གསེར་བཟོ་བ་བུ་ཕྲུག་བཅོ་བརྒྱད་ཅན་ཞིག

གསེར་བཟོ་བ་བུ་ཕྲུག་བཅོ་བརྒྱད་ཅན་ཞིག

རྔ་བཟའ་བདེ་པོ་འཚོས་བསྒྱུར།

དུས་རབས་བཅོ་ལྔའི་ཡ་སྔོན་ཞིག་ལ། ཇར་མཱན་གྱི་གྲོང་ཁྱེར་ནེའུ་རཱེམ་བྷག་( Nuremberg )གྱི་ཉེ་འགྲམ་གྱི་གྲོང༌གསེབ་ཆུང་ཆུང་ཞིག་ཏུ་བུ་ཕྲུག་བཅོ་བརྒྱད་ཅན་གྱི་ཁྱིམ་ཚང་ཞིག་ཡོད་ཅིང་། དེའི་བཟའ་དཔོན་ནམ་ཕ་ནི་སྤྱིར་བཏང་གི་གསེར་བཟོ་དཀྱུས་མ་ཞིག་ཡིན་ལ། ནང་མིར་གསོ་ཆེད་ཉིན་གཅིག་ལ་ཆུ་ཚོད་བཅོ་བརྒྱད་ཡས་མས་ལ་ལས་ཀ་བྱས།

གནས་སྟངས་ཅི་ཙམ་སྐྱོ་ན་ཡང་བུ་ཆེ་བ་ཨལ་བྷ་རཱ་ཅཱི་དྷུར( Albrecht Durer) དང་དེའི་འཕྲོ་ཨལ་བྷལ ( Albert)གཉིས་ལ་ཐུན་མོང་གི་རྨི་ལམ་ཞིག་ཡོད་པ་ནི། རི་མོའི་སྒྱུ་རྩལ་གྱི་ལམ་ལ་ཞུགས་རྒྱུ་དེ་ཡིན་ལ། ཨ་ཕས་བུ་སྤུན་གཉིས་ཀྱི་སློབ་སྦྱོང་ཐད་ལ་དཔལ་འབྱོར་གྱི་མཐུན་རྐྱེན་བསྐྲུན་མི་ཐུབ་པ་ཡང་ཤེས་ཀྱི་ཡོད།

ཁོ་གཉིས་ཀྱིས་གྲོས་བསྡུར་ཡུན་རིང་བྱས་པའི་མཐར་གྲོས་མཐུན་བྱུང་བ་ནི། ཊམ་རྒྱན་བརྒྱབ་ནས་སུ་ཕམ་སོང་ན་དེས་ཕ་ལ་རོགས་རམ་བྱ་རྒྱུ་དང་ཐོབ་མཁན་དེས་ལོ་བཞིའི་རིང་སློབ་སྦྱོང་བྱས་ཏེ་མཐར་ཕྱིན་པ་དང་ཕྱིར་ཡོང་ནས་ཕ་ལ་རམ་འདེགས་དང་སྤུན་ཕམ་མཁན་གྱི་སློབ་སྦྱོང་ལ་མཐུན་རྐྱེན་བསྐྲུན་རྒྱུ་བྱས།

གཟའ་ཉི་མའི་ཞོགས་པར་ཁོང་གཉིས་ཀྱིས་ཊམ་རྒྱན་བརྒྱབ་ནས་བུ་ཆེ་བ་ཨལ་བྷ་རཱ་ཅཱི་དྷུར་ལ་རྒྱན་ཐོབ་སྟེ་གྲོང་ཁྱེར་ནེའུ་རཱེམ་བྷག་ཏུ་ཕྱིན་ཅིང་། བུ་ཨལ་བྷལ་རྒྱན་ཤོར་ནས་ཆེས་ཉེན་ཁ་ཆེ་བའི་གཏེར་ཁ་སྔོག་འདོན་བྱེད་སར་ཕྱིན་ནས། ལོ་བཞིའི་རིང་སྤུན་མཆེད་སློབ་སྦྱོང་བྱེད་མཁན་ལ་དཔལ་འབྱོར་གྱི་མཐུན་རྐྱེན་ཡོངས་སུ་བསྐྲུན་པས། སྤུན་ཆེ་བར་སེམས་ཚོར་ཆེན་པོ་བྱིན་པས་མིག་ལས་མཆི་མའང་ཤོར་གྲབས་བྱས། དེའི་མཚམས་སུ་ཁོང་སློབ་མཐར་ཕྱིན་ནས་ལས་ཐོབ་ལས་གླ་ཕོགས་ཀྱང་མི་དམན་པ་ཞིག་རག་འགོ་བརྩམས།

ན་གཞོན་རི་མོ་སྒྱུ་རྩལ་བ་ཕྱིར་རང་གི་གྲོང་གསེབ་ཏུ་ལོག་དུས། དྷུར་ནང་མིས(Durer family) སྤང་ཐོག་ཏུ་བུ་ཕྱིར་རྒྱལ་ཁའི་ངང་ནས་ཕེབས་པར་དགའ་བསུའི་གསོལ་སྟོན་ཞིག་བཤམས། སྐབས་དེར་ཨལ་བྷ་རཱ་ཅཱི་དྷུར་གྱིས་ག་ལེར་ཡར་ལངས་ཏེ་རང་གི་བརྩེ་བའི་ནུ་བོས་ལོ་དེ་དག་གི་རིང་ལ་བློས་གཏོང་ཁོ་ནས་ཁོང་གི་རྨི་ལམ་མངོན་འགྱུར་བྱུང་བས་ན། ཁོང་ལ་ཆེ་བསྟོད་ཀྱི་ཆང་ཕོར་པ་གང་དྲངས་ནས། ” ངའི་བརྩེ་བའི་ནུ་བོ་དྲིན་ཆེན་པོ། ད་ནི་ཁྱེད་ཀྱི་རེ་མོས་ཡིན་པས་གྲོང་ཁྱེར་ནེའུ་རཱེམ་བྷག་ལ་རང་གི་རྨི་ལམ་འཚོལ་སྙེག་བྱེད་དུ་སོང་དང་། ངས་ཁྱེད་ལ་བདག་སྐྱོང་བྱ།” ཞེས་བརྗོད།

དེའི་ཚེར་ནང་མི་ཚང་མས་རེ་ལྟོས་ཆེན་པོའི་ངང་ནས་མགོ་བོ་མདུན་ཅོག་གི་མཐར་བསྡད་པའི་བུའི་ཕྱོགས་ལ་འཁོར་ཞིང་མིག་གིས་རིག་རིག་བྱས་ནས་བལྟས། བུའི་སྐྱ་ཐང་ཐང་གི་གདོང་ངོས་མཆི་མས་བརླན་ཞིང་། མཆི་མ་འགོག་མེད་དུ་གཏོང་བཞིན་མགོ་བོ་ཕར་ཚུར་གཡུག་གིན་གཡུག་གིན། ཁ་ནས། མིན།་་་་མིན།་་་་་་མིན། ཞེས་ཡང་དང་བསྐྱར་དུ་བརྗོད།

མཐའ་མ་དེར། ནུ་བོས་གདོང་གི་མཆི་མ་ཕྱིས་ཏེ་ངག་འཇམ་པོས། ” མིན། གཅེན་པོ་ལགས། ང་གྲོང་ཁྱེར་ནེའུ་རཱེམ་བྷག་ལ་འགྲོ་ཐབས་མི་འདུག ང་ལ་མཚོན་ན་ད་ནི་འཕྱི་དྲགས་པ་རེད། ལྟོས་དང་།་་་་་་ལྟོས་དང་་་་། ངའི་ལག་པར་ལྟོས་དང་། ལོ་ངོ་བཞིའི་རིང་ལ་གཏེར་ཁ་སྔོག་འདོན་གྱིས་ངའི་ལག་པར་གང་འདྲ་བཟོས་འདུག་གམ།”

ངའི་མཛུབ་མོ་ཚང་མའི་རུས་པ་དུམ་བུར་གྱུར་ཞིང་། དེའི་རྗེས་ལ་ངའི་ལག་པ་གཡས་པར་གྲུམ་ནད་ཚབས་ཆེན་ཕོག་པས་ཐ་ན་དེ་རིང་ངས་ཁྱེད་ལ་ཕྱིར་ཆང་ཕོར་གང་ཡང་འདྲེན་མི་ཐུབ་པས་ན། ཀོ་ཤོག་གམ་རས་གཞིའི་སྟེང་དུ་འབྲི་སྨྱུག་གམ་པིར་གྱིས་འཇམ་ཤ་དོད་པའི་རི་མོ་ཞིག་ཇི་ལྟར་འབྲི་ཐུབ། དེར་བརྟེན། མིན།་་་་གཅེན་པོ་ལགས། གཏན་ནས་མིན། ད་ནི་ངོ་མ་འཕྱི་དྲགས་སོང་།” ཅེས་སྨྲས།

ཉིན་ཞིག་ལ། ནུ་བོས་ལོ་ངོ་དེ་དག་གི་རིང་ལ་བློས་གཏོང་བྱས་པར་སྙེན་བཀུར་དང་གུས་འདུད། ཟིན་གཟོ་བའི་སླད་དུ། ཕུ་བོས་དཀའ་དུབ་ལ་མ་འཛེམ་པར། ཟུངས་ཟད་ལ་རྩུབ་རེག་ལྡན་པའི་ནུ་བོའི་ལག་པའི་མཐིལ་དང་ཕྲ་ཞིང་གཉོམ་པའི་སོར་མོ་དག་གྱེན་ལ་བཏེགས་པ་ཞིག་བྲིས་ནས། ཁོས་རང་གི་སྒྱུ་རྩལ་གྱིས་ཕྱུག་པའི་རི་མོ་ལ། ” ལག་ཟུང་།” ཞེས་སྤྱིར་བཏང་གི་མིང་ཞིག་བཏགས་ཀྱང་། འཛམ་གླིང་གི་མི་ཚང་མས་ལག་རྩལ་ཁྱད་འཕགས་ཀྱི་རི་མོ་དེ་མཐོང་མ་ཐག་ཏུ་བློ་ཁ་བསྐྱེད་དེ། ཁོའི་བརྩེ་བ་དང་དྲིན་གཟོའི་བསམ་བློ་ལ་ཡི་རངས་དང་བསྔགས་བརྗོད་ཀྱི་ཚུལ་དུ། རི་མོའི་མིང་ལ” ལག་ཟུང་” ལས་”དད་འདུན་གྱི་ཕྱག་ཟུང་”ཞེས་བསྒྱུར།

སྒྱུར་པ་པོའི་མཆན། རི་མོ་འདི་ནི་དེང་སང་འཛམ་གླིང་ལ་སྐད་གྲགས་ཡོད་པའི་སྒྱུ་རྩལ་ཕུལ་ཏུ་བྱུང་བ་ཞིག་ཡིན་ལ། མི་སྐྱ་ཕོ་མོ་མང་པོའི་ལུས་ཐོག་ལ་རི་མོ་འདི་བྲིས་པ་ཤིན་ཏུ་མང་།
༢༠༡༧-༡༢-༢༦

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*