དེང་སང་གྲོང་ཁྱེར་གྱི་ན་གཞོན་དང་ཕ་མའི་བརྩེ་དུང་།
རྔ་བཟའ་བདེ་པོ་འཚོས་བསྒྱུར།
བགྲེས་སོང་མིང་ལ་ཇཱམ་མཱེ་སུ་ཟེར་བ་རང་གི་བཟའ་ཟླ་དང་མཉམ་དུ་གྲོང་གསེབ་ཏུ་འཚོ་སྡོད་བྱས་ཀྱང་། བུ་ནི་གྲོང་ཁྱེར་ལ་བསྡད་ཡོད། ཉིན་ཞིག་ཇཱམ་མཱེ་སུ་རང་གི་བུ་ལ་ཐུག་འདོད་ཤིན་ཏུ་ཆེ་བས་གྲོང་ཁྱེར་དུ་ཕྱིན་ཏེ། དགའ་ཚོར་ཆེན་པོས་བུའི་ཁང་པའི་སྒོ་བརྡུངས་དུས། མི་ཆ་མེད་ཅིག་གིས་སྒོ་ཕྱེས་པ་དང་། ཁོས་རང་གི་བུའི་སྐོར་དྲིས་དུས་གཞི་ནས་བུ་ས་ཆ་གཞན་ཞིག་ལ་སྤོར་ཟིན་པ་ཤེས་ཚོར་བྱུང་བས་བློ་ཕམ་ཆེན་པོ་བྱུང་།
དེ་ནས་རེ་ཞིག་ལ་བསམ་བློ་བཏང་ནས་ཁྱིམ་མཚེས་ཚང་ལ་ཕྱིན་ཏེ་བུའི་གནས་སྡོད་ཁ་བྱང་བསླངས་པ་དང་། དེ་ཚང་ལ་བཀའ་དྲིན་ཞུས་ཏེ་བུའི་ལས་ཁུངས་སུ་ཕྱིན། ཁོ་བུའི་ལས་ཁུངས་སུ་འབྱོར་བ་དང་སྣེ་ལེན་ཁང་དུ་བུའི་སྐོར་དྲིས་དུས། སྣེ་ལེན་པ་ཞིག་གིས་བུ་ལ། ཁྱེད་ཀྱི་ཨ་ཕ་འདིར་སླེབས་འདུག་ཅེས་བརྗོད་དུས། བུ་དགའ་བ་ཚད་མེད་སྐྱེས་ཏེ་སྣེ་ལེན་པར། ཕ་མྱུར་དུ་ཁོའི་ལས་ཁུངས་སུ་གཏོང་རོགས་ཞེས་རེ་སྐུལ་ཞུས། ཨ་ཕ་ལས་ཁུངས་སུ་འཛུལ་མ་ཐག་བུས་རང་གི་ཕ་མཐོང་བ་དང་མིག་ཟུང་མཆི་མས་ཁེངས། ཕ་བུ་གཉིས་ཀྱིས་ཕན་ཚུན་ལ་གླེང་མོལ་སྟབས་བདེ་ཞིག་བྱེད་པའི་མོལ་ལ། “གཅེས་ཕྲུག ཨ་མས་ཁྱོད་མཐོང་ན་འདོད་པས། དེ་རིང་ང་དང་མཉམ་དུ་ནང་ལ་ལོག་ན་ག་འདྲ་འདུག” ཅེས་དྲིས་དུས། ”ཨ་ཕ་ལགས། དགོངས་པ་མ་འཚོམས་རོགས། ང་ལ་བྱ་བ་ཧ་ཅང་མང་བས་གལ་ཏེ་ང་ཕྱིན་སོང་ན། བྱ་བ་འདི་དག་བཏང་འཛིན་བྱེད་དཀའ་བས། ད་ཐེངས་ང་ནང་ལ་ལོག་ཐབས་མི་འདུག” ཅེས་བརྗོད། ཕས་འཛུམ་ཞིག་མངོན་བཞིན། “དེ་ལ་སྐྱོན་མི་འདུག ཁྱེད་ཀྱིས་མུ་མཐུད་དུ་བྱ་བ་སྒྲུབ་དང་། ང་དེ་རིང་ཕྱི་དྲོར་གྲོང་གསེབ་ཏུ་ལོག་འགྲོ།”ཅེས་བརྗོད་དུས། བུའི་སེམས་པ་འཁྱག་ལྷང་ལྷང་དུ་གྱུར་ཏེ། ཨ་ཕར། ཁོ་དང་མཉམ་དུ་ཉིན་འགར་འདུག་རོགས་ཞེས་རེ་བ་བྱས་ཀྱང་། ཨ་ཕས། ང་ཁྱོད་ཀྱི་རྡོག་ཁྲིས་བྱེད་མི་འདོད་ལ། ཁྱེད་འདི་ལྟར་ལས་ཀར་བྲེལ་བཞིན་པའི་སྐབས་ལ་བར་ཆད་དེ་བས་ཀྱང་གཏོང་མི་འདོད། ” ངའི་རེ་བ་ལ་ཁྱོད་ནམ་ཁོམ་ན། དེ་དུས་ངེད་གཉིས་ལ་ལྟ་རུ་ཤོག་དང་། ཨ་མས་ཁྱེད་མཐོང་བ་དང་དགའ་ངེས་རེད་”ཅེས་ཕ་ཕྱིར་རང་ཡུལ་དུ་ལོག ཉིན་ཤས་ཀྱི་རྗེས་སུ་བུ་ལ་ཁོམ་པ་བྱུང་བས། ཉེ་ལམ་ཕ་ཡོང་བ་དེ་ཡིད་ལ་དྲན་ཞིང་། ཕ་གཅིག་པུར་ཕྱིར་ཕ་ཡུལ་དུ་ལོག་བཅུག་པར་སེམས་སྡུག་དང་གནོང་འགྱོད་ཆེན་པོ་སྐྱེས། དེར་རྟེན་ཁོས་ལས་ཀ་ལས་དགོངས་པ་ཞུས་ཏེ་གྲོང་གསེབ་ཏུ་ཕ་མར་ཐུག་ཏུ་ཕྱིན་ཀྱང་། ཕ་མ་གཉིས་ཁྱིམ་དུ་མེད་པས་ཧང་སངས་ཏེ། གཞན་ལ་སྐད་ཆ་དྲིས་དུས། ཕ་མ་གཉིས་སྔར་སྡོད་སའི་ས་ཆ་བསྐྱུར་ནས་གནས་གཞན་དུ་སྤོར་ཟིན་པ་ཐོས་པས་དེ་བས་ཀྱང་ཧང་སངས་ཤིང་། ཁྱིམ་མཚེས་ལས་ས་ཆ་དེའི་ཁ་བྱང་རག་པ་དང་ཐད་ཀར་ཕྱིན། གནས་དེར་འབྱོར་དུས་ས་ཆ་དེ་ནི་དུར་ས་ཞིག་དང་འདྲ་བས་མིག་ཟུང་མཆི་མས་ཁེངས་ཤིང་། ཞེད་གིན་ཞེད་གིན་གོམ་པ་དལ་མོས་ཕྱོགས་དེར་བསྐྱོད། ཐག་རིང་ཐག་རིང་ཞིག་ནས་མི་ཞིག་གིས་ཁོའི་ཕྱོགས་ལ་ལག་གཡུག་བྱེད་བཞིན་པ་མཐོང་པར། ཁོས་གཟབ་ནན་གྱིས་བལྟས་དུས་གཞི་ནས་དེ་ནི་རང་གི་ཕ་ལགས་ཡིན་པ་ཤེས་ནས། བརྒྱུགས་ཏེ་ཁོང་ལ་འཐམ་འཁྱུད་དམ་པོ་ཞིག་བྱས། ཨ་ཕས་”ཁྱེད་ཅིའི་ཕྱིར་ངུ་བཞིན་ཡོད།” ཅེས་དྲིས་དུས། བུས་སྐད་ཆ་གང་ཡང་མི་སྨྲ་བར། མགོ་བོ་སྨད་ནས་བསྡད། ཕས་ཕྱག་ཟུང་གིས་བུའི་མིག་ཆུ་དལ་མོར་འབྱིན་བཞིན། “དོན་རྐྱེན་ངན་པ་འདྲ་བྱུང་སོང་ངམ། ཁྱོད་ཅིའི་ཕྱིར་སེམས་མ་སྐྱིད་པ་རེད།” ཅེས་དྲིས་དུས།
“ཕ་ལགས། ང་ལ་དོན་རྐྱེན་ངན་པ་གང་ཡང་བྱུང་མ་སོང་སྟེ། ངས་ཁྱེད་གཉིས་ཀྱི་གནས་སྟངས་འདི་འདྲ་ཞིག་ཡིན་པ་ཡིད་ལ་ཡང་དྲན་མ་བྱུང་། ཁྱེད་གཉིས་ཅིའི་ཕྱིར་རང་གི་ཁང་པ་གྲོང་གསེབ་ཏུ་བསྐྱུར་ནས། འཇིགས་སུ་རུང་བའི་གནས་འདིར་བསྡད་པ་ཡིན།”ཞེས་དྲིས་པ་ན།
ཨ་ཕས། “གཅེས་ཕྲུག ཁྱེད་སློབ་སྦྱོང་གི་ཆེད་དུ་གྲོང་ཁྱེར་ལ་སྤོ་བའི་སྐབས་སུ། ངས་བུ་ལོན་གཡར་བ་ཡིན། འོན་ཀྱང་ཞིང་ཁར་ལོ་ཉེས་བྱུང་བར་རྟེན། ངས་ད་བར་དུ་བུ་ལོན་དེ་འཇལ་མ་ཐུབ། ཉིན་དེར་ང་ཁྱོད་སར་ཡོང་དུས། ཁྱོད་ལས་ཀའི་གནོན་ཤུགས་འོག་ཏུ་ཚུད་ཟིན་པ་ཚོར་ཞིང་། ངས་ཁྱེད་ལ་རྡོག་ཁྲིས་འཐུལ་བ་ཞིག་བསྣན་མ་འདོད་པས། མཐར་ངས་ཁང་པ་དེ་བཙོང་ནས་བུ་ལོན་འཇལ་ཐབས་བྱས། “ང་ཁྱེད་ཀྱི་བུ་ཡིན་པས། ང་ལ་ངེས་པར་དུ་བཤད་དགོས་རེད།” ཅེས་བུས་ཤུབ་ཤུབ་ཏུ་སྨྲས་དུས། ” ང་ལ་དགོས་པ་ནི་ཁྱེད་ཀྱི་བདེ་སྐྱིད་ཡིན་པ་ལས། ཁྱེད་ལ་དཀའ་རྙོག་བཟོ་རྒྱུ་དེ་མིན་པས། ངས་དེ་གསང་རྒྱ་བྱས་པ་ཡིན།” ཞེས་བུ་ལ་བཤད། བུས་ཕ་ལགས་ལ་འཐམ་འཁྱུད་དམ་པོ་ཞིག་བྱས་ཏེ། ཉིན་དེར་རོགས་རམ་གང་ཡང་བྱེད་མ་ཐུབ་པར་ཁོང་གཅིག་པུར་བཏང་བར་དགོངས་དུག་ཞུས་ཤིང་། དགོངས་ཡངས་ཡོང་བར་གསོལ་བ་བཏབ། ” དེ་ལ་དགོངས་དག་ཞུ་དགོས་མ་རེད། ང་ལ་དགོས་པ་ནི། ཁྱེད་ཀྱིས་ནམ་ཁོམ་ལ་ཕ་མ་གཉིས་དང་མཉམ་དུ་དུས་ཚོད་ཕྲན་བུ་རེ་སྐྱེལ་རྒྱུ་དེ་ཡིན་པས། ངས་ཁྱོད་མཐོང་ཐུབ་པ་ཙམ་གྱིས་ཡིད་ཚིམས་སོང་། ངེད་གཉིས་ཁྱེད་ལ་ཧ་ཅང་དུང་ཞིང་བརྩེ་ན་ཡང་། ལོ་ན་མཐོ་བས་གྲོང་ཁྱེར་དུ་ཁྱེད་ལ་ལྟ་རུ་ཡོང་རྒྱུ་ནི་དེ་འདྲའི་སྟབས་བདེ་ཞིག་མིན་པས། ཁྱེད་ནམ་ཁོམ་ལ་ངེད་གཉིས་ལ་ལྟ་རུ་ཤོག་དང་། དུས་ཡུན་ཐུང་ཀྱང་རུང་། ངེད་གཉིས་ལ་དེ་ལས་ལྷག་ཅིག་མི་དགོས།
༢༠༡༧-༡༢-༢༢
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།