ཚན་རིག་པ་གྷ་ལེལ་ལོ་ཡི་མི་ཚེའི་བྱུང་བ་དང་གསར་གཏོད་ཀྱི་གོ་རིམ།
རྔ་བཟའ་བདེ་པོ་འཚོས་བསྒྱུར།
ཚན་རིག་པ་གྷ་ལེལ་ལོ་གྷ་ལེལ་ལེ( Galileo Galilei ) ནི་ཕྱི་ལོ་༡༥༦༤ ཟླ་༢ ཚེས་༡༥ ཉིན་ཨེ་ཌི་ལའི་( Italy) གྲོང་འཁྱེར་པེ་ས( Pisa) རུ་འཁྲུངས་ཤིང་། ཆུང་དུས་ནས་རྩིས་རིག་དང་རང་བྱུང་ཁམས་ཀྱི་རིགས་པའི་གཞུང་ལུགས་ལ་དགའ་མོས་ཡོད་ཀྱང་། ཁོང་གི་ཕ་ཝེན་སན་ཟོ་གྷ་ལེལ་ལེ(Vincenzo Galilei) ཡིས་ཁོ་སྨན་པ་ཞིག་ཆགས་ན་བསམས་པ་བཞིན། ཕྱི་ལོ་༡༥༨༡ ལོར་ཨ་ཕའི་རེ་བ་ལྟར་དུ་གྲོང་འཁྱེར་པེ་སའི་སྨན་གྱི་གཙུག་ལག་སློབ་གྲྭ་རུ་གསོ་བ་རིག་པའི་ལག་ཁྱེར་གྱི་སླད་དུ་ཐོ་འགོད་བྱས་ཀྱང་། དོན་ངོ་མའི་དགའ་ཕྱོགས་ནི་རྩིས་རིག་ཡིན་པས་གསོ་རིག་སློབ་སྦྱོང་མཐའ་སྐྱེལ་བྱས་མེད།
ཕྱི་ལོ་༡༥༨༦ ལོར་ཁོང་གིས་ཆེས་ཐོག་མའི་བརྩམས་ཆོས་ཏེ་”ཆ་སྙོམ་ཆུང་ཆུང་”( The little balance) ཞེས་པའི་ཚན་རིག་དེབ་དེ་བརྩམས། དེའི་ནང་ཁོང་གིས་དངོས་པའི་ཆ་སྙོམ་ལྗི་ཚད་ཀྱི་རིགས་པ་བེད་སྤྱོད་ཀྱིས་དངོས་པོའི་མཐུག་ཚད་( ངེས་པའི་འཐེན་ཤུགས་)ལ་འགྲེལ་བརྗོད་བྱས་ཡོད།
ཕྱི་ལོ་༡༥༨༩ ལོར་ཁོང་གི་མུས་འགོད་རྩོམ་ཡིག་”གཡོ་འགུལ་”( De Motu) ཞེས་པ་རུ། ཁོང་གིས་གསེག་སློག་ངོས་པོ་བེད་སྤྱོད་བྱས་ཏེ། དངོས་པོ་ཐུར་ལ་འབབ་པའི་རྣམ་གཞག་དང་དེའི་འབབ་ཚད་དལ་དུ་ཇི་ལྟར་གཏོང་དགོས་སོགས་གསུངས་ཡོད།
ཕྱི་ལོ་༡༥༩༢ ལོར་ཁོང་སྤྱི་མཐུན་རྒྱལ་ས་བེ་ནི་སིའི་(Venice) གྲོང་ཁྱེར་པཱ་དྷོ( Padua )ཡི་གཙུག་ལག་སློབ་གྲྭའི་རྩིས་རིག་སློབ་དཔོན་དུ་བསྐོ་བཞག་བྱས། འདི་ནས་མུ་མཐུད་དུ་གཡོ་འགུལ་རྣམ་གཞག་གི་ཐོག་ལ་རང་གི་ཞིབ་རྟོགས་དང་དཔྱད་པ་བརྒྱུད། གསེག་སློག་དངོས་པོའི་བཀོལ་སྤྱོད་དང་ཆུ་ཚོད་སོགས་ཀྱི་དཔྱང་རྡོ་ལ་ཉམས་ཞིབ་ཀྱིས། དངོས་པོའི་མགྱོགས་ཚད་གཅིག་མཚུངས་ཀྱིས་སྤར་བའི་ཆོས་ཉིད་དང་། དངོས་པོ་གཡོ་བའི་བར་ཐག་གི་བསྡུར་གྲངས་ནི་དེའི་རིང་གི་དུས་ཡུན་རང་བསྒྱུར་བྱས་པ་དང་མཚུངས་པ་གཏན་ལ་ཕབ་ཡོད།
ཚན་རིག་པ་གྷ་ལེལ་ལོ་ནི་ཕུལ་དུ་བྱུང་བའི་ལག་ཤེས་པ་ཞིག་ཀྱང་ཡིན་ཏེ། ཁོང་གིས་རྒྱང་ཤེལ་རྣམ་གྲངས་མང་པོ་ཞིག་གསར་དུ་བཟོས་ཤིང་། དེ་དག་གི་མཐོང་ཚད་ནི་དེའི་སྐབས་ཀྱི་རྒྱང་ཤེལ་ཡོད་དོ་ཅོག་ལས་ཀྱང་བཟང་བ་ཡོད།
ཕྱི་ལོ་༡༦༤༠ ཡས་མས་ཤིག་ལ། ཁོང་གིས་ཆེས་ཐོག་མའི་དཔྱང་རྡོའི་ཆུ་ཚོད་འཁོར་ལོ་འཆར་འགོད་བྱས། གཞན་ཡང་།
ཁོང་གི་དེབ་ཀྱི་”སྐར་ཚོགས་བཀྲ་བའི་ཕོ་ཉ་”( Starry Messenger) ཞེས་པའི་ནང་དུ། ཁོང་རང་གི་གཟའ་སྐར་དཔྱད་རིག་ཏུ་གསར་རྙེད་བྱུང་བ་ནི། ཁོང་གིས་ཟླ་བའི་ཐོག་ཏུ་རི་བོ་ཡོད་ཅིང་། རྒྱུ་སྐར་ལམ་དེ་གཟའ་སྐར་ཆུང་ངུ་དུ་མས་གྲུབ་པ་དང་། གཟའ་སྐར་ཆུང་ཆུང་རྡོག་པོ་བཞིས་གཟའ་སྐར་ཕུར་བུ་སྐོར་ཡོད་པ་སོགས་མཐོང་སོང་ཞེས་བརྗོད་ཡོད་ལ། ཁོང་གི་དེབ་”Discourse on Floating Bodies and Letters on the Sunspots” ཞེས་པར་ཁོང་གིས་ཉི་མའི་དཀྱིལ་ལ་ཐིག་ལེ་ནག་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཞེས་གསལ་བསྒྲགས་བྱས་འདུག
ཁོང་གིས་རང་ཉིད་ཀྱི་རྒྱང་ཤེལ་དེ་དག་བདེ་སྤྱོད་བྱས་ཤིང་། གཟའ་སྐར་སྤེན་པ་དང་པ་སངས་ཤེས་རྟོགས་བྱུང་བ་བརྒྱུད་ནས། སྐབས་དེ་དུས་ཚང་མའི་འདོད་ཕྱོགས་དང་ལྡོག་ཕྱོགས་སུ་སོང་བའི་འདོད་ཚུལ་ཏེ། ། རྒྱུ་སྐར་ཚང་མས་ངེས་པར་དུ་ཉི་མ་བསྐོར་བ་ལས་འཛམ་གླིང་བསྐོར་མི་འདུག་ཅེས་ཁུངས་སྐྱེལ་ར་སྤྲོད་བྱས་འདུག
༢༠༡༨/༡/༡༠
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།