏུང་བ། བགོ་བ། བཅིབ་པ། བཞོ་བ། བཟླ་བ་སོགས་དངོས་པོ་གཞན་ལ་འཇུག་པ་སོགས་ཀྱི་ཁྱད་པར་ཤེས་པ་གལ་ཆེ་ཞིང་། དེ་བཞིན་དུ་འཆད་འགྱུར་མ་ནིང་དང་མི་ཡིག་སོགས་ཀྱི་འཇུག་པའི་སྐབས་སུའང་ཤེས་པར་བྱའོ། །དེ་དག་གི་ཟླས་དྲངས་བའི་བྱེད་པ་པོ་དང་། བྱེད་པའི་ཚིག་ད་ལྟ་བ་ལ་བས་འཕུལ་མེད་དེ། སྐྱེད་པ་པོ་དང་། སྐྱོང་པ་པོ། སྐྱོབ་པ་པོ། དཔོན་སྐོ་བ་པོ། ནོར་རྐུ་བ་པོ། ཆོས་ལ་སྐུལ་བ་པོ། གཏམ་སྒྲོག་པ་པོ། ནོར་རྐུ་བ་པོ། ཆོས་ལ་སྐུལ་བ་བོ། །གཏམ་སྒྲོག་པ་པོ། སྒོམ་པ་པོ། སྒྲུབ་པ་པོ། སྒྲོལ་བ་པོ། ཕྲེང་རྒྱུད་པ་པོ། ཆོས་སྒྱུར་བ་པོ། ཞིང་རྔ་བ་པོ། དགེ་བ་སྔོ་བ་པོ། རྗོད་བ་པོ། ལྟ་བ་པོ། སྡུད་བ་པོ། སྡོམ་པ་པོ། ཆོས་རྩོམ་པ་པོ། རྒྱུ་སྐར་རྩི་བ་པོ། ཁང་པ་རྩིག་པ་པོ། མཆོད་པ་ཤོམ་པ་པོ། མེ་ལ་སྲོ་བ་པོ། མེས་སྲེག་པ་པོ། ཆོས་སེམས་པ་པོ། ཞེས་སོགས་དང་། བྱེད་ཚིག་ལ་འཇུག་པ་ནི། སྐྱེད་པར་བྱེད། སྐྱེད་བྱེད། སྒྲོག་པར་བྱེད། སྒོམ་པར་བྱེད། སྒྲུབ་བྱེད། ཅེས་སོགས་གོང་དུ་བཤད་མ་ཐག་པ་ལ་བྱེད་ཚིག་སྦྱར་བ་རྣམས་སོ། །བསྐུལ་ཚིག་ལ་བས་འཕུལ་མེད་དེ། །སྐྱོངས་ཤིག སྐྱོབས་ཤིག སྒོམས་ཤིག སྒྲུབས་ཤིག སྒྲོགས་ཤིག་སོགས་ག་ང་བ་མའི་མཐར་ཡང་འཇུག་ས་ཡིག་དང་། ན་ར་ལའི་མཐར་ཆོས་སྟོན་ཅིག དབང་སྐུར་ཅིག སེམས་ཅན་སྒྲོལ་ཅིག ཅེས་ཡང་འཇུག་ད་དྲག་འཐོབ་བོ། །དེ་སྐད་རྗོད་ཅིག ཞིང་རྔོས་ཤིག བརྩོན་འགྲུས་རྩོམས་ཤིག གྲངས་རྩིས་ཤིག སྡོམ་པ་སྲུངས་ཤིག ཉི་མར་སྲོས་ཤིག མེར་སྲེགས་ཤིག དོན་སོམས་ཤིག ཅེས་སོགས་ཕལ་ཆེར་སའི་མཐའ་རྟེན་འཐོབ། དེས་ན་བྱ་བྱེད་ཀྱི་ཚིག་གང་ཡང་མ་སྦྱར་བ་བསྒོམས་དང་། བསྒོམ། སྒོམ། སྒོམས་སོགས་འབྱུང་ཚེ་རིམ་བཞིན་འདས་པ་དང་། བསྒོམ་བྱ་དང་། སྒོམ་པ་པོའམ་སྒོམ་བྱེད་དང་། བསྐུལ་ཚིག་ཏུ་གོ་བ་སོགས་གཞན་ལའང་རིགས་འགྲེའོ།།

གཉིས་པ་སྔོན་འཇུག་གི་མ་ནིང་ག་དང་ད་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་དང་། གཞན་གཉིས་དང་། དུས་ད་ལྟ་བ་སྟོན་པའི་ཆེད་དུ་འཇུག་པ་གཙོ་ཆེ་སྟེ། གས་འཕུལ་དངོས་པོ་བདག་ལ་འཇུག་པ་དཔེར་ན། ཤིང་གཅོད་པ་པོ། དོན་གཉེར་བ་པོ། སྦྱིན་པ་གཏོང་པ་པོ། གྱེན་དུ་གདེག་པ་པོ། འོག་ཏུ་གནོན་པ་པོ། སྲོལ་གཙུག་པ་པོ། བློས་གཞིག་པ་པོ། དགྲ་གཞོམ་པ་པོ། གོས་གཟར་པ་པོ། ལག་ཏུ་གཟུང་བ་པོ། ཟས་གཡོ་བ་པོ། སེམས་གཡེང་པ་པོ། ཤིང་གཤོག་པ་པོ། མཆོད་པ་གཤམ་པ་པོ། དགྲ་གསོད་པ་པོ། ནོར་གསོག་པ་པོ། ཞེས་པ་ལྟ་བུ་དང་། བདག་དང་འབྲེལ་བའི་ལས་སམ་བྱེད་པའི་ལས་ལ་འཇུག་པ་ནི། གཅོད་པར་བྱེད། དོན་དུ་གཉེར་བར་བྱེད། ཁྲག་གཏར་བར་བྱེད། གཏུབ་པར་བྱེད། གདེག་པར་བྱེད། གནོད་པར་བྱེད། མེ་གཙུབ་པར་བྱེད། ནང་དུ་གཞུག་པར་བྱེད། དོན་ལ་གཞོལ་བར་བྱེད། ཕྲག་པར་གཟར་བར་བྱེད། གོས་གཡོག་པར་བྱེད། གྲལ་དུ་གཤིབ་པར་བྱེད། དགེ་བ་གསོག་པར་བྱེད། ཅེས་སོགས་གོང་སྨོས་རྣམས་ལ་བྱེད་ཚིག་སྦྱར་བ་སྟེ། བྱེད་ལས་ད་ལྟ་བ་ཡང་ཡིན། ག་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། གཅད་བྱའི་ཤིང་། གཏང་བྱའི་རྫས། གཉེར་བྱའི་དོན། གཉུལ་བྱའི་ནགས། གདགས་བྱའི་མིང་། གཞག་བྱ། གཟུང་བྱ། གསོ་བྱ། ཞེས་སོགས་བྱ་ཚིག་སྦྱར་བ་རྣམས་དང་། གཞན་དང་འབྲེལ་བའི་ལས་སམ་བྱ་བའི་ཉིད་ལ་འཇུག་པ་ནི། གཅད་པར་བྱ། གཏང་པར་བྱ། གར་གཉེར་བར་བྱ། གཉུལ་བར་བྱ། གཏུབ་པར་བྱ། གདབ་པར་བྱ། བློ་གཞོལ་བར་བྱ། གཞག་པར་བྱ། གཟུང་བར་བྱ། གསོག་པར་བྱ་སོགས་བྱ་ཚིག་སྦྱར་བ་རྣམས་ཏེ། གཞན་དང་འབྲེལ་བའི་བྱ་བའི་ལས་ད་ལྟ་བར་བཤད་དོ། །སྔོན་འཇུག་གི་ད་ཡིག་དངོས་པོ་བདག་ལ་འཇུག་པ་ནི། སྐུད་པ་དཀྲི་བ་པོ། ཞོ་དཀྲོག་པ་པོ། རོལ་མོ་དཀྲོལ་པ་པོ། ཕན་ཚུན་དཀྲུག་པ་པོ། ལོགས་སུ་དགར་བ་བོ། ཡི་གེར་དགོད་པ་པོ། མདུད་པ་དགྲོལ་བ་པོ། མཚར་དུ་དངར་བ་པོ། སྐྲག་པའི་དངང་པ་པོ། གཏིང་དཔོག་པ་པོ། རིགས་པས་དཔྱོད་པ་པོ། ལས་ལ་དབང་བ་པོ། མདུང་དབྱུག་པ་པོ། ལྷ་ལ་དམིགས་པ་པོ། གཞན་ལ་དམོད་པ་པོ། འཛུམ་དམུལ་པ་པོ། ཞེས་པ་ལྟ་བུ་དང་། བྱེད་པའི་ལས་ལ་འཇུག་པ་ནི། དཀྲི་བར་བྱེད། དཀྲོལ་བར་བྱེད། དགར་བར་བྱེད། དགྲོལ་བར་བྱེད། དཔོག་པར་བྱེད། དཀྲི་བྱེད། དཀྲོག་བྱེད། དཀྲོལ་བྱེད། ཅེས་སོགས་བྱེད་ཚིག་སྦྱར་བ་རྣམས་དང་། ད་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། དཀྲི་བྱའི་སྐུད་པ། དཀྲོག་བྱའི་ཞོ། དཀྲོལ་བྱའི་དྲིལ་བུ་དང་། དགག་བྱ། དགང་བྱ། དགར་བྱ། དབུལ་བྱ། དབྱུང་བྱ། དཔྱད་བྱ། དཔག་བྱ། ཞེས་དང་། ག་དང་ད་ཡིག་བདག་གཞན་གཉིས་ཀ་ལ་ཁྱད་པར་མེད་པར་འཇུག་པའང་མང་སྟེ། གཅེས་དང་གཉེར་དང་གཏོར་བ་སོགས། གཅེས་པ་པོ་དང་གཅེས་བྱའི་ནོར། གཉེར་བ་པོ་དང་གཉེར་བྱའི་དོན། གཏོར་པ་པོ་དང་གཏོར་བྱའི་འབྲུ། གདུ་བ་པོ་དང་གདུ་བྱའི་སྨན། གནོད་པ་པོ་དང་གནོད་བྱའི་ལུས། །གཙུག་པ་པོ་དང་གཙུག་བྱའི་ཤིང་། གཞོལ་བ་པོ་དང་གཞོལ་བྱའི་ལས། གཟར་བ་པོ་དང་གཟར་བྱའི་གོས། གཡེང་པ་པོ་དང་གཡེང་བྱའི་ཡུལ། གཤོ་བ་པོ་དང་གཤོ་བྱའི་ཆུ། གསོ་བ་པོ་དང་གསོ་བྱའི་ནད། དཀྲི་པ་བོ་དང་དཀྲི་བྱའི་དར། དཀྱུ་བ་པོ་དང་དཀྱུ་བྱའི་རྟ། དགར་བ་པོ་དང་དགར་བྱའི་གནས། དགྱེས་པ་པོ་དང་དགྱེས་བྱའི་ཡུལ། དབང་བ་པོ་དང་དབང་བྱའི་ནོར། །དམོད་པ་པོ་དང་དམོད་བྱའི་ཡུལ། །དམིགས་པ་པོ་དང་དམིགས་བྱའི་རྟེན། །ཞེས་སོགས་དངོས་པོ་བདག་གཞན་གཉིས་ཀ་ལ་འཇུག་པར་འདྲ་བའོ། །དངོས་པོ་གཞན་དང་འབྲེལ་བའི་བྱ་བའི་ལས་ལ་འཇུག་པ་ནི། དཀྲི་བར་བྱ། དཀྲོལ་བར་བྱ། དགག་པར་བྱ། དགང་བར་བྱ་སོགས་སྦྱར་བ་རྣམས་དང་། ད་ཡིག་ད་ལྟ་བ་ལ་འཇུག་པ་ནི། དཀྲི་བཞིན་པ། དཀྲོལ་བཞིན་པ། དཀྲོག་བཞིན་པ། ཚིག་གྲོགས་མ་སྦྱར་ཡང་། དགག དགང་། དགའ་བ། དགྱེས་པ། དགྲམ། དགྲོལ། དགུག དགོད། དབུལ། དབབ། དབུག དབྲོལ། དབྱེ། དབྱུང་སོགས་སྐབས་འཐོབ་ཀྱིས་ད་ལྟ་བ་དང་མ་འོངས་པ་ཅི་རིགས་པར་འཇུག་པ་དང་། བདག་གཞན་དང་འབྲེལ་བའི་བྱ་བྱེད་ལས་ཀྱི་སྒྲ་རྣམས་ཀྱང་ང་ད་ལྟ་བར་བཤད་དེ། དཔེར་ན། སྟ་རེས་ཤིང་གཤོག་པའི་བྱ་བ་བྱེད་བཞིན་པ་ལ་བྱེད་པའི་ལས་དང་། ཤིང་ལ་ཕོག་ནས་དུམ་བུར་འགྲོ་བཞིན་པ་དེ་ལ་བྱ་བའི་ལས་ཞེས་བཏགས་པས་ལས་དེ་གཉིས་ཀ་དུས་ད་ལྟ་བར་འཇུག་ཅིང་། ཞ་ལུ་ལོ་ཆེན་གྱིས་བྱ་བའི་ལས་མ་འོངས་པར་གསུངས་ཤིང་། མཁས་པ་མང་པོས་ད་ལྟ་བར་བཞེད་། འོན་ཀྱང་རྗོད་པ་པོའི་བསམ་དོན་གྱི་དབང་དང་། ཚིག་གྲོགས་ལས་ཀྱང་མ་འོངས་པ་ལ་འཇུག་པར་གསལ་བས་འགལ་བ་མིན་ནོ།།

གསུམ་པ་སྔོན་འཇུག་གི་མོ་འ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་གཞན་གཉིས་ལས་བདག་དང་། དུས་གསུམ་ལས་གཙོ་བོར་མ་འོངས་པ་སྟོན་པའི་ཕྱིར་འཇུག་གོ དངོས་པོ་བདག་ལ་འཇུག་པ་དཔེར་ན། སྐུད་པ་འཁལ་བ་པོ། ཁུར་འཁུར་བ་པོ། འཁོར་བ་པོ། འཁྱམས་པ་པོ། སེམས་འཁྲེན་པ་པོ། འཁྲིད་པ་པོ། དྲི་མ་འཁྲུད་པ་པོ། ལམ་ལ་འགོད་པ་པོ། ཕྱེ་འགམ་པ་པོ། འགྲོ་བ་པོ། འཆག་པ་པོ། འཆད་པ་པོ། འཐབ་པ་པོ། འདོན་པ་པོ། འདྲེན་པ་པོ། འཕོ་བ་པོ། འཕྲོག་པ་པོ། འབད་པ་པོ། འཚོལ་བ་པོ། བཞིན་འཛུམ་པ་པོ། ཞེས་པ་ལྟ་བུ་དང་། བདག་དང་འབྲེལ་བའི་བྱེད་པའིལས་ལ་འཇུག་པ་ནི། སྐུད་པ་འཁལ་བར་བྱེད། ཁུར་འཁུར་བར་བྱེད། འཁྱུད་པར་བྱེད། ཁྱིམ་ལ་འཁྲེན་པར་བྱེད། འདྲེན་པར་བྱེད། ཅེས་སོགས་གོང་སྨོས་དཔེར་བརྗོད་དང་སྦྱར་ཏེ་ཤེས་པར་བྱ། དུས་མ་འོངས་པ་འཇུག་པ་ནི། འཁལ་བར་འགྱུར། འགྲོ་བར་འགྱུར། འཆག་པར་འགྱུར། དེ་བཞིན་དུ་འགྱུར། འགྲུབ། འཆར། འདག འབྱུང་། འཛད། ཅེས་སོགས་རྣམས་སོ། །རྩ་བར་དངོས་སུ་གསུངས་ཀྱང་འས་འཕུལ་ད་ལྟ་བ་ལ་འཇུག་པ་མང་བར་བཤད་དེ། སྲང་གིས་འཇལ་བཞིན་པ། གདན་འདིང་གི་སྣང་། རྒྱན་འདོགས་གྱིན་འདུག སེམས་འདུལ་བར་བྱེད། དེ་བཞིན་དུ། འཇུག འཇིལ། འཇོམ། འཇོག འཇུག འཛུག འཛིན་སོགས་དུས་ད་ལྟ་བ་ལ་འཇུག་པར་ཡང་ཞ་ལུ་ལོ་ཆེན་གྱིས་གསུངས་པས་ཚིག་གྲོགས་ལས་ཤེས་པར་བྱའོ། །

བཞི་པ་སྔོན་འཇུག་གི་ཤིན་ཏུ་མོ་ཡིག་མ་ནི། དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་དང་གཞན་གཉིས་ཀ་དང་། དེ་དག་དང་འབྲེལ་བའི་བྱ་བྱེད་ཀྱི་ལས་དང་། དུས་འདས་མ་འོངས་ད་ལྟ་བ་གསུམ་སྟེ་ཐབས་ཅད་ལ་ཁྱད་མེད་དུ་མཉམ་པར་འཇུག་སྟེ། དངོས་པོ་བདག་ལ་འཇུག་པ་དཔེར་ན། མཁས་པ་པོ། མཆོད་པ་པོ། མཐོང་པ་པོ། མཚོན་པ་པོ། མཁྱེན་པ་པོ། དེ་བཞིན་དུ། མགུ། མངག མངོན། མཇལ། མཉམ། མདུད། མནོ། མཛད་སོགས་ལ་སྦྱར་ཏེ་ཤེས་པར་བྱ། བདག་དང་འབྲེལ་བའི་ལས་ལ་འཇུག་པ་ཡང་། མཁས་པར་བྱེད། མཆོད་པར་བྱེད། འཕོ་བར་བྱེད་སོགས་བྱེད་ཚིག་ཅན་རྣམས་དང་། དངོས་པོ་གཞན་ལ་འཇུག་པ་ནི། མཁས་བྱ། མཆོད་བྱ། མཚོན་བྱ། ཞེས་སོགས་དང་། གཞན་དང་འབྲེལ་བའི་ལས་ལ་འཇུག་པ། མཁས་པར་བྱ། མཚོན་པར་བྱ་ཞེས་སོགས་བྱ་ཚིག་སྦྱར་ཏེ་ཤེས་པར་བྱའོ། །དུས་འདས་པ་ལ་འཇུག་པ་ནི། གོང་སྨོས་ལྟ་བུ་ལ་མཁས་ཟིན། མཆོད་པར་བྱ། མཐོང་བར་གྱུར་སོགས་སྦྱར་བ་རྣམས་དང་། མ་འོངས་པ་ལ་འཇུག་པ། མཁས་པར་འགྱུར། མཆོད་པར་འགྱུར། ཞེས་སོགས་དང་། དུས་ད་ལྟ་བ་ལ་འཇུག་པ་ནི། མཁས་བཞིན་པ། མཆོད་ཀྱིན་སྣང་། མཐོང་གི་འདུག ཅེས་སོགས་ཚིག་གྲོགས་ལས་གསལ་ཏེ་གོ་སླའོ། །འདིར་སྔོན་འཇུག་རྣམས་དུས་བདག་གཞན་སོགས་ལ་འཇུག་ཚུལ་གྱི་དཔེར་བརྗོད་གལ་ཆེ་བ་འགའ་ཞིག་བཀོད་པ་ནི། རིམ་པ་བཞིན་དངོས་པོ་གཞན་དང་། བདག་གམ་བདག་དང་འབྲེལ་བའི་བྱེད་ལས་དང་། དུས་འདས་པ་ལ་འཇུག་པར་ཤེས་པར་བྱ་སྟེ། གཅད་བྱ་གཅོད་བྱེད་བཅད་པ་དང་། གཏང་བྱ་གཏོང་བྱེད་བཏང་བ་དང་། གདིང་བྱ་འདིང་བྱེད་བཏིང་བ་དང་། གདགས་བྱ་འདོགས་བྱེད་བཏགས་པ་དང་། གདབ་བྱ་འདེབས་བྱེད་བཏབ་པ་དང་། གདུལ་བྱ་འདུལ་བྱེད་བཏུལ་བ་དང་། གདེག་བྱ་འདེགས་བྱེད་བཏེག་པ་དང་། གདོན་བྱ་འདོན་བྱེད་བཏོན་པ་དང་། གནན་བྱ་གནོན་བྱེད་མནན་པ་དང་། གཞལ་བྱ་འཇལ་བྱེད་བཅལ་བ་དང་། གཞོམ་བྱ་འཇོམས་བྱེད་བཅོམ་པ་དང་། གཞག་བྱ་འཇོག་བྱེད་བཞག་པ་དང་། གཞིག་བྱ་འཇིག་བྱེད་བཤིག་པ་དང་། གཞིལ་བྱ་འཇིལ་བྱེད་བཅིལ་པ་དང་། གཞུག་བྱ་འཇུག་བྱེད་བཅུག་པ་དང་། །གཟུག་བྱ་འཛུག་བྱེད་བཙུག་པ་དང་། །གཟུང་བྱ་འཛིན་བྱེད་བཟུང་བ་དང་། །གསད་བྱ་གསོད་བྱེད་བསད་པ་དང་། །ཞེས་སོགས་ཀྱི་གཅད་བྱ། །གཏང་བྱ། གདིང་བྱ་ཞེས་བྱ་ཚིག་སྦྱར་བ་དངོས་པོ་གཞན་དང་། གཅོད་པ་པོ། གཅོད་བྱེད། གཏོང་པ་པོ། འདིང་པ་པོ། འདིང་བྱེད་ཅེས་སོགས་བྱེད་ཚིག་སྦྱར་བ་དངོས་པོ་བདག་དང་འབྲེལ་བའི་བྱེད་ལས་ལའང་འཇུག འདིའི་བས་འཕུལ་འདས་ཚིག་གོ དེ་བཞིན་དུ་དས་འཕུལ་དངོས་པོ་གཞན་ལ་འཇུག་པ་སོགས་ནི། དགང་བྱ་འགེང་བྱེད་བཀང་དང་། དགག་བྱ་འགོག་བྱེད་བཀག་པ་དང་། །ཟོང་དགྲམ་འགྲེག་བྱེད་བཀྲམ་པ་དང་། །འགྲོལ་བྱ་གྲོལ་བྱེད་བཀྲོལ་བ་དང་། དགུག་བྱ་འགུག་བྱེད་བཀུག་པ་དང་། །དགོད་བྱ་འགོད་བྱེད་བཀོད་པ་དང་། དབུལ་བྱ་འབུལ་བྱེད་ཕུལ་བ་དང་། །དབབ་བྱ་འབེབ་བྱེད་ཕམ་པ་དང་། །དབུག་བྱེད་འབིག་བྱེད་ཕུག་པ་དང་། །དབྲོག་བྱ་འཕྲོག་བྱེད་ཕྲོགས་པ་དང་། །དབྱེ་བ་འབྱེད་བྱེད་ཕྱེ་བ་དང་། །སུན་དབྱུང་སུན་འབྱིན་སུན་ཕྱུངས་སོགས། །ཞེས་པ་ལྟ་བུ་འདི་དག་གིས་མཚོན་ནས་རྒྱ་ཆེར་རྟོགས་པར་བྱའོ།།

གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ལ། ཞེས་པ་ནས། འཇུག་གི་སྨོན་ཚིག་ཚིགས་རྐང་གཉིས་བཅས་ཤོ་ལོ་ཀ་ཕྱེད་དང་ཉི་ཤུ་རྩ་གསུམ་གསུངས། དེ་ལ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་དང་། དེའི་འཇུག་པ་རྒྱས་པར་བཤད་པ་གཉིས།

དང་པོ་ནི། མཁན་པོ་ཐོན་མི་སམྦྷོ་ཊས་ཡི་གེའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་ནའང་ཕལ་ཆེར་ནུབ་པའི་དབང་གིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་མི་གསལ་བར་བརྟེན། མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་ཙམ་སྣང་ཡང་། རེ་ཞིག་བཤད་སྦྱར་ཚིགས་བཅད་མ་ལྟར་ན། ད་བ་ས་གསུམ་རྗེས་འཇུག་གི་ཕོ་དང་། ག་ད་ན་མ་ར་ལ་དྲུག་མོ། འ་རྗེས་འཇུག་གི་མ་ནིང་དུ་བྱས་ནས། སླར་ཡང་ནང་གསེས་ཀྱི་དབྱེ་བ་ནི། ཕོ་ལ་གསུམ་སྟེ། ས་སྐྱེས་བུ་རབ། ད་འབྲིང་། བ་སྐྱེས་བུ་ཐ་མ་དང་། མོ་ལ་ག་ར་ལ་གསུམ་མོ་ཙམ་དང་། ང་ན་མ་གསུམ་ཤིན་ཏུ་མོ་སྟེ་གཉིས། འ་ཡིག་གྲོགས་ཀྱི་དབང་གིས་མ་ནིང་གསུམ་དུ་འགྱུར་རོ། །རྗེས་འཇུག་རྟགས་ཀྱི་དབྱེ་བ་ནི། །ད་བ་ས་གསུམ་ཕོ་ཡིན་ཏེ། །ག་ང་ན་མ་ར་ལ་དྲུག །མོ་ཡིན་འ་ནི་མ་ནིང་ངོ་། །ས་རབ་ད་འབྲིང་བ་ཐ་མ། །ག་ར་ལ་གསུམ་མི་ཙམ་སྟེ། །ང་ན་མ་གསུམ་ཤིན་ཏུ་མོ། །འ་ཡིག་མ་ནིང་གསུམ་གར་འགྱུར།

གཉིས་པ་དེའི་འཇུག་པ་རྒྱས་པར་བཤད་ཤ་ལ་བཞི། །གང་ལ་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་བཤད་པའོ།།

དང་པོ་གང་ལ་གང་གིས་འཇུག་པ་གཉིས་ནི། རྗེས་འཇུག་བཅུ་པོ་དེ་སྔོན་འཇུག་དང་མི་འདྲ་བར་མིང་གཞིའི་ཡི་གེ་ཐམས་ཅད་ལ་འཇུག་སྟེ། དཔེར་ན། ཀག ཀང་། ཀད། ཀན། ཀབ། ཀམ། ཀའ། ཀར། ཀལ། ཀས་ཞེས་པ་སོགས་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་གོ གསུམ་པ་ཇི་ལྟར་འཇུག་པ་ལ་གཉིས། སྒྲ་ཡི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་ལོ། ། དོན་གྱི་འཇུག་ཚུལ་ལོ། །དང་པོ་ལ་དྲག་ཞན་སྤྱིའི་འཇུག་ཚུལ་ནི། ཕོ་ཡིག་ད་བ་ས་གསུམ་སྐད་གདངས་དྲག་པའི་ཚུལ་དང་། མོ་ཙམ་དང་། ཤིན་ཏུ་མོ་སྐད་དང་ཞན་པའི་ཚུལ་དང་། མ་ནིང་སྐད་གདངས་བར་མའི་ཚུལ་གྱིས་འཇུག་གོ ནས་གསེས་ཀྱི་འཇུག་ཚུལ་ནི། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ་རང་རང་གི་སྡེ་བའི་ཕོ་ཡིག་ཚེག་པར་གཅིག་ཏུ་ཚོགས་པ་ནི། དྲག་པ་གསུམ་ཁོ་ན་ཕྲད་པས་སྒྲ་དྲག་པ་སྟེ། དེ་ལའང་བཀས། བཅས། བཏུས། བཙས་ལྟ་བུ་དྲག་པའི་དྲག་པ་དང་། བཀད། བཅད། བཏད། བཙད་ལྟ་བུ་དྲག་པའི་འབྲིང་དང་། བཀབ། བཅབ། བཏབ། བཙབ་ལྟ་བུ་དྲག་པའི་ཞན་པ་སྟེ། རིམ་པ་བཞིན་སྐྱེས་བུ་རབ་འབྲིང་ཐ་མ་རྗེས་སུ་འཇུག་པས་སོ། །སྔོན་འཇུག་མིང་གསུམ་མོ་ཡིག་ཁོ་ན་ཚོགས་པ་ཞན་པ་སྟེ། དེ་ཡང་འགག འགར། འགལ། འདག འདར། འཇལ་ལྟ་བུ་མོ་ཙམ་དང་ཕྲད་པ་ཞན་པའི་དྲག་པ་དང་། འགང་། འདོན། འཇམ། འབང་། འཛམ་ལྟ་བུ་ཤིན་ཏུ་མོ་དང་ཕྲད་པ་ཞན་པར་འཇུག་པའོ། །མ་ནིང་འ་ཡིག་གི་འཇུག་ཚུལ་ནི། རྒྱལ་བའི་བཀའ། བཅའ་བ། གཏའ་མ། མེ་བཙའ་ལྟ་བུ་ཕོ་ཡིག་དང་ཕྲད་ན་སྒྲ་དྲག་པ་དང་། འགའ། འཇའ། འདའ། འབའ། ལྟ་བུ་མོ་ཡིག་དང་ཕྲད་ན་ཞན་པར་འགྱུར་བས་ན་འགྱུར་བ་མ་ནིང་དང་། བགའ། བདའ། བཟའ་བ། བཤའ་མ་ལྟ་བུ་སྔོན་འཇུག་ཕོ་དང་མིང་གཞི་མོ་ཡིག་སྟེ། ཕོ་མོ་གཉིས་ཀ་དང་ཕྲད་ན་ཞན་གཉིས་ཀའི་ཆ་དང་ལྡན་ཕྱིར་མཚན་ཉིད་མ་ནིང་དང་། ཁའོ། ཆའ། ཐའ། ཕའ། ཚྭའོ་ལྟ་བུ་མིང་གཞི་མ་ནིང་ཙམ་དང་ཕྲད་ན་དྲག་ཞན་གང་དུ་ཡང་མི་འགྱུར་བས་ན་མཚན་མེད་མ་ནིང་ཞེས་བྱ་སྟེ། འ་ཡིག་གཅིག་པུ་གྲོགས་ཀྱི་དབང་གིས་གསུམ་གར་འགྱུར་བ་ཡིན་གྱི་ངོ་བོའི་སྒོ་ནས་མིན་ནོ། །མིང་རྗེས་འཇུག་མེད་པའི་མཐར་འ་ཡིག་འཐོབ་ཀྱང་སྐད་གསར་བཅད་ལ་ཡིག་ཚོགས་སྐྱུང་བའི་ཆེད་མ་བཞག་པའོ། །དེ་ལ་བཤད་ཚུལ་མང་ཡང་རེ་ཤིག་དེ་ཙམ་མོ། །

གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས་ལས། སྔ་མ་གང་ལྟར་གྱུར་པ་ནི། རྗེས་འཇུག་རྣམས་རང་ཉིད་འཇུག་པའི་མིང་དེ་ཉིད་ཀྱི་སྔོན་རྗེས་གཉིས་ཀས་ཐུན་མིང་དུ་དོན་སྟོན་ཚུལ་ལ། སྔ་མ་སྔོན་འཇུག་གི་ནུས་པ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ལྟར་ཏེ། ལྷ་བསྒོམས། ཆོས་བསྒྲུབས་སོགས་འདས་པ་དང་། བསྒོམ་བྱ། བསྒྲུབ་བྱ་སོགས་དངོས་པོ་གཞན་དང་། བསྒོམ་པར་བྱ། བསྒྲུབ་པར་བྱ་སོགས་བྱ་བའི་ལས་བསྒྲུབ་པ་སོགས་སྔོན་འཇུག་ཏུ་མ་ཟད། རྗེས་འཇུག་གིའང་ནུས་པ་ཡིན་པ་དང་། དེ་བཞིན་དུ་མ་ནིང་ག་ད་གཉིས་དང་། མོ་ཙམ་དང་། ཤིན་ཏུ་མོ་རྣམས་ཀྱི་དཔེར་བརྗོད་གོང་དུ་བཀོད་པ་ཐམས་ཅད་ཀྱང་དོན་སྟོན་པ་སྔོན་འཇུག་གཉིས་ཀའི་ནུས་པར་ཤེས་པར་བྱའོ། །གཉིས་པ་ཕྱི་མ་གར་ལྟར་འགྱུར་བ་ལ་གསུམ་ལས། དང་པོ་མིང་མཐའ་དྲག་ཞན་འདྲེན་ཚུལ་ནི། རྗེས་འཇུག་གི་ནུས་པས་ཕྱི་མ་ཚིག་ཕྲད་རྟགས་མཚུངས་སོགས་ཇི་ལྟར་འདྲེན་པ་ནི། མིང་མཐའི་རྗེས་འཇུག་ཕོ་ཡིག་གིས། །མིང་གཞིའི་ཕོ་ཡིག་དྲངས་ཏེ། དཔེར་ན། ཐུགས་ཀ། ཐད་ཀ ཐབ་ཀ། ཐབས་ཅིག སྐད་ཅིག ཆོས་པ། ཁྱབ་སྟེ། འཆོས་ཏེ། ལྟ་བུའོ། །དེ་བཞིན་དུ་མོ་ཡིག་གིས་མོ་དྲངས་ཏེ། ལྟག་ག མཐིང་ག གསུམ་ག ཉན་ག འཆར་ག རལ་ག དགར་བ། རལ་བ། འབྱུང་བ། ཉུང་མ། ཟར་མ་ཞེས་སོགས་དང་། མ་ནིང་གིས་མ་ནིང་དྲངས་པ་ནི། འདའ་ཁ། སྐྱེ་ཁ་མ། དགའ་ཁ། བུ་བཙའ་ཁ། ཟས་འཇུ་ཁ་སོགས་ལྟ་བུ་རྟགས་མཚུངས་དྲངས་པ་དང་། ཕྱིན་ཏོ། གྱུར་ཏོ། །བསལ་ཏོ་ལྟ་བུ་ད་དྲག་ཐོབ་པ་དང་། དགོན་པ། འཇམ་པ། དམ་པ། འདོན་པ། རྟག་སྟེ། འབྱུང་སྟེ། འདོན་ཏེ། ཤར་ཏེ། གལ་ཏེ། སོགས་རྟགས་མཚུངས་མིན་ཡང་བརྗོད་བདེ་བའི་དབང་དུ་བྱས་པའོ། །

གཉིས་པ་རྣམ་དབྱེ་སྔ་ཤུགས་འདྲེན་པའི་ཚུལ་ནི། བཤད་མ་ཐག་པའི་མིང་མཐའ་དེ་ཉིད་ཀྱིས་རང་སྒྲ་མཐུན་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་འདྲེན་ཏེ། སྔར་སུམ་ཅུ་བར་བཤད་པ་ལྟར་རྗེས་འཇུག་ས་ཡིག་གི་མཐར་སུ་དང་། ག་བ་ད་དྲག་གི་མཐར་ཏུ་དང་། ང་ད་ན་མ་ར་ལའི་མཐར་དུ་དང། འ་དང་མཐའ་རྟེན་མེད་པའི་མཐའ་རུ་དང་། ད་བ་སའི་མཐར་ཀྱི་དང་། ག་ངའི་མཐར་གི་དང་། ན་མ་ར་ལའི་མཐར་གྱི་དང་། འ་དང་མཐའ་རྟེན་མེད་པའི་མཐར་འུ་དང་ཡི་གང་རུང་དང་། རྣམ་དབྱེ་ལྔ་བའི་ནས་ལས་དང་། རྣམ་དབྱེ་བརྒྱད་པའི་བོད་པའི་སྒྲ་ཀྱེ་དང་ཀྭ་ཡེ་སོགས་འདྲེན་ནོ། །གཞན་ཡང་ཚིག་ཕྲད་འདྲེན་པ་ནི། །སླར་བསྡུའི་སྒྲ་གོ་ངོ་དོ་ནི་སོགས་དང་། ལྷག་བཅས་ཀྱི་སྒྲ་སྟེ་ཏེ་དང་། འབྱེད་པ་དང་སྡུད་པ་གམ་ངམ་དམ་སོགས་དང་། ངེས་གཟུང་ངམ་བསྣན་པ་ནིའི་སྒྲ་དང་། ནས་དང་ནིའི་སྒྲ་དགར་བ་ལའང་འཇུག་པ་དང་། བདག་པོའི་སྒྲ་པ་བ་བོ་ཅན་སོགས་དང་། དགག་སྒྲ་མ་མེད་མིན་དང་། བདག་པོའམ་དགག་སྒྲ་གསར་དུ་སྦྱར་བ་མ་ཡིན་པ་བུམ་པ། ཀ་བ། གོང་མ། འོག་མ་ཞེས་པ་ལྟ་བུའི་པ་བ་མ་རྣམས་མིང་གི་ཆ་ཤས་སྒྲུབ་བྱེད་དུ་གནས་པའི་སྒྲུབ་པ་དང་། ཀྱང་ཡང་འང་ཚིག་རྒྱན་དང་སྡུད་པ་ལའང་འཇུག་པ་དང་། དེ་ཞེས་པའི་སྒྲ་དུས་འདས་པ་དང་མ་འོངས་པ་ལའང་འཇུག་པ་སོགས་དོན་འདྲ་ནའང་ཡིག་གཟུགས་མི་འདྲ་བར་འབྱུང་བ་དེ་དག་ཐམས་ཅད་མིང་མཐའ་སྔ་མའི་ཤུགས་ཀྱིས་རང་རང་གི་སྒྲ་མཐུན་དང་རྟགས་མཚུངས་ཅི་རིགས་འདྲེན་པའི་ཆེད་འབྱུང་བ་ཡིན་ཏེ། དཔེར་བརྗོད་སུམ་ཅུ་པའི་སྐབས་འབྱུང་བ་རྣམས་ཡིན་ནོ། །

དོན་བསྡུ་ན། མིང་མཐའ་དེ་དག་ཉིད་ཀྱིས་ནི། ནས། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །ཞེས་པའི་བར་གྱི་ཚིགས་རྐང་དགུ་ནི། མིང་སྔ་མའི་མཐའ་རྟེན་སོ་སོའི་དབང་གིས་རང་རང་གི་རྟགས་མཚུངས་སམ་སྒྲ་མཐུན་བརྗོད་བདེ་འདྲེན་པའི་ཕྱིར་རྣམ་དབྱེ་དང་ཚིག་ཕྲད་གཟུགས་མི་འདྲ་བ་འབྱུང་ངོ་། །ཞེས་པའི་དོན་ཏེ། ཆོས་དངོས་ནི་རྣམ་དབྱེ་དང་པོ་དང་། སྦྱིན་པ་རྣམ་དབྱེ་བཞི་པའི་མིང་ངོ་།།

གསུམ་པ་དེའི་ནང་གསེས་འཇུག་ཚུལ་ནི། དེ་དག་ནང་གསེས་གང་འཇུག་པ། །ནས། དེ་དག་ནང་གསེས་རྣམ་པར་དབྱེ། །ཞེས་པའི་བར་ཤོ་ལོ་ཀ་ཕྱེད་ཀ་དང་ལྔ་གསུངས། དེ་ཡང་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གང་དང་གང་འཇུག་ཚུལ་ནི། མིང་ཚིག་སྔོན་དང་ཚིག་ཕྲད་དེ་དག་གང་དང་གང་འཇུག་ཚུལ་ནི། མིང་ཚིག་སྔོན་མ་སོ་སོའི་འཕྲོ་ལ་དེ་མ་ཐག་སྦྱར་རྒྱུའི་ཚིག་དོན་འོག་མ་གང་ཡིན་དེའི་ནུས་པས་ཤེས་དགོས་ཏེ། དཔེར་ན། ངོ་བོ་ཙམ་བརྗོད་པའི་མིང་ལྷ་ཞེས་པའི་འཕྲོ་ལ་ལེགས་སྦྱར་ལ་རྣམ་དབྱེ་དང་པོ་སྦྱར་ཡོད་ན་མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྱུར་པ་ཡིན་ཀྱང་། བོད་ལ་མིང་དེ་ཀ་རང་ལ་རྣམ་དབྱེ་དང་པོ་ཞེས་པ་མ་གཏོགས་རྣམ་དབྱེ་ལོགས་སུ་སྟེར་རྒྱུ་མེད་དོ། རྣམ་དབྱེ་སྦྱར་བའི་མིང་ཙམ་ལ་སྤྱིར་འཇུག་ཅེས་བྱ་སྟེ། མིང་དེ་རྣམ་དབྱེ་དང་ཚིག་ཕྲད་རྣམས་སྦྱར་རྒྱུའི་སྤྱི་ལ་འཇུག་པས་ན་སྤྱིར་འཇུག་ཅེས་བཏགས་པར་མངོན་ནོ། །མིང་དེའི་མཐར་དེ་མ་ཐག་སྦྱར་བའི་དོན་གསལ་བྱེད་ཆར་འབེབས་པར་བྱེད་ཅེས་པ་ལྟ་བུ་བྱེད་པའི་སྒྲ་ཡོད་ན་མིང་སྔོན་མའི་མཐར་རྣམ་དབྱེ་གསུམ་པ་འཇུག་སྟེ། ལྷས་ཆར་འབེབས་པར་བྱེད། ཅེས་པ་ལྟ་བུའོ། །དེ་བཞིན་དུ་ཚིག་དོན་འོག་མར་ཆེད་དུ་བྱེད་པའི་སྒྲ་མཆོད་པ་འབུལ་ལྟ་བུ་ཡོད་ན་རྣམ་དབྱེ་བཞི་བ་འཇུག་སྟེ། ལྷ་ལ་མཆོད་པ་འབུལ་ལྟ་བུ་དང་། བདུད་རྩི་ཡོད་ལྟ་བུ་རྟེན་བྱེད་སྒྲ་ཡོད་ན་རྣམ་དབྱེ་བདུན་པ་འཇུག་སྟེ། ལྷ་ལ་བདུད་རྩི་ཡོད། ལྟ་བུ་དང་། བལྟ་བར་བྱ་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན་རྣམ་དབྱེ་གཉིས་པ་འཇུག་སྟེ། ལྷ་རུ་བལྟ་བར་བྱ། ལྟ་བུ་དང་། དངོས་གྲུབ་བླང་ལྟ་བུ་འབྱུང་ཁུངས་ཀྱི་སྒྲ་ཡོད་ན་རྣམ་དབྱེ་ལྔ་པ་འཇུག་སྟེ། ལྷ་ལས་དངོས་གྲུབ་བླང་། ལྟ་བུ་དང་། ཚིག་དོན་འོག་མར་བསྒྲུབས་པར་བྱ་བ་དར་གོས་ལྟ་བུ་འབྲེལ་བའི་སྒྲ་ཡོད་ན་མིང་སྔ་བའི་མཐར་རྣམ་དབྱེ་དྲུག་པ་འཇུག་སྟེ། ལྷ་ཡི་དར་གོས། ལྟ་བུ་དང་། མིང་དེའི་སྔོན་དུ་བོད་པའི་སྒྲ་ཀྱེ་ལྟ་བུ་ཡོད་ན་རྣམ་དབྱེ་བརྒྱད་པ་འདྲེན་པ་ཡིན་ཏེ། ཀྱེ་ལྷ། ཞེས་པ་ལྟ་བུའོ།།

གཞན་ཡང་ཚིག་ཕྲད་འདྲེན་པ་ནི། ཚིག་དོན་འོག་མ་ལས་གོང་མའི་དོན་ལྷག་མ་འདྲེན་རྒྱུ་ཡོད་པ་རྣམ་མཁྱེན་གྱི་བར་ཞེས་པ་ལྟ་བུ་ཡོད་ན། མིང་སྔ་མའི་མཐར་ནས་ལྟ་བུ་སྡུད་པའི་སྒྲ་འདྲེན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར། ཞེས་པ་ལྟ་བུ་དང་། དོན་ལྷག་མ་བསྡུ་རྒྱུ་མེད་ན་གཟུགས་སོ། །ཚོར་བའོ་ལྟ་བུ་སླར་བསྡུའི་སྒྲ་འདྲེན་ནོ། །ཚིག་དོན་གོང་མ་ལས་ཀྱང་དེ་བཞིན་དུ་དོན་ཕྱི་མ་འདྲེན་ཏེ། ཇི་སྙེད་ཅེས་པས་དེ་སྙེད་ཅེས་པ་འདྲེན་པ་དང་། ཇི་སྐད་ཀྱི་དེ་སྐད་དང་། ཇི་ལྟར་གྱིས་དེ་ལྟར་དང་། གང་ཡིན་གྱིས་དེ་ཡིན་ཞེས་པ་འདྲེན་པ་ལ་སོགས་པའོ། །མིང་ཚིག་གི་རྣམ་གྲངས་དག་བཀོད་པ་ནི། །དཔེར་ན། འདམ་སྐྱེས་རྣམས་ནི་རབ་ཏུ་བྱེ། འདབ་རྒྱས་ཀེ་སར་སོ་ཕྲེང་རྒོད། །དྲི་བསུང་འཐུལ་བས་ཕྱོགས་ཀུན་ཁྱབ། །བུང་པའི་དགའ་སྟོན་རྣམ་པར་འཕེལ། །ཞེས་པ་ལྟ་བུ་སྟེ། རབ་ཏུ་བྱེ། རྒྱས། རྒོད། འཐུལ། ཁྱབ། འཕེལ་རྣམས་དོན་པདྨ་ཁ་བྱེ་ནས་རྒྱས་པ་ལ་འཇུག་པས་དོན་བསྐྱར་ཡང་ཚིག་མི་འདྲ་བས་བསྐྱར་བལྡབ་ཀྱི་སྐྱོན་མེད་ཅིང་། ལེགས་སོ་ལེགས་སོ་ལེགས་པ་གསུངས། ཞེས་དང་། མེ་ཏོག་གཏོར། མངོན་པར་གཏོར་མངོན་པར་རབ་ཏུ་གཏོར། ཞེས་པ་ལྟ་བུ་ཚིག་བསྐྱར་ཡང་དོན་ལེགས་སོ་འབུལ་བ་ཆུང་འབྲིང་ཆེ་གསུམ་དང་། གཏོར་བ་ཆུང་འབྲིང་ཆེ་གསུམ་ལ་བྱེད་པས་དོན་བསྐྱར་བའི་སྐྱོན་མི་འབྱུང་ངོ་། །

ཕྱི་མར་མིང་ཚིག་གི་རྣམ་གྲངས་གཉིས་གསུམ་སོགས་བགོད་ཡོད་ན་དོན་སྔ་མ་བསྐྱར་བ་ལ་འཇུག་པ་དང་། ཕྱི་མར་ཕོ་སྒྲ་སྟེ་བདག་པོའི་སྒྲ་མེད་པ་ལ་གསར་དུ་སྦྱར་ཡོད་ན་མིང་སྔ་མ་བདག་པོའི་སྒྲར་འགྱུར་ཞིང་། མོ་སྒྲ་དགག་ཚིག་མེད་པ་ལ་གསར་དུ་སྦྱར་བ་ཡིན་ན་མིང་སྔ་མ་དེ་ཉིད་དགག་སྒྲ་ཅན་དུ་འགྱུར་རོ། །རྒྱན་དུ་གྱུར་པ་ཀྱང་ཡང་འང་རྣམས། དོན་མཐུམ་པ་ཡིན་ན་མིང་སྔ་མ་ལ་མཐུན་པའི་ཚིག་ཕྲད་སྦྱར་ཞིང་། ཚིག་སྔ་ཕྱི་མི་མཐུན་ན་མི་མཐུན་པའི་ཚིག་ཕྲད་སྦྱར་རོ། །ཚིག་གི་རྒྱན་ལའང་དོན་ལ་སྙེག་པ་སྟེ་དོན་ལོགས་སུ་སྟོན་རྒྱུ་ཡོད་ན་ངེས་པར་སྦྱར་དགོས་ལ། དོན་ལྷག་པ་སྙེག་རྒྱུ་མེད་པ་ཚིག་གི་ཁ་སྐོང་ངམ་མཛེས་བྱེད་ཙམ་དུ་སྦྱར་བ་རྣམ་པར། ངེས་པར། རབ་ཏུ་ཞེས་པ་ལྟ་བུ་ཡིན་ཚེ་དོན་ལ་སྦྱོར་མི་སྦྱོར་གང་བྱས་ཀྱང་རུང་ངོ་། དོན་སྔ་མའི་འཕྲོད་དེ་མ་ཐག་བསྟན་བྱ་ལྷག་མ་ཡོད་ན་སྔ་མར་ལྷག་བཅས་ཀྱི་སྒྲ་སྦྱར་ཞིང་། བསྟན་བྱ་ལྷག་མ་མེད་ན་སླར་བསྡུའི་སྒྲ་རྫོགས་ཚིག་སྦྱར་རོ། །

དེ་ལྟར་བརྗོད་བྱའི་དོན་རྫོགས་པ་དང་མ་རྫོགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་འཇུག་ཅིང་དོན་ཇི་ལྟར་སྟོན་ཚུལ་རྣམ་པར་དབྱེ་བར་བྱའོ། །

གོང་གི་མིང་མཐའ་དེ་དག་ཉིད་ཀྱིས་ནི་ཞེས་སོགས་ཀྱི་མིང་སྔ་མའི་མཐའི་རྗེས་འཇུག་གི་ནུས་པས་རྣམ་དབྱེ་སོགས་འདྲེན་ཚུལ་ཡིན་ལ། འདིར་ནི་ཚིག་དོན་འོག་མའི་ནུས་པས་མིང་སྔ་མ་ལ་རྣམ་དབྱེ་དང་ཚིག་ཕྲད་འཐོབ་ཚུལ་འཆད་བྱེད་ཡིན་པས་ཁྱད་པར་ཡོད་དོ། །མིང་མཐའི་རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་འཐོབ་ཚུལ་ནི། སླར་བསྡུའི་སྐབས་སུ་རྗེས་འཇུག་བཅུ། །རང་འདྲར་རྣ་རུ་སྦྱར་བ་དང་། །ན་ར་ལ་གསུམ་རྗེས་སུ་ནི། །ད་དྲག་ཐོབ་ཚེ་ཏ་ལ་སྦྱར། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་རྟེན་མེད་བའི་མཐར། །ར་དང་རུ་ནི་གང་རིགས་སྦྱར། ད་བ་ས་ཀྱི་ག་ང་གི། །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་རྟེན་མེད་མཐར་འི། །རྐང་པ་སྐོང་ཚེ་ཡི་ཐོབ་བོ། །ག་ད་བ་ས་ད་དྲག་མཐར། །ཀྱང་དང་རྗེས་འཇུག་གཞན་གྱི་མཐར། །འང་ཐོབ་རྐང་པ་སྐོང་ཚེ་ཡང་། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །མཐའ་རྟེན་མེད་མཐར་ས་སྟེ་ཐོབ། །འབྱེད་སྡུད་སྐབས་སུ་རྗེས་འཇུག་བཅུ། །རང་འདྲར་མ་ཡིག་སྦྱར་བ་དང་། །ད་དྲག་ཐོབ་ཚེ་ཏ་དང་སྦྱར། །ག་ད་བ་ས་ན་མའི་མཐར། །བ་ཕྱེད་ང་འ་ར་ལ་བ། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ང་ན་མ་འ་ར་མ་དང་། །རྗེས་འཇུག་མེད་པའི་མིང་གི་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག ས་མཐར་དམིགས་བསལ་ཞེས་མ་གཏོགས། ཤེས་ཤིག་ཤེའོ་ཤེ་ན་འཐོབ། །ཁ་ཅིག་ལྷན་ཅིག་ཅིག་ཅར་སོགས། ཅིག་ནི་མིང་གི་ཆ་ཤས་ཡིན། །ཞེས་པ་སྟེ། དཔེར་བརྗོད་རྣམས་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ལས་ཤེས་པར་བྱའོ། །

རྣམ་དབྱེ་ཞེས་པ་ནི། ཆོས་གཉིས་མ་འདྲེས་པར་སོ་སོར་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲག་ཅིག་ལ་རྣམ་དབྱེ་ཞེས་པ་ཡིནཏེ། །རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་བརྗོད་པ་བུམ་པ་ཞེས་པ་ལའང་བུམ་པའི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ཤིག་ཡིན་པར་ཁས་ལེན་དགོས་སོ། །རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། ལས་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་ལས་ལ་ཉེ་བའི་རྣམ་དབྱེ་ཡིན། རྣམ་དབྱེ་གསུམ་པ་བྱེད་པ་ནི། བྱེད་པ་པོ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་བྱེད་པ་པོ་ལ་ཉེ་བ་དང་། རྣམ་དབྱེ་བཞི་བ་དགོས་ཆེད་ནི། །དགོས་པ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་དགོས་པ་ལ་ཉེ་བ་དང་། ལྔ་བ་འབྱུང་ཁུངས་ནི། འབྱུང་ཁུངས་དང་བྱུང་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྱུང་ཁུངས་ལ་ཉེ་བ་དང་། དྲུག་པ་འབྲེལ་བ་ནི། འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྲེལ་ཡུལ་ལ་ཉེ་བ་དང་། རྣམ་དབྱེ་བདུན་པ་རྟེན་གནས་ནི། གནས་དང་གནས་པ་པོ་གཉིས་སོ་སོར་འབྱེདཅིང་གཙོ་བོར་གནས་ལ་ཉེ་བའི་རྣམ་དབྱེ་ཡིན་ཞིང་། རྣམ་དབྱེ་བརྒྱད་པ་བོད་པ་ནི། །འབོད་པའི་བརྡ་སྦྱར་བ་ཙམ་མ་གཏོགས་དོན་རྣམ་དབྱེ་དང་པོ་ལས་ལོགས་སུ་མེད་ལ། རྣམ་དབྱེ་རྣམས་ཚིག་ཕྲད་ཡིན་ཡང་ཚིག་ཕྲད་རྐྱང་པ་མིན་ནོ།།

ཚིག་ཕྲད་ནི། ཚིག་སྔ་ཕྱིའི་བར་དུ་མཚམས་སྦྱོར་བྱེད་དུ་འབྱུང་བ་ཤས་ཆེ་བ་ཞིག་ལ་བྱེད་པ་ཡིན་ཞིང་། ལེགས་སྦྱར་གྱི་ཚིག་ཕྲད་ནི་པཱ་ད་དང་དོན་མི་འདྲའོ། །

བཞི་པ་ཅིའི་ཕྱིར་འཇུག་པ་བཤད་པ་ལ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ཞེས་པ་མན་ཆད་དེ། རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་ནི། །དོན་བསྡུ་ན། སྤྱིར་ཡི་གེ་ནི་མིང་ཚིག་རྗོད་པ་ཐམས་ཅད་འབྱུང་བའི་རྩ་བའི་རྒྱུ་ཡིན་ཏེ། ཡི་གེ་རེ་རེ་བ་འདུས་པའི་ཁོངས་ནས་མིང་ཕྱུངས། མིང་འདུས་པ་ལས་ཚིག་ཕྱུངས་ནས་བརྗོད་བྱའི་དོན་ཐམས་ཅད་སྟོན་པར་བྱེད་པའི་ཕྱིར། ཚིག་ནི་མིང་གཞི་ལ་རྗེས་འཇུག་གང་ཡང་རུང་བ་ཞིག་མ་ཞུགས་ན་རྣམས་དབྱེ་དང་ཚིག་ཕྲད་སོགས་སྦྱར་བ་མི་སྲིད་དེ། རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་འདྲེན་པ་ཡིན་པའི་ཕྱིར་རོ། །རང་འབྲས་མིང་ཚིག་གི་གཞིར་གྱུར་བའི་སྐད་ཀྱི་གདངས་དེ། ཡི་གེའི་མཚན་ཉིད་ཡིན། དབྱེ་ན། དབྱངས་དང་། གསལ་འབྱེད་གཉིས་ཡོད། དོན་གྱི་ངོ་བོ་ཙམ་བརྗོད་པའི་སྒྲ་དེ། མིང་གི་མཚན་ཉིད། དཔེར་ན། ཀ་བ། བུམ་པ་ཞེས་པ་ལྟ་བུ། དེ་འདྲའི་སྒྲ་དེ་ཀ་བ་དང་བུམ་པའི་ངོ་བོ་ཙམ་གྱི་མིང་ཡིན་པའི་ཕྱིར། དོན་གྱི་ངོ་བོ་དང་ཁྱད་ཆོས་སྦྱར་ནས་སྟོན་པའི་སྒྲ་དེ། ཚིག་གི་མཚན་ཉིད། དཔེར་ན། ཙན་དན་གྱི་ཀ་བ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། ། སྒྲ་དེ་དོན་གྱི་ངོ་བོ་ཀ་བ་དང་ཁྱད་ཆོས་ཙན་དན་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར། མོ་ཡིན་དབྱངས་མེད་ན། ཕོ་ཡིག་གསལ་བྱེད་རྐྱང་བ་གདངས་ཀྱི་ང་རོ་དང་བྲལ་བས་བརྗོད་པ་མེད་པར་འགྱུར་ལ། ཕོ་ཡི་དེ་དག་དབྱངས་དང་ལྡན་ནའང་སྔོན་འཇུག་ཡོད་མེད་གང་ཡང་རུང་། རྗེས་འཇུག་མ་ཞུགས་ན་མིང་དང་རྣམ་དབྱེ་ཚིག་ཕྲད་སོགས་སྦྱར་བའི་ཚིག་ཀྱང་གསལ་མི་ནུས་ཤིང་། མིང་ཚིག་གསལ་བ་མེད་ན་བརྗོད་བྱའི་དོན་རྣམས་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་རྗོད་བྱེད་ངག་ཀྱང་ཡོད་པར་མི་འགྱུར་རོ། །

འདིར་དབྱངས་ཡིག་ཅེས་པ་དབྱངས་མཚོན་བྱེད་གུ་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞི་ལ་བྱ་སྟེ། ཨ་ཡིག་ནི་གང་ལ་འདོགས་པའི་གཞི་བརྗོད་དོན་ཙམ་མ་གཏོགས་གསལ་བྱེད་ཡིན་པའི་ཕྱིར། དེས་ན་བོད་ལ་ལེགས་སྦྱར་ལྟར་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་མེད་ཅིང་རྗེས་འཇུག་ཞུགས་པས་གོ་ཆོད་པར་མཛད་དེ། སུམ་ཅུ་པ་ལས། རྗེས་འཇུག་བཅུ་པོ་མ་ཞུགས་ན། མིང་གཞན་སྦྱོར་བ་ཡོད་མི་སྲིད། ཅེས་དང་།

འདིར་ཡང་རྗེས་འཇུག་གི་འཇུག་པ་འཆད་པ་ན། རྗེས་འཇུག་ནི་ཡི་གེ་ཐམས་ཅད་ཀྱི་མཇུག་ཏུ་ཁྱད་པར་མེད་པར་འཇུག་པར་གསུངས་པ་དང་། འཇུག་པར་བཅས་པ་མེད་པར་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། ཞེས་གསུངས་བའི་ཕྱིར་རོ། །དེས་ན་རྗེས་འཇུག་གཞན་དགུ་བོ་གང་རུང་མེད་པའི་མཐར་འ་ཡིག་རེ་ངེས་པར་བཞག་པ་སྒྲ་བསྒྱུར་སྔ་མ་རྣམས་ཀྱིས་མཛད་ལ། དཔེར་ན། ཀ་ཞེས་བརྗོད་པའི་ཚེ་རྗེས་འབྲེལ་དུ་འ་ཡིག་མི་གསལ་བའི་ཚུལ་དུ་ཡོད་པའི་ཕྱིར་རོ། །སྐད་གསར་བཅད་ལ། དགའ། མདའ། བཟའ་ལྟ་བུ་ཡིག་རྐྱང་འཕུལ་ཡིག་ཅན་ལ་འ་ཡིག་མཐའ་རྟེན་དངོས་སུ་མེད་ན་མིང་གཞི་རྗེས་འཇུག་ཏུ་འཁྲུངས། བརྩེགས་པ་དང་འདོགས་ཅན་ལ་འཁྲུལ་གཞི་མེད་པས་ཡིག་ཚོགས་སྐྱུང་བའི་ཆེད་མ་བཞག་པ་ཡིན་ཏེ། རྔོག་ལོ་ཆེན་པོའི་དག་ཡིག་ཉེར་མཁོ་བསྡུས་པ་ལས། །རྐྱང་བ་འཕུལ་ལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤང་། །ཞེས་གསུངས། །བུ་དྲུག་ནི་གུ་གུ་སོགས་བཞི་དང་ར་བཏགས་ཡ་བཏགས་བཅས་དྲུག་ལ་བཤད་དོ། །དེ་ལྟར་གོང་སྨོས་བཞིན་མིང་ཚིག་རྗོད་པ་ཐམས་ཅད་མེད་ན་ནི་འཇིག་རྟེན་དུ་དོན་མཚོན་པའི་རྗོད་བྱེད་ཀྱི་སྒྲ་ཀུན་ཀྱང་མེད་པར་འགྱུར་བས། རིག་པའི་གནས་སྤྱི་དང་བྱེ་བྲག་ཏུ་གཞན་སྡེའི་རིག་བྱེད་བཞིའི་དོན་སྨྲ་བ་དང་། རང་སྡེའི་ཐེག་པ་གསུམ་གྱི་སྡེ་སྣོད་དང་། དེའི་བརྗོད་བྱ་བསླབ་པ་གསུམ་རྣམས་ཀྱང་མེད་པར་འགྱུར་རོ། །དཔེར་ན་འཇིག་རྟེན་དུ་སེམས་ཅན་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་སོགས་དང་། གྲུབ་མཐའ་མཆོག་དམན་དང་། གཞན་ཡང་དོན་གྱི་ཁྱད་པར་སྣ་ཚོགས་པ་ཡོད་མོད་ཀྱི། །དེ་དག་འདི་དང་འདིའོ་ཞེས་ཚིག་གིས་བརྡ་མ་སྤྲད་པར་རང་ཉིད་ཀྱིས་མི་ཤེས་པ་བཞིན་ནོ། །དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས་རང་རང་གི་སྨྲ་བའི་ངག་ཀུན་ལ་རང་ཆས་སུ་ཡོད་ཀྱང་། བརྡ་མ་སྤྲད་པར་ཚིག་རང་གི་ནས་ཚུལ་དེ་ཉིད་ཇི་བཞིན་མི་ཤེས་པས་ཚིག་འདིས་དོན་འདི་སྟོན་ནོ་ཞེས་དོན་ལ་སྦྱོར་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། །རྒྱ་མཚན་དེའི་ཕྱིར་འཕགས་ཡུལ་གྱི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་ཐོན་མི་ས་མྦྷོ་ཊ་བདག་གིས་བོད་ཀྱི་བརྡ་སྤྲོད་ཀྱི་ཚུལ་སྨྲས་པ་འདིའི་དོན་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་པར་གྱུར་ཅིག་ཅེས་ཐུགས་སྨོན་རྒྱ་ཆེར་མཛད་པའོ། །

སྨྲས་པ། གང་ཞིག་རྟོགས་ན་གསུང་རབ་དོན། མ་ནོར་ལྟ་བའི་འདྲེན་བྱེད་མཆོག སྦྱིན་མཛད་རྣམ་དག་བརྡ་སྤྲོད་གཞུང་། །གོ་སླའི་ངག་གིས་ཅུང་ཟད་བཀྲལ། །བརྗོད་དོན་འཁྲུལ་མེད་མཐོང་འདོད་དང་། །རང་གསལ་སྒྲོན་མེ་འདི་ཟུངས་ཤིག །དྲན་དབང་མི་གསལ་འགལ་འཁྲུལ་སོགས། །གང་མཆིས་གཟུར་གནས་མཁས་ལ་བཤགས། །འདིར་འབད་དགེ་བས་ཚེ་རབས་སུ། །དལ་འབྱོར་རྟེན་བཟང་རིམ་བརྒྱུད་དེ། །རིག་གནས་རྒྱ་མཚོའི་མཐར་སོན་ནས། །ཀུན་མཁྱེན་གླིང་དུ་ཕྱིན་དུ་གྱུར་ཅིག ཅེས་པ་འདི་ནི་ཁལ་ཁ་སེ་ཆེན་ཧན་གྱི་ཤོག་རིག་གནས་ལ་མཁྱེན་དཔྱོད་རབ་ཏུ་ཡངས་པ་ཏཱ་བླ་མ་བློ་བཟང་སྦྱིན་པས་མཁས་པ་ཆེན་པོ་བྲ་ཏི་དགེ་བཤེས་ཀྱི་སུམ་ཅུ་པའི་འགྲེལ་པ་རྒྱས་པར་བཞུགས་ནའང་། རྟགས་འཇུག་གི་བཤད་སྦྱར་ཚིགས་བཅད་མ་མདོར་བསྡུས་ཙམ་ལས་མ་མཐོང་བས་དཔེར་བརྗོད་དང་བཅས་ཅུང་ཟད་རྒྱས་ཙམ་ཞིག་དགོས་ཞེས་ལྷ་དར་པར་གྱི་མཐུན་རྐྱེན་དང་བཅས་བསྐུལ་བའི་ངོར། སྙོམས་ལས་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་སྦྱར་བ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག ། །

Be the first to comment

Leave a Reply

Your email address will not be published.


*