སྟོན་པ་བཅོམ་ལྡན་འདས་ཀྱི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།

སྟོན་པ་བཅོམ་ལྡན་འདས་ཀྱི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།

རྒྱ་གར་སྐད་དུ། ཨརྱ་པྲ་ཛྙཱ་ན་ཨེ་ཀ་ད་ཤ་ཤྲཱི་སུ་ཏྲ།
བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ་གཅིག་པའི་མདོ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ། དགེ་སློང་རྣམས་ལ་བཀའ་བསྩལ་བ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ།། བཅུ་གཅིག་གང་ཡིན་ཞེ་ན།
ཚེ་འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་པའི་འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་པའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་དུ་དག་ལ་ཡང་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ།།
བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ནས།
དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད། འདུ་ཤེས་བཅུ་གཅིག་སྟོན་པ་བཅོམ་ལྡན་འདས་ཀྱིས་ཞལ་ཆེམས་རྫོགས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*