ས་མདོས་ཆེན་མོ།

དཔལ་ས་སྐྱའི་ས་མདོས་ཆེན་མོ་འདི་ནི། དུས་རབས་བཅུ་གཅིག་པའི་ནང་ས་ཆེན་ཀུན་དགའ་སྙིང་པོའི་སྐུ་དུས་སུ་ཐོག་གསར་གཏོད་བྱུང་ཞིང་། དེ་རྗེས་ས་སྐྱ་གོང་མ་རིམ་བྱོན་གྱིས་རིམ་པར་རྒྱུད་འཛིན་དང་འཕེལ་རྒྱས་བྱུང་བ་ཡིན། ལྷག་པར་དཔལ་ས་སྐྱ་པའི་ཁྲི་རབས་ཉེར་གསུམ་པ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱི་སྐུ་དུས་སུ་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་དང་འཆམ་རིམ་སོགས་ལ་འཕོ་འགྱུར་ངེས་ཅན་བྱུང་བ་ནས་ད་ལྟ་བར་མ་ཉམས་པར་གནས་ཡོད། ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་ཁྲི་པ་གསར་པ་ཕེབས་པའི་དུས་སྟོན་ཆ་ཤས་དུ་སྔོན་དུས་ནས་མདོས་ཆེན་ཟབ་མ་ཚོགས་སྲོལ་ཡོད་པ་ལྟར་འདི་ལོར་དཔལ་ས་སྐྱའི་༧ སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་༧ དཔལ་ལྡན་ས་སྐྱ་པའི་ཁྲི་པ་གསར་པ་ཕེབས་པའི་དུས་སྟོན་དུ་བྱེས་ཀྱི་གདན་ས་དཔལ་ས་སྐྱའི་ཆོས་སྒར་དུ་ད་རིང་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་༧ སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གྱི་ངོ་བོ་རུ་ཚོགས་མགོན་དུ་དབུ་བཞུགས་ཐོག་མདོས་ཆེན་ཟབ་མ་ཚོགས་བཞིན་པའི་རྣམ་པ། ས་མདོས་ཆེན་མོ་འདི་ནི་བསྟན་པ་སྤྱི་ལ་བར་དུ་གཅོད་པའི་རྐྱེན་ངན་པ་རྣམས་བསལ་བར་བྱ་བའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན་མཆིས་སྔོན་དུས་ས་སྐྱ་གོང་མ་རིམ་བྱོན་གྱིས་སྒྲུབ་མཆོད་འདིར་གཟིགས་སྣང་ཆེན་པོས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་དེ་བསྟན་པའི་བར་ཆད་བཟློག་པར་མཛད་སྲོལ་ཡོད་པ་ཡིན་པར་ད་ལྟའི་བར་དུ་མི་ཉམས་པར་གནས་པ་ལགས་སོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*