༄༅། །དཔལ་ལྡན་ས་སྐྱ་པ་དང་ཡོན་རྒྱལ་རབས་བར་གྱི་མཆོད་ཡོན་འབྲེལ་ལམ་དང་སྐབས་དེའི་བོད་ཀྱི་སྲིད་དོན་གནས་བབ་དངོས་གླེང་བ།
དཔལ་ས་སྐྱ་པའི་སྐབས་བོད་ནི་རྒྱ་ཧོར་གང་གིས་ཀྱང་དབང་བསྒྱུར་བྱས་མྱོང་མེད་པ་ལོ་རྒྱུས་ཁུངས་ལྡན་དག་ལ་ཁུངས་གཏུགས་ཤིང་། གོ་པེ་ལ་སེ་ཆེན་རྒྱལ་པོས་ཕྱི་ལོ་1253 ལོར་འགྲོ་མགོན་འཕགས་པར་དབང་ཞུས་ཏེ་ཡོན་ལ་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་ཡུར་མ་ཆེན་མོ་མི་རྟ་ཆོས་གསུམ་གྱི་ཚུལ་དུ་ཕུལ་ཚུལ་བཤད་པར་དོགས་སློང་དང་། ལོ་ཚིགས་རྟོག་ཞིབ། ཐེམ་དུད་ཞིབ་བཤེར། འཇའ་མོའམ་ས་ཚིགས་གསར་འཛུགས་དགོས་དོན་དེ་དག་གསེད་བཀྲོལ་བྱས་ཡོད། བརྡ་ཆད་གཙོ་བོ།ཧོར། ས་སྐྱ། མཆོད་ཡོན། ལིང་ཆུ་རྩེ། འགྲོ་མགོན་འཕགས་པ། གོ་པེ་ལ་སེ་ཆེན་རྒྱལ་པོ། དབང་ཡོན། བོད་ཁམས། ཐོག་མའི་གཏམ། དཔལ་ལྡན་ས་སྐྱ་པའི་སྐབས་བོད་ཀྱི་ཆབ་སྲིད་གནས་བབ་དང་ས་སྐྱ་པ་དང་ཡོན་རྒྱལ་རྒྱུད་བར་གྱི་མཆོད་ཡོན་འབྲེལ་ལམ་དག་ནི་རྒྱ་བོད་གཉིས་ཀའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་པ་བོ་དག་གིས་ཆེས་དཀའ་གནད་དང་རྙོག་འཛིང་ཆེ་བའི་བྱུང་རབས་ཤིག་ལ་བརྩི་བ་དང་། རྒྱ་ཕྱོགས་ནས་བོད་ནི་དཔལ་ལྡན་ས་སྐྱའི་སྐབས་རྒྱ་འོག་ཏུ་མགོ་བཏགས་ཞུས་པ་ནས་བཟུང་ད་ལྟའི་བར་བོད་ནི་རྒྱ་ནག་དང་ཁ་འབྲལ་ཐབས་མེད་ཚུལ་གྱིས་ལོ་རྒྱུས་རྫུན་བཅོས་བྱས་པའི་དཔེ་དེབ་གྲངས་མང་བ་དེ་དག་རེ་རེ་ལྟ་ཀློག་བྱས་ཏེ་དགེ་སྐྱོན་ནོར་འཕྱུག་དབྱེ་རྒྱུ་ནི་ཕྲན་ལྟ་བུས་མིི་ལོ་བརྒྱ་ལ་གླེང་མི་ཚར་བ་དང་དེ་ཙམ་གྱི་རིན་ཐང་ཡང་མི་འདུག འོན་ཀྱང་། སྐབས་དེའི་བོད་ཀྱི་ལོ་རྒྱུས་དངོས་ཀྱི་གནས་བབ་དང་ཁྲིམས་དོན་བྱུང་རབས་ཀྱི་བདེན་པ་གཞིར་བཟུང་སྟེ། སྐབས་དེའི་བོད་ཀྱི་ཆབ་སྲིད་གནས་བབ་དངོས་གསེད་བཀྲོལ་ཅི་ཐུབ་ལ་འབད་པ་བྱ་རྒྱུ་ཡིན།
གང་ལྟར་དུས་རབས་ཉེར་གཅིག་པ་ནི་གནས་ལུགས་དང་རིན་ཐང་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་བཞིན་པའི་དུས་རབས་ཤིག་ཏུ་གྲགས་པ་ལྟར། བདག་གིས་གཙུག་ལག་སློབ་གླིང་འདིའི་ཁོར་ཡུག་ནས་དཔལ་ལྡན་ས་སྐྱ་པ་དང་ཡོན་རྒྱལ་རབས་ཀྱི་མཆོད་ཡོན་འབྲེལ་ལམ་དང་སྐབས་དེའི་བོད་ཀྱི་སྲིད་དོན་གནས་བབ་སྐོར་ལ་རང་བློས་དཔག་ཚོད་ཀྱིས་དཔྱད་པ་བཏང་བའི་ཁུལ་བགྱིས། གཅིག རྩོམ་ཡིག་འདི་ལ་རྩ་བའི་ས་བཅད་དགུར་དབྱེ་ནས་ལྟ་ཀློག་སྟབས་བདེ་དང་གསལ་ཁ་འདོན་ཅི་ཐུབ་ལ་འབད་པ་བྱ་རྒྱུ། གཉིས། རྩོམ་ཡིག་འདི་རང་གི་ཚོར་བ་དང་འཆར་སྣང་ལས་བརྒལ་ཏེ་ཕྱོགས་སུ་མ་ལྷུང་བའི་ལོ་རྒྱུས་དང་། ཆོས་འབྱུང་། དེབ་ཐེར་སོགས་ཡིག་རྙིང་ཁག་ལ་ཁུངས་གཏུགས་ཅི་ཐུབ་དང་དངོས་ཡོད་གནས་བབ་གསེད་བཀྲོལ་བྱ་ཅི་ཐུབ་བྱ་རྒྱུ། གསུམ། སྐབས་བབ་ཀྱི་རྩ་བའི་ས་བཅད་དག་ལོ་རྒྱུས་རིགས་ལམ་དང་དངོས་གཙོ་གཙོར་འཛིན་བྱ་ཅི་ཐུབ་བྱ་རྒྱུ། བཞི། ལོ་རྒྱུས་ལྟ་ཀློག་སྟབས་བདེ་ཡོང་སླད་ལོ་ཚིགས་གོང་འོག་སྒྲིག་སྦྱོར་བྱས་ནས་རྟོག་ཞིབ་བྱས་ཡོད། ལྔ། སྤྱིར་བཏང་ཕྱི་ལོ་1240-1358 བར་གྱི་ས་སྐྱ་པ་དང་ཡོན་རྒྱལ་རྒྱུད་བར་གྱི་མཆོད་ཡོན་འབྲེལ་བ་དང་སྐབས་དེའི་ཆབ་སྲིད་ཀྱི་གནས་བབ་གཙོར་འདོན་བྱ་རྒྱུ་བཅས་ཡིན། གཤམ་གྱི་དཔྱད་བརྗོད་རྩོམ་ཡིག་གི་བརྗོད་གཞིའི་སྐོར་ལ་ད་སྔ་དཔྱད་རྩོམ་དང་མཁས་པ་རེ་གཉིས་ཀྱི་གསུང་བཤད་རེ་གཉིས་ལས་མ་མཐོང་ཡང་། རྩོམ་ཡིག་དེ་དག་གིས་ང་ཚོའི་ཡིད་ཀྱི་རེ་བ་དང་སེམས་ཀྱི་དོགས་སློང་དེ་དག་སེལ་ཐུབ་པ་དེ་འདྲ་ཞིག་ཏུ་མཐོང་མ་སོང་། ལྷག་པར་གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་ཡུར་མ་ཆེན་མོ་དག་ག་དུས་གང་དུ་དབང་ཡོན་ལ་ཕུལ་ཚུལ་དག་ལ་དཔྱད་བརྗོད་རྩོམ་ཡིག་ནི་ད་ལྟའི་བར་གཅིག་ཀྱང་མཐོང་མ་བྱུང་བས། སྐབས་འདིའི་དབང་ཡོན་གྱི་འབུལ་བ་དེ་དག་ལོ་རྒྱུས་ཁྲོད་ནས་ངེས་པར་གླེང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གཤམ་ནས་དེའི་སྐོར་དམིགས་བསམ་དཔྱད་པ་དང་དོགས་སློང་བྱ་བར་འབད་པ་བརྩོན་རྒྱུ་བཅས་ཡིན། ས་བཅད་དང་པོ། ཡོན་རྒྱལ་པོ་རིམ་བྱོན་གྱིས་རྒྱལ་སྲིད་བསྐྱངས་ཡུན་གྱི་ལོ་ཚིགས་ལ་རྟོག་ཞིབ། ཧོར་ཇིང་གེར་རྒྱལ་པོ་ནས་ཡོན་གྱི་རྒྱལ་རྒྱུད་དག་མཇུག་མ་རྗོགས་པར་ལོ་ཡུན་ཅི་ཙམ་འགོར་ཡོད་མེད་སྐོར་གྱི་ལོ་ཚིགས་གཏན་ཁེལ་རང་བཞིན་ཅན་གྱི་རྩིས་གཞི་ཁུངས་ལྡན་ད་ལྟའི་དབར་མཐོང་མ་སོང་། མནོ་བསམ་ཞིབ་མོ་བཏང་ཚེ་ལོ་ཚིགས་ཁུངས་ལྡན་གཏན་ཁེལ་བྱ་རྒྱུ་ནི་ཧ་ཅང་རྙོག་འཛིང་ཆེ་ཞིང་ལྷག་པར་ལོ་རྒྱུས་རྙིང་ཤོས་དག་ལས་ཀྱང་ཧོར་ཇིང་གེར་རྒྱལ་པོ་འཁྲུངས་འདས་ཀྱི་ལོ་ཚིགས་དང་། གཞན་རྒྱལ་རྒྱུད་རེ་གཉིས་ཀྱི་རྒྱལ་སྲིད་བསྐྱངས་ཡུན་གཏན་ནས་མི་འདྲ་སའང་རེ་ཟུང་མཆིས་པར་བརྟེན་ལོ་ཚིགས་གཏན་འཁེལ་བྱ་རྒྱུ་ནི་ལས་སླ་མོ་ཞིག་རྩ་ནས་མིན་མོད། དཔྱད་བརྗོད་རྩོམ་ཡིག་འདི་ཉིད་ལྟ་ཀློག་སྟབས་བདེ་ཡོང་སླད་ལོ་ཚིགས་འདི་ཉིད་གཏན་འབེབས་བྱས་ཡིན། ཡོན་རྒྱལ་པོ་རིམ་བྱོན་གྱིས་རྒྱལ་སྲིད་བསྐྱངས་ཡུན་གྱི་ལོ་ཚིགས་འདི་གཙོ་བོ་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》གཞིར་བཞག་བྱས་ཡོད་ཀྱང་། ཁོང་ཉིད་ཀྱི་དེབ་ནང་གི་བོད་ཀྱི་རབ་བྱུང་རྩི་སྟངས་དང་རྒྱལ་སྲིད་བསྐྱངས་ཡུན་གྱི་རྩིས་གཞི་མི་མཐུན་པས། སྟག་ཚང་དཔལ་འབྱོར་བཟང་པོའི་ལོ་རྒྱུས་སུ་ཡོན་གྱི་རྒྱལ་པོ་རེ་རེས་རྒྱལ་སྲིད་བསྐྱངས་ཡུན་བརྩིས་ཏེ་ལོ་ཚིགས་འདི་དག་གཏན་ལ་ཕབ་པ་ཡིན་ལ། ལོ་ཚིགས་འདི་ལྟར་བརྩིས་པས་ཆོས་རྗེ་ས་པཎ་མཆོག་ཐོག་མར་ལིང་ཆུ་རྩེར་བྱོན་སྐབས་གོ་དན་རྒྱལ་པོ་གོ་ཡུག་རྒྱལ་ཁྲིར་འཁོད་པའི་སྟོན་མོར་ཕེབས་པ་དང་ཏག་ཏག་ལོ་ཚིགས་གཅིག་ལ་ཁེལ་འདུག མ་ཟད་ཡོན་གྱི་རྒྱལ་པོ་རིམ་བྱོན་གྱི་རྒྱལ་སྲིད་བསྐྱངས་ཡུན་འདི་ལྟར་བརྩིས་པས་ཡོན་རྒྱལ་པོ་དག་གི་དབང་བསྒྱུར་འོག་ནས་རྒྱ་ནག་ལ་ཕྱི་ལོ་1368 ལོར་རང་བཙན་ཐོབ་པའི་ལོ་ཚིགས་མ་འཁྲུག་པ་ཞིག་ཏག་ཏག་བརྩི་ཐུབ་པས། ལོ་ཚིགས་འདི་ཉིད་ཁུངས་བཙུན་པ་དང་། ལོ་ཚིགས་འདི་གནད་ལ་ཁེལ་པ་ཞིག་ཀྱང་རྩི་ཐུབ་པ་འདུག་པས་གཏན་འབེབས་བྱས་པ་ཡིན་ལ། ལོ་ཚིགས་འདི་ནི་རྩོམ་ཡིག་འདི་ཡི་ཁོག་འབིབས་ཚབ་མཚོན་ལྟ་བུའང་བྱས་ཡོད་པས། གཤམ་གྱི་ལོ་ཚིགས་འདི་ལ་ཐོག་མར་ལྟ་ཀློག་དང་དཔྱད་བསྡུར་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།།
ཕྱི་ལོ་(1174)[1]* ལོར་ཧོར་ཇིང་གིར་རྒྱལ་པོ་སྐུ་འཁྲུངས་ཤིང་། ཕྱི་ལོ་1217 ལོར་མི་ཉག་རྒྱ་པོ་ཐོ་རྫི་དང་རྒྱ་ནག་གི་རྒྱལ་པོ་ཧུ་དབང་ཞེས་བྱ་བ་གཉིས་ཀྱི་རྒྱལ་ཁམས་ཧོར་གྱིས་དབང་བསྒྱུར་བྱས་ཤིང་། ཇིང་གིར་རྒྱལ་པོ་མི་ཉག་གྷའི་ས་ཆར་ཕྱི་ལོ་1240 [2]*དགུང་ལོ་66 སྟེ་སྟོན་ཟླ་དང་པོའི་ཚེས་བཅུ་གཉིས་ལ་སྐུ་གཤེགས། ཕྱི་ལོ1240 ནས་ཧོར་རྒྱལ་གཉིས་པ་ཨོ་ཀོ་ཏས་རྒྱལ་སྲིད་ལོ་དྲུག་བསྐྱངས། ཕྱི་ལོ་1246 ལོར་ཧོར་རྒྱལ་གསུམ་པ་གོ་ཡུག་གིས་རྒྱལ་སྲིད་ཟླ་དྲུག་བསྐྱངས། (1246 ལོར་གོ་ཡུག་རྒྱལ་པོ་ཧོར་གྱི་རྒྱལ་ཁྲིར་འཁོད་ཡོད་དེ། ས་པཎ་མཆོག་ཕྱི་ལོ་1246 ནས་བྱང་ངོས་སུ་ཕེབས་སྐབས་གོ་ཡུག་རྒྱལ་ཁྲིར་སྟོན་མོར་ཕེབས་པས་བཞུགས་མེད། དེའི་ཕྱིར། ཕྱི་ལོ་1247 ལོར་མཇལ་འཕྲད་གནང་ཚུལ་འདིས་ར་སྤྲོད་གསལ་པོ་བྱ་ཐུབ།) ཕྱི་ལོ་1247 ནས་ཧོར་རྒྱལ་བཞི་པ་མོང་གོལ་རྒྱལ་པོས་རྒྱལ་སྲིད་ལོ་དགུ་བསྐྱངས། ཕྱི་ལོ་1255 ནས་ཧོར་རྒྱལ་ལྔ་བ་སེ་ཆེན་རྒྱལ་པོས་རྒྱལ་སྲིད་ལོ་སོ་ལྔར་བསྐྱངས། ཕྱི་ལོ་1290 ནས་ཧོར་རྒྱལ་དྲུག་པ་ཨོལ་ཇ་དུས་རྒྱལ་སྲིད་ལོ་བཅུ་གསུམ་བསྐྱངས། ཕྱི་ལོ་1303 ནས་ཧོར་རྒྱལ་བདུན་པ་གོ་ལུག་རྒྱལ་པོས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་1308 ནས་ཧོར་རྒྱལ་བརྒྱད་པ་བུ་ཡན་དུས་རྒྱལ་སྲིད་ལོ་དགུ་བསྐྱངས། ཕྱི་ལོ་1317 ནས་ཧོར་རྒྱལ་དགུ་པ་གོ་གན་རྒྱལ་པོས་རྒྱལ་སྲིད་ལོ་གསུམ་བསྐྱངས། ཕྱི་ལོ་1320 ནས་ཧོར་རྒྱལ་བཅུ་པ་མེ་སྲན་ཐེ་མུར་གྱིས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་1325 ལོར་ཧོར་རྒྱལ་བཅུ་གཅིག་པ་ར་ཁྱི་ཕག་གིས་རྒྱལ་སྲིད་ཞག་པོ་བཞི་བཅུར་བསྐྱངས། ཕྱི་ལོ་1325 ནས་ཧོར་རྒྱལ་བཅུ་གཉིས་པ་ཀུ་ཤ་ལས་རྒྱལ་སྲིད་ལོ་གཅིག་བསྐྱངས། ཕྱི་ལོ་1326 ནས་ཧོར་རྒྱལ་བཅུ་གསུམ་པ་འཇའ་ཡུན་དུས་རྒྱལ་སྲིད་ལོ་ལྔར་བསྐྱངས། ཕྱི་ལོ་1331 ལོར་ཧོར་རྒྱལ་བཅུ་བཞི་བ་རིན་ཆེན་དཔལ་གྱིས་རྒྱལ་སྲིད་ཟླ་གཅིག་བསྐྱངས། ཕྱི་ལོ་1331 ནས་ཧོར་རྒྱལ་བཅོ་ལྔ་པ་ཐོ་གོན་ཐེ་མུར་གྱིས་རྒྱལ་སྲིད་ལོ་སོ་དྲུག་བསྐྱངས། ཕྱི་ལོ་1368 ནས་རྒྱ་ནག་ལ་ཡོན་རྒྱལ་རྒྱུད་ཀྱི་མངའ་འོག་ནས་རང་བཙན་ཐོབ། ( མུ་འགོད།༡)
ས་བཅད་གཉིས་པ། དམག་དཔོན་དོར་རྟ་ནག་པོས་བོད་དུ་དམག་འདྲེན་དགོས་པའི་རྒྱབ་ལྗོངས་གླེང་བ།
《བོད་ཀྱི་སྲིད་དོན་རྒྱལ་རབས་》དང་།《 ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།》《 ཧོར་རམ། ཡོན་གྱི་རྒྱལ་རབས་དང་། ཧོར་བོད་འབྲེལ་བར་དཔྱད་པའི་གཏམ་བདེན་དོན་རབ་གསལ་》སོགས་ལོ་རྒྱུས་ཕལ་མོ་ཆེའི་ནང་ལ་ཧོར་དམག་བོད་ཀྱི་ས་མཚམས་སུ་ཕྱི་ལོ་1200 ཡས་མས་སུ་སླེབས་ཚུལ་གླེང་འདུག་ཀྱང་། ཕྲན་གྱིས་དཔྱད་ཞིབ་བྱས་པའི་གྲུབ་འབྲས་ནང་ཕྱི་ལོ་1217 རྗེས་ནས་ཧོར་དམག་བོད་ཀྱི་མཐའ་མཚམས་ཡུལ་གྲུ་ཁག་ཏུ་བསུན་གཙེར་ཕྲན་བུ་བྱུང་བ་ལས། ཕྱི་ལོ་1217 ལོར་ཧོར་གྱིས་མི་ཉག་དང་རྒྱ་ནག་དབང་དུ་བསྡུས་ནས། བོད་ཀྱི་ས་མཚམས་སུ་འབྱོར་བ་ལས། མི་ཉག་དང་རྒྱ་ནག་དབང་དུ་མ་བསྡུས་པའི་ཡར་སྔོན་ཧོར་དམག་བོད་ཀྱི་ས་མཚམས་ཁག་ཏུ་སླེབས་སྟངས་མེད་པའི་ཟོལ་ཏུ་སྣང་ལ། ཕྲན་གྱི་དཔྱད་ཞིབ་ཀྱི་རྒྱུ་ཆ་དག་ལས་གསལ་ཁ་དེ་ཙམ་མ་གཏོགས་འདོན་ཐབས་བྲལ། དེ་ཡང་བོད་དུ་ཧོར་དམག་ཐོག་མ་ནི་ཕྱི་ལོ་1240 ལོར་ཡོང་བ་གསལ་ཏེ། པཎ་ཆེན་བསོད་ནམས་གྲགས་པའི་དེབ་ཐེར་ནང་ལ། “བོད་དུ་རྒྱ་ཧོར་གྱི་ལུང་བྱུང་ཚུལ་ནི། ཧོར་ཇིང་གིར་རྒྱལ་པོས་རྒྱལ་སར་བྱོན་ནས་ལོ་ཉི་ཤུ་ལོན་པ་ལྕགས་ཕོ་བྱི་བ་(1240)ལོར་དམག་དཔོན་ལ་བྱི་དང་དོར་རྟ་གཉིས་ཀྱིས་མགོ་བྱས་ཧོར་དམག་ཁྲག་ཁྲིག་མང་པོ་བོད་དུ་བཏང་སྟེ། གྲོང་ཁྱེར་ཕལ་ཆེར་བཅོམ། འབྲི་གུང་སྒོམ་པ་ཤག་རིན་ཧོར་དམག་གིས་བཟུང་བའང་འདི་རེས་ཡིན། རྭ་སྒྲེང་དང་རྒྱལ་ལྷ་ཁང་དུ་དགེ་འདུན་མང་པོ་བཀྲོངས་པ་ཡིན་ཞེས་དེབ་སྔོན་ལས་འབྱུང་ཡང་རྭ་སྒྲེང་ལ་ཁུངས་གཞན་གསལ་བ་མ་མཐོང་བས་བརྟག་གོ།།”[3] ཞེས་གསལ་ལ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ནང་དུ། “ཇིང་གི་ལོ་ང་དགུ་པ་(ཆོས་རྗེ་ས་པཎ་གྱི་དགུང་ལོ་ང་དགུ་པ་དང་ནོར་བ་མིན་ནམ་སྙམ)ལྕགས་བྱི་(1240)ལ་བྱང་ངོས་གོ་དན་གྱི་ས་ནས་དོར་ཏོག་གིས་དམག་དཔོན་བྱས་པའི་ཧོར་དམག་དང་པོ་བོད་དུ་ལྷགས་ཏེ་ཨོ་རྒྱན་རིན་པོ་ཆེས། མདོ་སྟོད་མདོ་སྨད་སོག་ཆུ་ར་སྒྲེང་སོགས།། ཞིབ་པར་མི་འཆད་སྐྱོ་བ་སྐྱེ་བའི་རྒྱུ།། ཞེས་ལུང་བསྟན་པའི་མདོ་སྟོད་མདོ་སྨད་སོག་ཆུ་ཁ་རྣམས་སུ་མི་མཐོང་ཚད་གསོད་པར་བྱས། རྭ་སྒྲེང་དུ་གནོད་པ་ཆེན་པོ་བྱས། སྟག་ལུང་སྨུག་པས་གཡོགས་ཏེ་མ་མཐོང་། རྒྱལ་ལྷ་ཁང་བསྲེགས། བཙུན་པ་སོ་སྟོན་སོགས་རབ་བྱུང་ལྔ་བརྒྱ་བསད། འབྲི་ཁུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རྡོ་ཆར་ཕབ་པས་འབྲི་ཁུང་ལ་མ་གནོད།”[4] ཅེས་གསལ་བ་དང་། མདོར་ན་ཕྱི་ལོ་1240 ལོར་དམག་དོན་དོར་རྟའི་མགོ་བྱས་ཏེ་ཧོར་དམག་ཁྲག་ཁྲིག་དུ་མ་བོད་དུ་བཏང་ནས་རྭ་སྒྲེང་དང་རྒྱལ་ལྷང་ཁང་རྣམས་སུ་གནོད་འཚེ་དང་བརྡབ་གསིག་ཆེན་པོ་བྱུང་བ་མ་ཟད། བཙུན་པ་སོ་སྟོན་སོགས་རབ་བྱུང་ལྔ་བརྒྱ་སྐུ་བཀྲོངས་པ་སོགས་ཀྱི་ལོ་རྒྱུས་གོང་དུ་བཀོད་པ་དེ་ལྟར་ལགས། དང་པོ་བོད་ཀྱི་མཐའ་མཚམས་ཀྱི་ཡུལ་མི་ཚོས་ཧོར་དམག་འགོག་ཐབས་ཀྱི་གྲབས་བཤམས་པ་ནི། ཧོར་པ་རྣམས་ལ་འདབ་ནོར་[5]ཅེས་རྟེན་ཆེས་ཕྲན་བུ་རེ་སྤྲད་དེ་ཧོར་དམག་གིས་བོད་ཀྱི་ཡུལ་ལུང་ཁག་ལ་བཙན་འཛུལ་མི་ཡོང་བར་ཐབས་བཀོད་འཐེན། རྒྱུ་མཚན། སྐབས་དེར་ཧོར་དམག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་དང་གླིང་ཆེན་ཨེ་ཤ་ཕལ་མོ་ཆེ་དབང་བསྒྱུར་བྱས་ནས་ས་ཕྱོགས་གང་སར་ཧོར་ཇིང་གེར་རྒྱལ་པོ་ཞེས་མཚན་སྙན་མེ་ལྟར་འབར་གྱིན་ཡོད་ལ། ཕྱི་ལོ་1240 ལོར་ཧོར་ཇིང་གེར་རྒྱལ་པོ་སྐུ་གཤེགས་པ་དང་། བོད་ཀྱི་མཐའ་མཚམས་ཁག་གི་ཡུལ་མི་ཚོས་འདབ་ནོར་མ་སྤྲད་ཕྱིར་རྒྱལ་བུ་གོ་དན་སྐབས་དེར་བྱང་ངོས་ཀྱི་ས་མཚམས་སྲུང་སྐྱོབས་བྱེད་མཁན་ཡིན་པས། ཇིང་གེར་རྒྱལ་པོ་སྐུ་གཤེགས་ཁར་བོད་ཀྱི་མཐའ་མཚམས་ཡུལ་མིས་ཧོར་ལ་འདབ་ནོར་མ་སྤྲད་པ་ཤེས་ནས་བོད་དུ་དམག་བཏང་མོད། ཐོག་མ་བོད་དུ་དམག་འོང་དོན་ཡང་རྩ་བ་འདབ་ནོར་མ་སྤྲད་པས་ལན་པ་ཡིན་ཚུལ་ཞྭ་སྒབ་པའི་རྒྱལ་རབས་ནང་བཀོད་པ་ལྟར་ལགས། སྐབས་དེར་བོད་ཁམས་སུ་ཆོས་རྒྱུད་མང་བས་ཆོས་ལུགས་པ་སོ་སོའི་ལྟ་གྲུབ་དར་རྒྱས་གཏོང་སླད་ཐོབ་དང་གོ་ས་རྩོད་ཀྱིན་པའི་གནས་བབ་ཅིག་ཀྱང་བྱུང་འདུག་ཏེ། སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོར། “མོང་གོར་གན་(འབྲི་གུང་པ་དང་མཆོད་ཡོན་དུ་འབྲེལ་)གྱིས། རྒྱལ་ས་ལོ་དགུ་མཛད། སྲས་གཉིས་པ། ཨེ་ཆེན་ག་དན་(རྗེ་ས་པཎ་དང་འབྲེལ) གསུམ་པ་གོ་པེ་ལ་ཤི་ཛུ་སེ་ཆེན་གན་(སྔ་མ་གུང་ཐང་པ་དང་འབྲེལ)ཤིང་མོ་ཕག་ལོ་ལ་འཁྲུངས། རྒྱལ་ས་ལོ་སུམ་ཅུ་སོ་ལྔ་མཛད། བཞི་བ་ཨ་རི་བྷོ་ག་(ཀརྨ་པ་དང་འབྲེལ) ལྔ་པ། ཧུ་ལ་ཧུ(འབྲི་གུང་པ་དང་འབྲེལ)[6] ཞེས་གསུངས་པ་ནི་ཆོས་རྒྱུད་རང་རང་གི་གྲུབ་མཐའ་ལ་གཞན་གྱིས་གནོད་འཚེ་མི་ཡོང་བའི་ཐབས་བཀོད་ཅིག་ཡིན་ལ། ཆོས་རྒྱུད་རེ་རེས་རང་རང་གི་ལྟ་གྲུབ་དར་སྤེལ་གཏོང་འདོད་ཀྱི་འབད་འབུངས་རྣམ་པ་ཞིག་ཀྱང་ཡིན་ངེས་ཤིང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་ནང་དུ། “ཆོས་ལུགས་ཚོགས་པ་ཁག་གིས་སོ་སོའི་ཆོས་ལུགས་སྟོབས་ཤུགས་གོང་འཕེལ་དང་སྲ་བརྟན་གཏོང་དགོས་ན། ངེས་པར་དུ་རང་ཉིད་ཀྱི་རྒྱབ་རྟེན་བཅོལ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ཡང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་གང་ཅིའི་ཐད་ནས་སྟོབས་ཤུགས་ཆེ་ཞིང་གཅིག་གྱུར་ཆེ་ཙམ་ཡིན་པ་ཞིག་ལ་བརྟེན་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་པར་མཐོང་་་།”[7] ཞེས་གསུངས་པ་ནི་དངོས་ཡོད་ལོ་རྒྱུས་དང་མཐུན་པའི་དཔྱད་བརྗོད་ཅིག་ཏུ་འཁུམས། འོན་ཀྱང་ཆོས་ལུགས་པ་སོ་སོས་ཧོར་ལ་མགོ་བཏགས་ཞུས་པ་རེད་ཅེས་པ་ནི་དེང་གི་ཀྲུང་གོའི་བོད་ནི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཧམ་བཤད་དང་ཇུས་ངན་གྱིས་ལོ་རྒྱུས་རྫུན་བཅོས་བྱས་བཞག་པ་དང་གཅིག་མཚུངས་ལས་མ་འདས་ཀྱང་། མཁས་དབང་དུང་དཀར་རིན་པོ་ཆེར་ཆེད་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དཔྱད་བརྗོད་འདི་ཉིད་ཀྲུང་དབྱང་ནས་ཆེད་རྩོམ་མཛད་བཅུག་པས་གཞན་དབང་སྟབས་བསྟུན་གྱིས་དཔྱད་པ་ལོག་པ་ཞིག་ལས་མ་འདས། དེ་ནས་བོད་ཕྱོགས་སུ་ཆོས་རྒྱུད་མང་བ་དང་ལྷག་པར་མཁས་པ་གནམ་གྱི་སྐར་ཚོགས་ལྟ་བུ་གྲགས་ཆེ་བ་མང་པོ་བཞུགས་ཡོད་ཀྱང་། གཏམ་དཔེ་ལ་ “ཨ་ཡོད་ནང་གི་ད་ཡོད།” “སྒོང་ངའི་ནང་གི་སེར་རིལ་” ཞེས་པའི་དཔེ་ལྟར་བོད་ཁམས་སུ་ཆེས་མཚན་སྙན་དང་དགེ་བའི་ལས་སུ་ཡོད་ཚད་གཏོང་ཕོད་པ་དེ་རྒྱལ་བུ་གོ་དན་གྱིས་ས་སྐྱ་པཎྜི་ཏ་མཆོག་ཡིན་པ་མཁྱེན་ནས་ཆེད་དུ་བཀའ་བཏང་སྟེ་བྱང་ངོས་སུ་ས་པཎ་མཆོག་གདན་ཞུ་གནང་འགོ་ཚུགས། ཕྱི་ལོ་1244 ལོར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཧོར་ནས་བླ་མཆོད་དུ་གདན་དྲངས་ཏེ། ཕྱི་ལོ་1246 ལོའི་ཟླ་བ་8 པར་ལིང་ཆུ་རྩེའི་ཁབ་ཏུ་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་1247 ཟླ་བ་1 པོར་རྒྱལ་བུ་གོ་དན་དང་ཞལ་འཛོམས་བྱུང་སྟེ། ཧོར་བོད་དབར་ལ་སྔར་བྱུང་མྱོང་མེད་པའི་མཆོད་ཡོན་གྱི་འབྲེལ་བ་ཐོག་མ་དེ་བྱུང་ངོ་། ( མུ་འགོད།༢)
ས་བཅད་གསུམ་པ། ས་སྐྱ་པཎྜི་ཏ་མཆོག་ཧོར་[8]*ཡུལ་དུ་ཕེབས་དོན་དང་ཇི་ལྟར་ཕེབས་ཚུལ་གླེང་བ།
རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཕེབས་དོན་རྒྱུ་མཚན་ཆེ་བ་བཞི་མཆིས་ཏེ། གཅིག ཧོར་སོག་གི་སྐྱེ་བོ་གདུག་བ་ཅན་རྣམས་ཀྱི་སེམས་རྒྱུད་མ་རུང་བ་འདུལ་རྒྱུ་དང་། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་རྒྱུ། གཉིས། ས་སྐྱ་པཎྜི་ཏ་ཧོར་གྱི་ཡུལ་དུ་ཕེབས་དགོས་པའི་ལུང་བསྟན་ཡོད་ཅིང་། ལྷག་པར་ཁོང་གི་བླ་མ་རྗེ་བཙུན་པ་ཆེན་པོས་ཁྱེད་ཉིད་སྐུ་ཚེ་སྨད་ལ་ཧོར་གྱིས་གདན་འདྲེན་ཞུ་མི་ཡོང་བས། “ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བས་ཅི་ནས་སོངས་ཤིག”[9] ཅེས་བཀའ་གསུང་ལྕི་མོ་སྤྱི་བོར་སྨིན་པ་དང་། གསུམ་པ། རྒྱལ་བུ་གོ་དན་གྱིས་ས་པཎྜི་ཏ་མཆོག་གདན་འདྲེན་གྱི་ཕོ་ཉ་མངགས་ཏེ། “གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པར་གཏོང་བ་ཇི་ཙམ། ཁྱེད་ཀྱིས་ཆོས་གོ་བའི་དམ་བཅའ་དང་ཨེ་འགལ། ངས་མཐའི་ཁྲིམས་ར་བླངས་དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག”[10] ཅེས་ང་རྒྱལ་ཆེན་པོས་ཞི་དྲག་གཉིས་འཛོམས་ཅན་གྱི་འཕྲིན་ཡིག་ཅིག་ཀྱང་བསྐུར་གནང་བ། བཞི། བོད་ཁམས་སུ་ཧོར་གྱིས་བཙན་འཛུལ་དང་སུན་གཙེར་མི་ཡོང་བའི་སླད་སྐུ་སྲོག་དང་དཀའ་ཚེགས་གང་ལའང་མ་འཛེམས་པར་ཕྱི་ལོ་1244 བོད་རབ་བྱུང་བཞི་པ་ཤིང་ཕོ་འབྲུག་ལོར་ཧོར་རྒྱལ་བུ་གོ་དན་གྱིས་ས་སྐྱ་པཎྜི་ཏ་མཆོག་ལ་《འཇའ་ས་གདན་འདྲེན་མ་》ཡི་བཀའ་ཤོག་བསྩལ་པ་བཞིན་བྱང་ངོས་སུ་བྱོན་པ། “ཆོས་རྗེ་ས་པཎ། དགུང་ལོ་དྲུག་ཅུ་རྩ་གསུམ་པ། ཤིང་ཕོ་འབྲུག་ལོ་ལ། ཧོར་གྱི་གསེར་ཡིག་པ་ལ་སྔ་བ། རྡོར་ཐ་ཆེས། ས་སྐྱ་ནས་གདན་དྲངས་ནས་བྱོན། ལམ་བར་ལ་ལོ་གསུམ་སོང་།”[11] ཞེས་དང་། “ཤིང་ཕོ་འབྲུག་དྲུག་ཅུ་རྩ་གསུམ་པ་ལ། ཁུ་དབོན་གསུམ་བྱོན། ལམ་དུ་ལོ་གསུམ་འགོར། རྟ་ལོ་ལ་བྱང་ངོས་སུ་ཕེབས། རྒྱལ་པོས། གོ་ཡུག་རྒྱལ་པོ་རྒྱལ་སར་བཏོན་པའི་མཇལ་འཕྲད་འཁོར་བ་དང་། ལུག་ལོ་ལ་མཇལ།”[12] ཞེས་དང་། “སྐུ་ན་བགྲེས་ནའང་སྔར་བཤད་པའི་རྒྱུ་མཚན་རྣམས་དགོངས་ཏེ་སྐུ་སྲོག་ལ་ཡང་ཕོངས་པ་མེད་པར་བྱོན།”[13] ཞེས་ཆོས་རྗེ་སཎ་མཆོག་གིས་ས་སྐྱའི་ཆོས་དཔོན་ལ་བླ་མ་འོ་ཡུག་པ་བསོད་ནམས་སེང་གེ་དང་། ཤར་པ་ཤེར་འབྱུང་བསྐོ་བཞག་གནང་། ས་སྐྱ་སྤྱི་མཁན་པོར་ནང་གཉེར་བ་གྲོམ་པ་ཤྭཀྱ་བཟང་པོ་བསྐོས། ས་པཎ་མཆོག་གིས་“འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུ་བཞེས་པ་དང་། ཕྱག་ན་དྲུག་ལོན་པ་ཞིག་ཕྱག་ཕྱིར་ཁྲིད་”[14]གནང་སྟེ་དགུང་ལོ་63 ལ་བྱང་ངོས་སུ་འགྲོ་བའི་དོན་དུ་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་1246 བོད་རབ་བྱུང་བཞི་པའི་མེ་ཕོ་རྟ་ཟླ་བ་8 ཆོས་རྗེ་མཆོག་དགུང་གྲངས་65 ལིང་ཆུ་རྩེར་ཞབས་སོར་བདེ་བར་འཁོད་སྐབས་རྒྱལ་བུ་གོ་དན་བྱང་ངོས་སུ་བཞུགས་མེད་པར་གོ་ཡུག་གན་[15]རྒྱལ་སར་སྟོན་མོར་ཕེབས། ཕྱི་ལོ་1247 བོད་རབ་བྱུང་བཞི་པའི་མེ་མོ་ལུག་ཟླ་བ་དང་པོར་རྒྱལ་བུ་གོ་དན་ཕྱིར་ལིང་ཆུ་རྩེར་ཕྱིར་ཕེབས་པ་དང་ས་སྐྱ་པཎྜི་ཏ་མཆོག་དང་ཞལ་འཛོམས་བྱུང་སྟེ། ཡུ་གུར་གྱི་ལོ་ཙྭ་བ་བརྒྱུད་ནས་ཆོས་སྲིད་གཉིས་ཐད་ནས་གསུང་གླེང་ལྷུག་པོར་གནང་བས་རྒྱལ་བུ་གོ་དན་གྱི་ཐུགས་ཡིད་ཉེ་བར་འཕྲོག་ཅིང་ཆོས་སྲིད་གཉིས་ཐད་ནས་ས་པཎ་མཆོག་ལ་བཀུར་བཟོ་ཆེ་བར་མཛད། སྤྱིར་ཚོགས་དང་སྨོན་ལམ་འདེབས་སར་ཧོར་གྱི་ལྷ་པ་དང་ཨེ་ཀ་འུན་[16]དག་བནྡེའི་གྲལ་མགོར་བཞུགས་སྲོལ་འདུག་ཀྱང་། ཕྱིས་སུ་རྒྱལ་བུ་གོ་དན་གྱིས་ལུང་བསྩལ་ཏེ་ཐམས་ཅད་ཀྱི་གྲལ་མགོར་བླ་མ་ཆོས་རྗེ་ས་པཎ་མཆོག་དང་བནྡེ་དག་བཞུགས་དགོས་པ་ལས་ཨེ་ཀ་འུན་དང་ལྷ་པ་དག་གྲལ་མགོར་སྡོད་མི་ཆོག་པའི་བཀའ་བསྩལ་ཏེ། རིམ་བཞིན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཧོར་ཡུལ་དུ་ཡར་ཚེས་ཀྱི་དུང་ཟླ་གོར་མོ་བཞིན་དར་ཁྱབ་ཆེར་ཕྱིན། དེ་ནས་རྒྱལ་བུ་གོ་དན་ལ་ཤ་ཁྲའི་པགས་ནད་ཀྱི་ན་ཚ་ཡོད་པར་བརྟེན་འཕགས་པ་སེང་གེ་སྒྲའི་ཆོ་གའི་རིམ་གྲོ་བསྒྲུབས་ནས་པགས་ནད་དྲགས་སྐྱེད་བྱུང་བར་གྲགས་ཤིང་། རྒྱལ་བུ་གོ་དན་སྔར་ལས་ཆོས་རྗེ་ས་པཎ་མཆོག་ལ་ཤིན་ཏུ་དད་ནས་ཐེག་པ་ཆེན་པོའི་ཟབ་གསང་ཆོས་ཀྱི་དབང་ལུང་དུ་མ་ཞུས། སྐབས་ཤིག་ལ་རྒྱལ་བུ་གོ་དན་དང་ཆོས་རྗེ་ས་པཎ་རྣམ་གཉིས་ཀྱིས་རུས་སྦལ་ལ་སྤུ་སྐྱེ་མིན་གྱི་ཀླན་ཀ་མཛད་པས་གོ་དན་ཕམ་པར་བརྟེན་ཞལ་སྐྱེངས་དགོས་པ་བྱུང་བས། རྒྱལ་བུས་དེའི་ལན་སློག་ཆེད་སྒྱུ་མ་མཁན་གྱིས་སྤྲུལ་བའི་དགོན་པ་ཞིག་བཞེངས་ཏེ། རྗེ་ས་པཎ་མཆོག་ལ་གནས་དབེན་ས་ཞིག་ཏུ་ཁྱེད་ལ་སྟེར་རྒྱུའི་དགོན་པ་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་ཞུས་ཡོད་པས་གཟིགས་པར་ཕེབས་རོགས། ཞེས་གསུངས་ནས། རྒྱལ་བློན་སྐུ་འཁོར་བཅས་པ་མཉམ་ཕེབས་གནང་སྟེ་སྒྱུ་མ་མཁན་གྱི་སྤྲུལ་བའི་དགོན་པ་ཡིན་པ་མཁྱེན་ནས་རབ་གནས་མཛད་པས་སྒྱུ་མ་བཤིག་མ་ཐུབ་པས་ཕྱིས་སུ་“སྤྲུལ་བའི་སྡེ་”ཞེས་ས་ཕྱོགས་གང་སར་ཡོངས་སུ་གྲགས་པ་ད་ལྟ་ཤུལ་ཙམ་ཞིག་ལས་མེད་པར་གྲགས། ཆོས་རྗེ་ས་པཎ་མཆོག་གི་ཐུགས་དགོངས་ལ་བོད་དུ་བྱོན་པ་ལས་ཧོར་ཡུལ་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་མང་པོར་ཕྱོགས་གང་ཐད་ནས་སྨན་པའི་དགེ་མཚན་དུ་མ་མཐོང་སྟེ། བོད་དུ་ཕྱིར་མ་བྱོན་ཀྱང་། ཆོས་རྗེ་ས་པཎ་མཆོག་གིས་དབུས་གཙང་ཁམས་གསུམ་གྱི་གཙོས་པའི་བོད་སྐད་སྨྲ་བ་པོ་ཐམས་ཅད་ལ་བཀའ་ཡིག་ཅིག་བསྐུར་ཏེ་ལྟ་ཀློག་བྱས་ནས་ཉམས་སུ་ལེན་དགོས་ལུགས་གསུངས་ཤིང་། བཀའ་ཤོག་འདི་གོ་བོད་ཧོར་དབར་གྱི་ནམ་ནམ་ཞར་ཞར་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ། བཀའ་ཤོག་དེར་བརྟེན་ནས་བོད་ཧོར་ཕྱོགས་གཉིས་ཀའི་མཆོད་ཡོན་གྱི་འབྲེལ་ལམ་ཡུན་ནས་ཡུན་དུ་སྲ་བརྟན་དུ་བཏང་མོད། གཤམ་ནས་བཀའ་ཤོག་འདི་ཉིད་དུམ་ཚན་བདུན་དུ་དབྱེ་ནས་དཔྱད་པ་ཅུང་ཟད་བྱ་རྒྱུ་ཡིན། དེང་སང་ལོ་རྒྱུས་རེ་གཉིས་སུ་བཀའ་ཡིག་འདི་ལ་གོ་འཛོལ་གྱི་འགྲེལ་བཤད་སྣ་ཚོགས་ཡོང་བཞིན་པས་མི་གླེང་ཀ་མེད་བྱུང་། (མུ་འགོད། ༣)
1 བཀའ་ཤོག་ལས་ས་སྐྱ་པཎྜི་ཏ་ཧོར་གྱི་ཡུལ་དུ་ཕེབས་དགོས་དོན་གླེང་བ། དེང་སང་བོད་ནང་ནས་ལོ་རྒྱུས་དཔྱད་ཞིབ་པ་འགའ་རེས་ས་སྐྱ་པཎྜི་ཏའི་འཕྲིན་ཡིག་འདི་ལ་ལོག་འགྲེལ་བྱས་པ་དང་། ལྷག་པར་རྒྱ་ཡིག་ནང་ལ་འཕྲིན་ཡིག་འདི་ཉིད་དངོས་ཡོད་ལས་ཐ་དད་པ་ཞིག་ལ་འགྲེལ་བཤད་བྱས་འདུག་པས། ད་ཐེངས་འཕྲིན་གྱིས་ནང་དོན་ལ་དཔྱད་པ་རགས་རིམ་ཙམ་བྱ་འདོད། དེ་ཡང་ས་སྐྱ་པཎྜི་ཏ་མཆོག་གིས་ཁོང་ཧོར་ཡུལ་དུ་ཕེབས་དོན་“དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ། སངས་རྒྱས་ཀྱི་བསྟན་པ་དང། སེམས་ཅན་སྤྱི་དང་། སྒོས་བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པར་བསམས་ནས་ཧོར་ནང་དུ་འོང་།”[17] ཞེས་གལ་ཏེ་ཧོར་དམག་བོད་དུ་སླེབས་ཚེ་བོད་དེ་ཧོར་གྱི་མངའ་འབངས་སུ་བསྒྱུར་ཏེ། བོད་མི་ཡོད་དོ་ཅོག་ལ་དཀའ་སྡུག་བཟོད་བསྲན་བྱ་མི་ཐུབ་པ་ཞིག་ཡོང་རྒྱུ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལའང་གནོད་འཚེ་ཆེར་ཐེབས་ཀྱི་ཡོད་པས། ས་སྐྱ་པཎྜི་ཏ་མཆོག་དགུང་ལོ་བགྲེས་མིན་དང་། ཕེབས་ཐུབ་མིན་སོགས་ཀྱི་དཀའ་ཚེགས་གང་ལའང་མ་ལྟོས་པར་ཧོར་ཡུལ་དུ་བྱོན་པ་དང་། དེའང་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་སྤྱི། ལྷ་པར་བོད་རིགས་ཡོངས་ལ་ཕན་པར་དགོངས་ནས་ཕེབས་པ་གསལ་བཤད་མཛད་དོ།།
2 བཀའ་ཤོག་ལས་རྒྱལ་བུ་གོ་དན་གྱིས་ས་པཎ་མཆོག་ལ་བཀའ་ཅི་སྩལ་གླེང་བ། རྒྱལ་བུ་གོ་དན་གྱིས་ས་པཎ་མཆོག་ལ་བཀའ་གསུང་ཅི་ཞིག་བསྩལ་ཡོད་མེད་ནི་ཤེས་དགོས་པ་གལ་ཆེན་ཞིག་ཡིན་པས། གཤམ་ནས་ཁོང་ཉིད་ཀྱི་འཕྲིན་ཡིག་ནང་རྒྱལ་བུ་གོ་དན་གྱི་བཀའ་ལུང་ཅི་གནང་བ་གསལ་བོ་བྲིས་པ་། “ཁྱེད་མགོས་ངོ་བལྟས་པ་ཡིན། གཞན་ཚོ་རྐང་པས་ངོ་བལྟས་པ་ཡིན། ཁྱོད་ངས་བོས་པ་ཡིན། གཞན་ཚོ་སྐྲག་ནས་འོང་བ་ཡིན། དེ་ངས་མི་ཤེས་པ་ཨེ་ཡིན།”[18] ཞེས་ཁོང་ནི་ཧོར་ཡུལ་དུ་ཆེད་དུ་གདན་འདྲེན་མཛད་ཚུལ་གསལ་བ་དང་། གཞན་རྒྱ་ནག་དང་། མི་ཉག ཡུ་གུར་གྱི་དཔོན་ཆེན་རྣམས་ནི་བཙན་གྱིས་དམག་དཔུང་གིས་བརྡ་འདེད་བྱས་ནས་ཧོར་དུ་ཡོང་བ་ཡིན་ཚུལ་རྒྱལ་བུ་ཉིད་ཀྱིས་གསལ་གསལ་ཐང་ཐང་མཁྱེན་གྱི་ཡོད་པ་འགྲེལ་བརྗོད་མཛད་ལ། ཡང་“རང་ཤེས་ཁྲིམས་ལུགས་འཁུར་ཤེས་ན། རྒྱལ་ཁམས་ཐམས་ཅད་ལ་ཕན་པར་བྱ་སྙམ་པའི་ཐུགས་དགོངས་བཟང་པོ་ཅིག་འདུག སྒོས་ཁྱེད་རང་གི་མི་སྡེ་བོད་རྣམས་ལ་ཁྲིམས་ལུགས་ལེགས་པར་སློབས། སྐྱིད་དུ་འཇུག་པ་ངས་ཤེས་གསུངས་པ་དང་།”[19] ཞེས་པའི་བཀའ་གསུང་འདིས་བོད་ཡུལ་འདི་ཉིད་ཧོར་གྱི་མངའ་འབངས་སུ་མི་གཏོགས་ཚུལ་གསལ་བོ་བཤད་འདུག་སྟེ། ས་སྐྱ་པཎྜི་ཏ་མཆོག་ལ་ཁྱེད་རང་གི་མི་སྡེ་བོད་རྣམས་ལ་ཁྲིམས་ལུགས་ལེགས་པར་སློབས་ཞེས་ལམ་སྟོན་གནང་བ་དང་། ཧོར་གྱིས་བོད་དུ་དམག་དཔུང་མི་གཏོང་བར་བོད་མི་རྣམས་སྔར་ལྟར་བདེ་བདེ་སྐྱིད་སྐྱིད་ཀྱི་འཚོ་བ་རོལ་དགོས་ཀྱི་ཡོད་པ་མཁྱེན་ཚུལ་གསལ་བཤད་མཛད། གལ་ཏེ་བོད་དེ་ཧོར་གྱི་མངའ་འབངས་སུ་གཏོགས་ན་ས་སྐྱ་པཎྜི་ཏ་མཆོག་ལ་བཀའ་འདི་འདྲ་གནང་མི་སྲོད་པ་ཞིག་རེད།(མུ་འགོད།༤)
3 བཀའ་ཤོག་ལས་ཧོར་གྱི་གནས་བབ་གླེང་བ། ས་སྐྱ་པཎྜི་ཏ་མཆོག་གིས་གལ་ཏེ་བོད་མི་དག་གིས་ཧོར་གྱི་གནས་བབ་ཇི་འདྲ་ཡོད་པ་མ་ཤེས་ན་བོད་ཧོར་འཐབ་འཁྲུག་གི་མི་གསོད་ཁྲག་སྦྱོར་ཡོང་རྒྱུ་མཁྱེན་གྱི་ཡོད་པས། བོད་མི་དག་ལ་ཧོར་གྱི་གནས་བབ་ངོ་སྤྲོད་གནང་རྒྱུ་དེ་གལ་ཆེན་པོར་བརྩིས་ཏེ། “སྐབས་དོན་ཧོར་འདིའི་དམག་སྡེ་གྲངས་ལས་འདས། འཛམ་བུ་གླིང་ཐམས་ཅད་ཁོང་གི་མངའ་རིས་སུ་འདུག་སྙམ་པའི་བསམ་པ་ཅིག་འདུག ཁོང་རང་དང་མཐུན་པ་ཚོ་སྐྱིད་སྡུག་ཁོང་རང་དང་མཉམ་པ་བྱེད། ཁོང་ལ་ཞེ་ཐག་པས་གང་ཟེར་མ་ཉན་ན་ངོ་བལྟས་པ་ཡིན་ཟེར་བའི་མིང་གིས་མི་ཆོག་པ། རྟིང་བརླག་པར་བྱེད་པ་ཅིག་འདུག”[20] ཅེས་མདོར་དོན་སྙིང་པོ་ཧོར་གྱི་དམག་སྡེ་གྲངས་ལས་འདས་ཤིང་། ང་ཚོས་ཧོར་ལ་འཐབ་ཀྲོལ་མི་ཡོང་བར་རང་ཉིད་བརླག་པའི་རྒྱུ་ལས་མེད་པས། ཧོར་དང་མཐུན་འཇུག་གི་ལམ་སྣེ་འཇུ་ཐབས་ལ་འབད་འབུངས་བྱ་དགོས། སྔོན་མ་རྒྱ་དང་། མི་ཉག སོག་པོ་དག་གིས་ཀྱང་ཐོག་མ་ཧོར་ལ་མཐུན་འཇུག་མ་བྱས་པར་འཐབ་ཀྲོལ་ལས་རྒྱལ་བར་རེ་བས་ཉེར་ལེན་ལས། རྗེས་སུ་རྩ་བརླགས་བཏང་བའི་དངོས་བྱུང་ལོ་རྒྱུས་དཔེར་མཚོན་བཀོད་ནས་གནད་བསྡུས་གསལ་བཤད་མཛད་དོ།།
4 བཀའ་ཤོག་ལས་བོད་མིའི་མི་གཤིས་གླེང་བ། སྤྱིར་བཏང་བོད་མི་བྱིངས་ལ་ཤེས་ཡོན་སློབ་གསོ་དང་དཔལ་འབྱོར་གྱི་དབུལ་བ་དང་། རྒྱལ་ཁབ་སྲུང་སྐྱོབས་ཀྱི་དམག་དཔུང་མེད་པའི་རྒྱུ་རྐྱེན་དུ་མའི་དབང་གིས་བོད་མི་དག་གི་མི་གཤིས་ངོ་སྤྲོད་མི་བྱ་ཐུ་མེད་དུ་སོང་། གལ་ཏེ་བོད་མི་རྣམས་ཀྱི་གཡོ་རྒྱུ་ཟོལ་གསུམ་གྱི་འཐབ་ཀྲོལ་བྱས་པས་རྒྱལ་ཁ་ལེན་པར་འདོད་པའི་རེ་འབྲས་ནི་ས་ཡི་འཇའ་ཚོན་ལས་མ་འདས་མོད། “འོ་སྐོལ་གྱི་མི་སྡེ་ངན་ལ་གྱོང་བས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བྲོས་པས་ཐར་དུ་རེ། ཐག་རིང་བས་མི་ཡོང་དུ་རེ། འཐབ་ཐུབ་ཏུ་རེ་ནས། གཡོ་སྒྱུ་ཟོལ་གསུམ་བྱས་པས་བརླག་ཀྱང་བརླག ཐ་ཐད་སོ་སོ་ནས་ངོ་བལྟས་པའི་ཚོ་མང་། བོད་ངན་ལ་གྱོང་པའི་སྟོབས་ཀྱི་བྲན་དང་གཡོག་གི་བྱ་བྲག་མ་གཏོགས་པ། དཔོན་པོར་བསྐོས་པ་བརྒྱ་ལ་རེ་འགའ་ཙམ་ལས་མ་མཐོང་།”[21] ཞེས་བོད་ངན་ལ་གྱོང་པའི་སྟོབས་ཀྱིས་རང་ཉིད་ལས་གཞན་ལ་མགོ་བོ་སྒུར་བར་མི་འདོད་པའི་ང་རྒྱལ་ཆེན་པོས་རང་སྣང་གང་དྲན་གྱིས་ཧོར་ལ་འཐབ་འདོད་པ་ནི་སྒོང་ང་བྲག་ལ་བརྒྱབ་པ་ལྟར་རང་གི་ལྷ་སྡེ་མི་སྡེ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པར་བྱེད་རྒྱུ་ཡིན་པ་གསལ་བཤད་གསལ་བོ་མཛད། གཞན་ཡང་བོད་ཀྱི་མི་དཔོན་པོར་བསྐོས་པ་ཉུང་བ་ནི་ང་ཚོའི་མི་སྡེ་ངན་པའི་རྐྱེན་ཡིན་ཚུལ་གསུངས་སོ།།
5 ཧོར་དམག་འགོག་ཐབས་གླེང་བ། ང་ཚོས་ཧོར་དང་མཐུན་འཇུག་གི་ལམ་སྣེ་མ་བཟུང་ན། ཧོར་གྱིས་དམག་འོང་ཚེ་དམག་གྲངས་མང་ལ། མི་དཔའ་ཞིང་། ཁྲབ་དང་གོ་ཆ་སྲ། དམག་ཐབས་ཀྱི་གཡུལ་སའི་ས་བཙན་པ་སོགས་ཀྱིས་མཁས་པ་དག་གིས་ཐུབ་འདོད་ཀྱང་བརླག་པར་བྱེད་ཀྱི་འདུག་པས། ང་ཚོས་རྗེས་ཕྱོགས་བྱ་བ་ཇི་ལྟར་བརྩམ་དགོས་མིན་ཁོང་གི་གསུང་ལ་གསན་འདོད་ན་ “ཁྱེད་རྣམས་ཀྱི་ཡུལ་དང་། ས་ཕྱོགས་ཀྱི་མི་སྡེ། སོ་སོའི་དཔོན་གང་ཡོད་པ་དེ་དཔོན་དུ་བསྐོས། ས་སྐྱ་པའི་གསེར་ཡིག་པ་དང་དངུལ་ཡིག་པ་བོས་ལ། ངེད་ཀྱི་ད་ར་ཁ ཆེ་[22]འདི་བསྐོས་ན་འཐད་པ་ཡིན་ཟེར་བའི་ངོ་སྤྲོད་གྱིས་ལ་ཕར་འགྲོ་ཚུར་འགྲོའི་བང་ཆེན་པ་གོ་ཆོད་པ་ཚུད། དེ་ནས་དཔོན་གྱི་མིང་། མི་སྡེའི་གྲངས། འདབ་ནོར་གྱི་ཚད་ཡི་གེ་ལེགས་པོ་གསུམ་གྱིས་ལ། གཅིག་ངེད་ལ་སྐུར། གཅིག་ས་སྐྱར་ཞོག གཅིག་རང་རང་གི་དཔོན་གྱིས་བཟུང་། ཡང་ངོ་བལྟས་པ་འདི་ཡིན། མ་བལྟས་པ་འདི་ཡིན་ཟེར་བའི་ས་རིས་ལེགས་པོ་གྱིས། ཤན་མ་ཕྱེད་ན་ངོ་མ་བལྟས་པའི་ཞོར་ལ་བལྟས་པ་ཚོ་ཡང་བརླག་དོགས་ཡོད། ས་སྐྱ་པའི་གསེར་ཡིག་པས་ཡུལ་གང་ཡིན་པའི་དཔོན་དང་གྲོས་གྱིས་ལ། སེམས་ཅན་ལ་ཡང་ཕན་པར་གྱིས་ལ་རང་ཚོད་དབང་ཆེ་མ་བྱེད། ཡུལ་དཔོན་གྱིས་ཀྱང་ས་སྐྱ་པའི་གསེར་ཡིག་པ་དང་གྲོས་མ་བྱས་པར་རང་ཚོད་མ་བྱེད། གྲོས་མ་བྱས་པར་རང་ཚོད་བྱེད་པ་ཁྲིམས་ལ་མེད། ཉེས་པ་ལ་ཐུག་ན་འདི་ན་ཞུ་བ་དཀའ། དེར་ཐམས་ཅད་བློ་མཐུན་པར་གྱིས། ཧོར་གྱི་ཁྲིམས་ལུགས་བྱས་ན་ལེགས་པོ་འོང་། གསེར་ཡིག་པ་བསུ་བསྐྱེལ་དང་ཞབས་ཏོག་ལེགས་པར་གྱིས།”[23] ཞེས་གསུངས་པའི་སྙིང་དོན་ནི། ཧོར་དམག་བོད་ལ་ཡོང་རྒྱུ་འགོག་ཐབས་ཤིག་གསུང་པ་ནི། ཧོར་དང་ས་སྐྱའི་གསེར་ཡིག་པ་བསུ་སྐྱེལ་ལེགས་དགོས་པ་དང་། ས་སྐྱའི་གསེར་ཡིག་པ་བརྒྱུད་ནས་ཧོར་ལ་འདབ་ནོར་ཡང་ལེགས་པར་ཕུལ་ཏེ་ངོ་བལྟ་བཟང་དགོས་ཚུལ་གསུངས་པ་དེ་ཉིད་དོ།། སྐབས་དེར་བོད་སྤྱི་ལ་ཁྲིམས་ལུགས་འདི་ཟེར་བ་ཞིག་མེད་པས། བོད་ཀྱི་ལྷ་སྡེ་མི་སྡེ་ཧོར་ཁྲིམས་ལྟར་བསྐྱང་ན་ལེགས་པར་འོང་བའི་ལམ་སྟོན་ཀྱང་མཛད། ཕྱིས་སུ་བོད་ཁམས་ཡོངས་སུ་ཧོར་གྱི་ཁྲིམས་ལྟར་བོད་འབངས་བདེ་བར་བསྐྱངས་གནང་བར་གྲགས ( མུ་འགོད། ༥) རྗེས་མ། >>>
Leave a Reply