༄༅། །དཔལ་ལྡན་ས་སྐྱ་པ་དང་ཡོན་རྒྱལ་རབས་བར་གྱི་མཆོད་ཡོན་འབྲེལ་ལམ་དང་སྐབས་དེའི་བོད་ཀྱི་སྲིད་དོན་གནས་བབ་དངོས་གླེང་བ།
6 བཀའ་ཤོག་ལས་ཁོང་ལ་མ་གསན་པའི་མཇུག་འབྲས་གླེང་བ།
གལ་ཏེ་ཁྱེད་རྣམ་པའི་ཁོང་གིས་གསུང་ལ་མ་ཉན་པར་རང་ཚོད་བྱ་བ་བསྒྲུབ་ན་དེའི་མཇུག་འབྲས་ནི་ “སྤྱིར་ངས་ཀྱང་ན་ནིང་ནས་མི་བཏང་ནས་འདི་ལྟར་བྱས་ན་ལེགས་བྱས་ནས་གྲོས་བསྟན་པ། ཁྱེད་རང་རྣམས་ཀྱིས་ཀྱང་དེ་བཞིན་བྱེད་པའི་རིགས་སུ་མེད་པ་འདུག བརླག་པའི་རྗེས་ལ་ཁྱེད་ཐ་དད་ཚོ་ཅི་ཟེར་ཉན་པ་ཅིག་འདོད་པ་ཡིན་ནམ། ཅི་ཟེར་བ་ཡིན་ཡང་མ་གོ ཕྱིས་ས་སྐྱ་པ་ཧོར་གསེབ་ཏུ་སོང་བ་ཡིན་ཏེ་ངེད་ལ་མ་ཕན་ཟེར་བ་དེ་མི་གསུང་པར་ཞུ།”[24] ཞེས་ཁོང་གི་བཀའ་ལ་མ་ཉན་ན་ཧོར་གྱིས་བོད་ཁམས་ཡོངས་བརླག་རྒྱུ་ཡིན་པ་གདོན་མི་ཟ་ཞིང་། བརླག་པའི་རྗེས་སུ་ཁྱེད་རྣམ་པའི་ས་སྐྱ་བ་ཧོར་གསེབ་ཏུ་ཕྱིན་པ་རེད་དེ། ང་ཚོ་ལ་ཕན་ཅི་ཡང་ཐོགས་མ་སོང་དེ་འདྲ་མི་བཤད་པར་ཞུ། ཁོང་གིས་ན་ནིང་ནས་ཁྱེད་ཅག་ལ་གྲོས་བསྡུར་བྱས་ཀྱང་ཁྱེད་ཅག་མི་མཐུད་པའི་རྣམ་འགྱུར་བསྟན་པ་ནི་རང་ཉིད་བརླག་རྒྱུར་རེ་སྒུག་བྱེད་པའི་ཟོལ་ལས་མི་འདུག་པ་གསལ་བྱེད་མཛད།
7 ས་སྐྱའི་གསེར་ཡིག་པས་རྒྱལ་བུ་ལ་འདབ་ནོར་འབུལ་སྟངས་གླེང་བ།ས་པཎྜི་ཏ་མཆོག་གི་ཧོར་རྒྱལ་བུ་ལ་ངོ་སྲུང་ལྟ་བར་འདབ་ནོར་འབུལ་སྟངས་ཀྱི་སྐོར་ལ་ “འདིར་མི་གང་དྲག་པ་དང་འདབ་ནོར་ཁྱེར་ནས་འོང་བ་ཚོ་བཟང་པོར་གཏོང་བར་གདའ། རང་རེ་ཚོ་ཡང་བཟང་པོ་བྱ་སྙམ་པའི་བསམ་པ་ཡོད་ན་ངེད་རང་གི་དཔོན་པོ་ཀུན་འདབ་ནོར་བཟང་པོ་བཟུང་ལ་ས་སྐྱ་པའི་མི་དང་འགྲོགས་ལ་བྱོན། འདབ་ནོར་འདི་ཙམ་ཅིག་འདབ་ཟེར་བའི་གྲོས་གྱིས། འདིར་ངས་ཀྱང་གྲོས་བྱེད། དེ་ནས་རང་ཡུལ་འོངས་ནས་རང་གཞན་ཐམས་ཅད་ལ་ཕན་པ་འོང་།”[25] ཞེས་འདབ་ནོར་ཇི་ལྟར་འབུལ་སྟངས་ལ་གྲོས་བྱས་ཏེ་ཧོར་ཡུལ་དུ་ཡོང་ན་རང་གཞན་ཀུན་ལ་ཕན་པར་ཡོང་བ་དང་། ཡང་“འདབ་ནོར་ལ་གསེར། དངུལ། གླང་པོ་ཆེའི་མཆེ་བ། མུ་ཏིག་རྡོག་པོ་ཆེ་བ། མཚལ། བཙོད། རུ་རྟ། གི་ཝང་། སྟག་གཟིག་གུང་གསུམ། སྲམ། བོད་སྣམ། དབུས་ཕྲུག་བཟང་པོ། འདི་ན་དེ་ཚོ་དགའ་བ་འདུག སྤྱིར་ནོར་ལ་འདིར་གཙིགས་ཆུང་ཡང་རང་རང་གི་ཡུལ་ན་གང་བཟང་གི་ནོར་རྫས་འོང་བས་ཆོག་པ་ཡིན། གསེར་ཡོད་ན་གང་འདོད་འོང་བར་འདུག་པས་དགོངས་མཛོད།” ཅེས་འདབ་ནོར་ཅི་ཞིག་ཕུལ་དགོས་མིན་དང་། གང་ཕུལ་ན་རྒྱལ་བུའི་ངོ་སྲུང་ལྟ་བུར་སྨན་པ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་འཁོད་འདུག མདོར་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་མཆོག་གི་བསླབ་བྱའི་བཀའ་ཤོག་གི་སྙིང་དོན་ནི་བོད་ཀྱི་ཡུལ་དུ་ཧོར་དམག་འགོག་ཐབས་ཀྱི་ལམ་སྟོན་དང་ཧོར་བོད་གཉིས་ཕན་ཚུན་གཉིས་ཕན་གྱི་ཐབས་བཀོད་ཅིག་འཐེན་པ་སྟེ། ཧོར་དང་ས་སྐྱ་པའི་གསེར་ཡིག་པ་བསུ་སྐྱེལ་ལེགས་པར་བགྱི་དགོས་པ་དང་། ཆེན་པོ་ཧོར་ལ་འདབ་ནོར་ཡང་ལེགས་པར་འབུལ་དགོས་ཚུལ་གསུངས། གསེར་ཡིག་པ་བསུ་སྐྱེལ་དང་འདབ་ནོར་ནི་གལ་ཆེན་དུ་བརྩི་སྲོལ་གསལ་ལ། གལ་ཏེ་གསེར་ཡིག་པ་དང་འདབ་ནོར་ཡག་པོ་མ་ཕུལ་ཚེ་ཧོར་དམག་གིས་བོད་ཡུལ་བརླག་རྒྱུ་ཡིན་པ་གསལ་བརྗོད་བྱས་ཤིང་། བོད་འབངས་རྣམས་ཧོར་གྱི་མངའ་ཁོངས་སུ་འདུ་དགོས་པ་གང་ལའང་གསུངས་མེད། བོད་འབངས་རྣམས་ཀྱིས་ཀྱང་ཁོང་གི་བཀའ་སློབ་ལམ་སྟོན་སྙིང་ལ་བཅངས་ཏེ་བཀའ་བཞིན་བསྒྲུབས་པས། ས་སྐྱ་པཎྜི་ཏ་མཆོག་དགུང་ལོ་ཧ་ཅང་བགྲེས་ཀྱང་ཁོང་གི་རྣམ་དཔྱོད་ལ་རྒྱ་ཧོར་གང་གི་མཁས་པ་སུས་ཀྱང་གླགས་མ་རྙེད་ལ། དམ་པ་ཁོང་གི་སྙིང་སྟོབས་དང་། ཆོད་སེམས། བཀའ་དྲིན་གྱིས་བོད་ཁམས་འདི་ཀོ་ཧོར་གྱི་མངའ་འབངས་སུ་དབང་བསྒྱུར་མ་ཐུབ། སྐབས་དེར་བོད་ཀྱི་ཡུལ་ལུང་སིལ་བུར་འཐོར་ནས་གཅིག་འོག་གཅིག་ཏུ་འདུས་མ་ཐུབ་པར་ལུང་པ་སོ་སོ་ཁྲིམས་འགོ་རང་བཙན་ལྟ་བུར་གནས་པའང་གོང་བུ་གཅིག་གྱུར་ཡོང་བར་ཧོར་གྱིས་བླ་མར་ཞབས་འདེགས་ཆེན་པོ་ཞིག་བསྒྲུབས་འདུག བོད་ཁམས་ཡོངས་རྫོགས་དཔལ་ལྡན་ས་སྐྱ་པས་དབང་བསྒྱུར་གནང་འགོ་བརྩམས་ཤིང་། ཆོས་རྗེ་ས་སྐྱ་པཎྜི་ཏ་མཆོག་དགུང་ལོ་བདུན་ཅུ་བར་འགྲོ་དོན་མཐའ་ཡས་པ་བསྐྱངས་ཏེ་ཕྱི་ལོ་1251 ལྕགས་མོ་ཕག་གི་ལོར་ལིང་ཆུ་རྩེར་ཁབ་ཏུ་སྐུ་མྱ་ངན་ལས་འདས་སོ།། ( མུ་འགོད།༦)
ས་བཅད་བཞི་པ། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ཡི་ཕོ་བྲང་ཏའི་ཏུར་བྱོན་ནས་དབང་ཆེན་གནང་བ་དང་། མོང་གོལ་རྒྱལ་པོ་དང་གོ་པེ་ལ་སེ་ཆེན་རྒྱལ་པོ་རྣམ་གཉིས་ཀྱིས་འཇའ་ས་ཁྱད་པར་ཅན་ཕུལ་སྟངས་གླེང་བ། གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་ཆོས་ཀྱི་ཡོན་དུ་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་མི་ཡུར་ཆེན་མོ་འབུལ་བ་ཕུལ་བ་རེད་ཅེས་ལོ་རྒྱུས་ཕལ་མོ་ཆེར་བཀོད་པ་ཙམ་ལས། ད་ལྟའི་དབར་དེ་དག་གི་སྐོར་ལ་ཉམས་ཞིབ་དང་དཔྱད་པ་བཏང་བའི་རྩོམ་ཡིག་ཅིག་ཕྲན་གྱི་མིག་གི་དགའ་སྟོན་དང་ཡིད་ཀྱི་དྭངས་བ་འདྲེན་ནུས་པ་གཅིག་ཀྱང་མཐོང་མ་སོང་ལ། བོད་ནང་གི་ལོ་རྒྱུས་སྨྲ་བའི་དབང་ཕྱུག་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་། ནོར་སྤྲང་ཨོར་རྒྱན། ཆབ་སྤེལ་ཚེ་བརྟེན་ཕུན་ཚོགས་དག་ལ་མཚོན་ན་རྒྱ་ནག་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ཏང་གི་སྒྲིགས་གཞི་དང་མཐུན་པར་ལོ་རྒྱུས་ཆེད་རྩོམ་བྱས་སུ་བཅུག་མོད་ཀྱང་། བོད་ཧོར་གྱི་ལོ་རྒྱུས་གལ་གནད་ཅན་དེ་དག་སྤྱི་བཤད་ཙམ་ལས་གསེད་བཀྲོལ་དཔྱིས་ཕྱིན་མ་བྱས་པ་ནི་ལོ་རྒྱུས་འཆད་པར་རྫུན་གཏམ་བཤད་འདོད་མེད་པའི་མཁས་པའི་ཁྱད་ཆོས་ཤིག་ཅི་ལ་མིན། བྱེས་འབྱོར་བོད་མི་དག་ལ་མཚོན་ན་སྐྱ་ཟད་སྔོ་སྡུག་གི་འཚོ་བ་སྐྱོ་བོ་ཞིག་གི་འོག་ནས་རླབས་ཆེན་སྐྱེས་བུ་དམ་པའི་གསུང་རབ་ལ་ལྟ་ཀློག་དང་ལོ་རྒྱུས་ལ་འཆད་ཉན་བྱེད་མཁན་ནི་ནམ་མཁའི་ཉི་ཟླ་བཞིན་དུ་གཅིག་གཉིས་ལས་མེད། མདོར་ན་ད་ལྟའི་བར་བོད་གཞིས་བྱེས་གཉིས་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་སུ་གང་གིས་དཔྱད་ཞིབ་མ་བྱས་པའི་འགྲོ་མགོན་འཕགས་པར་གོ་པེ་ལ་སེ་ཆེན་རྒྱལ་པོས་དབང་ཡོན་རིམ་པ་གསུམ་འབུལ་བར་ཕུལ་ཚུལ་སྐོར་ལ་གཤམ་ནས་རང་བློས་དཔག་ཚོད་ཅིག་ཀློག་མཁན་ཡོངས་ལ་ལག་སྐྱེས་ཤིག་གི་ཟོལ་ཏུ་ཕུལ་བ་ལགས།
ཕྱི་ལོ་1235 བོད་རབ་བྱུང་བཞི་པ། ཤིང་མོ་ལུག་གི་ཟླ་གསུམ་པའི་ཚེས་དྲུག་ཉིན་ཡབ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་སྐུ་འཁྲུངས་ཤིང་། ཁོང་བྱིས་པའི་དུས་ནས་སྐྱེས་སྟོབས་ཀྱི་བློ་རིག་བཀྲ་ཞིང་རྣམ་དཔྱོད་ལ་འགྲན་ཟླ་བྲལ་བ། ཡི་གེ་འབྲི་ཀློག་བྱས་པ་ཙམ་གྱི་ཐུགས་སུ་ལྷམ་མེར་ངེས་པའི་གཞན་ལས་ཁྱད་དུ་འཕགས་པས་མཚན་ཡང་འཕགས་པ་ཞེས་བཏགས་པར་གྲགས་ལ། ཁོང་དགུང་ལོ་བཅུ་བར་ཆོས་རྗེ་ས་སྐྱ་པཎྜི་ཏ་མཆོག་གིས་ཧོར་ཡུལ་དུ་ཕྱག་ཕྱིར་ཁྲིད། སྟག་ཚང་དཔལ་འབྱོར་བཟང་པོའི་ལོ་རྒྱུས་ནང་ལ་“དེར་བྱང་ངོས་སྤྲུལ་བའི་སྡེར། ཁུ་དཔོན་ཕེབས་པའི་སྐབས་སུ། ཧོར་སེ་ཆེན་རྒྱལ་པོའི་ལུང་གིས་བྱང་ངོས་ནས། ས་སྐྱ་བླ་མ་བྱ་བ། ཁྱད་འཕགས་སླེབས་ཡོད་འདུག་པ། ངེད་ཀྱི་བླ་མཆོད་ལ་དགོས་གསུངས་པ་བྱུང་ནས། ཆོས་རྗེ་པ་སྐུ་ན་བགྲེས་པས་མ་བྱོན། བླ་མ་འཕགས་པས། བྱང་ངོས་པའི། རྒྱ་བུ་མོང་གོར་དང་། ལྷན་ཅིག་ཏུ། རྒྱ་ནག་ལ་བྱོན། རྒྱལ་པོ་སེ་ཆེན། གོ་སེ་ལ། ལུ་བའི་ཤན་ན་བཞུགས་པ་དང་མཇལ་བས། ཤིན་ཏུ་མཉེས་པ་ནས། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག བྱ་ངོས་ལ་ཕྱིན་ནས། ས་སྐྱ་པ་(ས་སྐྱ་པཎྜི་ཏ)བླངས། ཡོན་མཆོད་དུ་འབྲེལ། བླ་མའི་བརྟགས་བ་མཛད་རིན་དང་། བྱང་ངོས་སུ། ཆོས་རྗེ་བདེ་བར་གཤེགས་པའི་དགོངས་པ་རྫོགས་ཐབས་སོགས་ལ། རྒྱ་ཧོར་གྱི་ཡུལ་དུ་ལོ་མང་བར་བཞུགས།”[26] ཞེས་ཆོས་རྗེ་ས་པཎ་དགོངས་པ་མ་རྫོགས་གོང་གོ་པེ་ལ་སེན་ཆེན་རྒྱལ་བུ་དང་ཞལ་འཛོམས་བྱུང་བ་མ་ཟད། སྐབས་དེར་འགྲོ་མགོན་འཕགས་པ་མོང་གོལ་རྒྱལ་པོ་ལྷན་གཅིག་ཏུ་རྒྱ་ནག་དུ་བྱོན་སྐབས་གོ་པེ་ལ་སེ་ཆེན་རྒྱལ་པོ་དང་མཇའ་འཕྲད་ཐེངས་དང་པོ་དེ་བྱུང་། ཕྱི་ལོ་1253 བོད་རབ་བྱུང་བཞི་བའི་ཆུ་མོ་གླང་ལ་གོ་པེ་ལ་སེན་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ཕོ་བྲང་དུ་གདན་དྲངས་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ས་སྐྱའི་གདུང་རབས་སུ་གསལ་ཏེ། “དེ་ནས་གླང་(ཆུ་མོ་གླང་)ལོ་ལ་སེ་ཆེན་གན་གྱིས་གདན་དྲངས་པ་ནས་ཕོ་བྲང་དུ་བྱོན་ཏེ་རྒྱལ་པོས་གཞན་གྱིས་དྲིས་པའི་ལན་མ་ཐེབས་པའི་ཐེ་ཚོམ་མང་པོ་དྲིས་པའི་ན་རྒྱུ་མཚན་དང་བཅས་པ་གསུངས་པས་མཉེས་པ་ཡིན་ཏེ།”[27] ཞེས་གོ་པེ་ལ་སེ་ཆེན་རྒྱལ་པོས་དངོས་སུ་འགྲོ་མགོན་འཕགས་པ་གདན་འདྲེན་ཞུས་པ་ཐེངས་དང་པོ་ཡིན།《འཇའ་ས་མུ་ཏིག་མ་》ནི་འགྲོ་མགོན་འཕགས་པའི་མཛད་རྣམ་དུ། “བསམ་གཞིགས་དང་སྟ་གོན་ནན་ཏན་དུ་བསྟར་བ་བརྒྱུད། སྤྱི་ལོ་1264 ལོར་སེ་ཆེན་གྱིས་འགྲོ་མགོན་འཕགས་པ་དང་ཕྱག་ན་རྡོ་རྗེ་རྣམ་གཉིས་ཕྱིར་ས་སྐྱར་བཏང་ནས་བོད་དུ་སྲིད་འཛིན་ལམ་ལུགས་འཛུགས་རྒྱུའི་བགྱི་བ་ལེགས་འགྲུབ་བྱ་དགོས་པ་གཏན་ལ་ཕབ། ཟླ་5 པའི་ཚེས་1 ཉིན་འགྲོ་མགོན་འཕགས་པ་ཕེབས་ཁར་སེ་ཆེན་གྱིས་བཀའ་ཤོག་ཅིག་བསྩལ་བ་དང་། བོད་ཀྱི་ལོ་རྒྱུས་ཁག་ཏུ་དེ་ལ་འཇའ་ས་མུ་ཏིག་མ་ཞེས་སུ་བརྗོད་ལ།”[28] ཞེས་འཇའ་ས་མུ་ཏིག་མ་འདི་ཕྱི་ལོ་1264 ལོར་བསྩལ་བར་བཤད་པ་ནི་དག་པར་མ་མཐོང་སྟེ། བཀའ་ཤོག་དེ་གའི་མཇུག་ཏུ་“ངེད་ཀྱི་ལུགས་ཀྱི་བྱི་བ་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་གཤོང་ཐོར་བྲིས།”[29] ཞེས་བཀོད་པའི་བྱི་བའི་ལོ་ཞེས་པ་ནི་ཕྱི་ལོ་1252 ཆུ་ཕོ་བྱི་བའི་ལོ་ཡིན་པ་གསལ་ཏེ། དུང་དཀར་རིན་པོ་ཆེས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོར། “འཇའ་ས་མུ་ཏིག་མ། བོད་ཀྱི་རབ་བྱུང་བཞི་པའི་ཆུ་བྱི་(1252) ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་གྱི་ཧན་གྱིས་འགྲོ་མགོན་འཕགས་པ་ལ་དགོན་པའི་ནང་དུ་དམག་དང་འུ་ལག་ཁྲལ་བསྐུལ་མི་ཆོག་པ་དང་ཆོས་ལུགས་ཁག་རྣམས་རང་རང་སོ་སོའི་ལུགས་ལྟར་ཆོས་བྱེད་དགོས་པའི་བཀའ་ཕབ་པ་ཞིག”[30] ཅེས་གསལ། ཡང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ས་སྐྱའི་གདུང་རབས་སུའང་འཇའ་ས་མུ་ཏིག་མ་“ཞེས་པ་འདི་སེ་ཆེན་རྒྱལ་པོའི་འཇའ་ས་མུ་ཏིག་མའོ།།” ཞེས་གོ་པེ་ལ་སེ་ཆེན་རྒྱལ་པོས་བསྩལ་པར་གསུངས་ཀྱང་།
འཇའ་ས་འདི་ན་གོ་པེ་ལ་སེ་ཆེན་རྒྱལ་པོས་བསྩལ་བ་མིན་པ་གཤམ་ནས་འགྲོ་མགོན་འཕགས་པས་ས་སྐྱར་བསྐུར་གནང་བའི་བཀའ་ཤོག་ལས་གསལ་བོ་མཐོང་ནུས་ཏེ། ཕྱིར་ལོ་1252 བོད་རབ་བྱུང་བཞི་བ་ཆུ་ཕོ་བྱི་བའི་ལོར་འགྲོ་མགོན་འཕགས་པས་《ཆོས་རྗེ་པ་བདེ་བར་གཤེགས་དུས་དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིངས་བ་བཞུགས། 》ཞེས་པའི་བཀའ་ཤོག་དེ་གའི་བརྗོད་སྙིང་གཅིག་མཚུངས་སུ་འདུ་སྟེ། “ཆོས་རྗེ་ཉིད་ཀྱི་ཐུགས་རྗེའི་མཐུས་ངེད་ཐམས་ཅད་ཁམས་བདེ་བར་ཡོད། རྒྱལ་བུ་མོང་གོ་ཏ་ཡང་བྱོན། ཐུགས་ལ་འདོགས་པར་ཡོད། མོང་གོ་གན་[31]*རྒྱལ་པོར་མངའ་གསོལ་ཕྱོགས་ཐམས་ཅད་དུ་འཇའ་ས་བཟང་པོ་བསྒྲགས། རྒྱལ་ཁམས་ཐམས་ཅད་ཀྱང་ཤིན་ཏུ་བདེ། བྱེ་བྲག་ཏུ་བནྡེ་ལ་དམག་ཁྲལ་ཤོ་དང་། གན་མཛོད་དུ་ནོར་འདབ་མི་དགོས། བནྡེའི་ཁང་པ་དང་ལྷ་ཁང་དུ་གསེར་ཡིག་པ་འབབ་ར་མེད། འུ་ལག་སྦྱིན་ར་མེད། སོ་སོའི་ཆོས་ལུགས་བཞིན་དུ་གནམ་མཆོད། ངེད་ཐམས་ཅད་ལ་སྨོན་ལམ་ཐོབ། བནྡེ་ཐམས་ཅད་ཀྱི་ཇི་ལྟར་བྱ་བའི་མགོ་ལུང་དེ། ས་སྐྱ་པ་ཤེས་སུ་ཆུག་བྱ་བའི་འཇའ་ས་བཟང་པོ་གནང་། དེ་ཕྱོགས་མཐའ་དག་ཏུ་བསྒྲུབས་པ་དང་། གསེར་ཡིག་པ་རྣམས་ཀྱི་བོད་སོ་སོའི་མི་རྩི་བ་དང་། རྒྱལ་ཁམས་གཏན་ལ་འབེབས་པའི་ཆེད་དུ། ཁྱེད་ཀྱི་བནྡེ་ཅིག་ཀྱང་ཐོང་ཟེར་ནས། དེའི་དོན་དུ་དགེ་བཤེས་རྡོ་རྗེ་འབྲུག་དང་། དགེ་བཤེས་སུམ་བུ་དཔོན་གཡོག་རྣམས་བཏང་བ་ཡིན། བླའོ་ཞིབ་ཏུ་ཁོང་རྣམས་ལ་དྲིས། དེ་ན་ཡར་གཏམ་སྙན་མི་སྙན་སྣ་ཚོགས་ཡོད་ཀྱང་སྐྲག་མི་དགོས། ཕྱོགས་ཀུན་ནས་ལེགས་པར་འོང་། ཁྱེད་ཐམས་ཅད་ཀྱི་གོ་ཆ་ཆེན་པོ་གོན་ལ། བླ་མའི་ཞབས་ཏོག་ལ་འབད་པ་སྐྱེད། ཆུ་ཕོ་བྱི་བའི་ལོ་དཔྱིད་ཟླ་འབྲང་པོའི་ཚེས་ལྔའི་ཡི་གེ། དཔལ་ལིང་ཆུ་རྩེ་ཁབ་ཀྱི་གཙུག་ལག་ཁང་དུ་བྲིས།”[32] ཞེས་མོང་གོལ་རྒྱལ་པོ་རྒྱལ་ཁྲིར་མངའ་གསོལ་ནས་བནྡེ་དག་ལ་དམག་ཁྲལ་ཤོ་དང་། རྒྱལ་པོའི་མཛོད་དུ་འདབ་ནོར་འབུལ་མི་དགོས་པ་དང་། བནྡེའི་ཁང་པ་དང་ལྷ་ཁང་དུ་གསེར་ཡིག་པ་འབབ་མི་ཆོག འུ་ལག་སྦྱིན་མི་དགོས་པར་དགེ་འདུན་པ་སོ་སོའི་ཆོས་ལུགས་ལ་འབད་བརྩོན་དགོས་པའི་འཇའ་ས་བསྩལ་བ་གསལ་བོ་འཁོད་འདུག དེ་ལྟར་འཇའ་ས་མུ་ཏིག་མའི་བཀའ་ཤོག་དེ་གའི་ནང་ལའང་། “ངེད་ལམ་ཆེན་པོ་ལ་བསྡད་ནས་ངེད་ཀྱི་ལུང་གི་ལུགས་བཞིན་བསྒྲུབས་ནས་ཆོས་ཀྱི་ལུང་ལེགས་པར་ཤེས་པ་བྱུང་ན་ཕྱོགས་རིས་མེད་པར་བཀུར་སྟི་དང་ཞབས་ཏོག་ལེགས་པར་བྱེད་པ་ཡིན། དེ་ལྟར་ལུགས་བཞིན་བྱེད་པའི་དགེ་འདུན་རྣམས་ལ་གཞན་དམག་དཔོན་དང་། དམག་མི། མཁར་དཔོན། དར་ཁ་ཆེ། གསེར་ཡིག་པ་ལ་གཏོགས་པ་གང་གིས་ཀྱང་རི་རྒྱུ་མ་བྱེད། དམག་ཁྲལ་ལས་གསུམ་གང་ཡང་མ་བཀོད་པར། ཤྭཀྱ་མུ་ནེའི་ལམ་གྱི་ལུགས་ལས་ལོག་པ་མི་བྱེད་ཅིང་གནམ་མཆོད་པ་དང་། ངེད་ཀྱིས་སྨོན་ལམ་འདེབས་ཀྱིན་སྡོད་ཆུག འདི་ནས་འཛིན་རྒྱུའི་འཇའ་ས་བྱིན་པ་ཡིན། དགེ་འདུན་རྣམས་ལྷ་ཁང་དང་ཁང་པར་གསེར་ཡིག་པ་མ་བབས་སུ་ཆུག ཟ་མ་འུ་ལག་མ་ལེན་དུ་ཆུག ལྷ་ཁང་ལ་གཏོགས་པའི་ས་ཆ་དང་། ཆུ་དང་། ཆུ་ཐགས་ལ་སོགས་པ་ཅི་ཡིན་པ་ཐམས་ཅད་མ་འཕྲོགས་མ་འཐེན་ཆུག ལུགས་མེད་པའི་གཤེད་མ་ཚོང་ཆུག དགེ་འདུན་རྣམས་ཀྱིས་ཀྱང་འཇའ་ས་ཡོད་པ་ཡིན་ཟེར་ནས་ཤྭཀྱ་མུ་ནེའི་ལུགས་ལས་ལོག་པ་བྱེད་པ་གང་འཐད། ངེད་ཀྱི་ལུགས་ཀྱི་བྱི་བ་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་གཤོང་ཐོར་བྲིས།”[33] ཞེས་བཀའ་ཤོག་དེ་གའི་བརྗོད་སྙིང་གོང་དང་གཅིག་མཚུངས་སུ་བཀོད་པ་དེ་ག་རང་གིས་གསལ་བྱེད་བྱ་ཐུབ་པ་ཞིག་རེད། དེ་ལྟར་འགྲོ་མགོན་འཕགས་པས་བོད་ཁམས་ཀྱི་འགྲོ་བ་ཡོངས་ཀྱི་ཕན་བདེར་ཐུགས་ཁུར་ཆེར་བཞེས་མཛད་དེ། བོད་ཀྱི་བཎྡེ་དག་གིས་དམག་ཁྲལ་ལས་གསུམ་འབུལ་མི་དགོས་པ་དང་། རྒྱལ་པོའི་མཛོད་དུའང་འདབ་ནོར་ཕུལ་མི་དགོས་པ་མཛད་ལ། གསེར་ཡིག་པ་དགོན་སྡེ་དང་ལྷ་ཁང་དག་ལ་འབབ་མི་ཆོག་པའི་འཇའ་ས་བཟང་བོ་བསྩལ། འཇའ་ས་བཟང་བོ་འདི་སྩོལ་མཁན་མོང་གོལ་རྒྱལ་བུ་ཡིན་པ་གསལ་བ་དང་། སྐབས་དེར་ཆེན་པོ་ཧོར་གྱི་རྒྱལ་པོའང་མོང་གོལ་རྒྱལ་པོ་ཡིན་པས་ལོ་རྒྱུས་རིག་པས་དཔྱད་ཞིབ་བྱས་ཀྱང་སྐབས་དེར་གོ་པོ་ལ་སེ་ཆེན་ལ་འཇའ་ས་འདི་འདྲ་གནང་རྒྱུའི་སྐུ་དབང་མེད། དེ་ནས་ཕྱི་ལོ་1254 བོད་རབ་བྱུང་བཞི་པ་ཤིང་ཕོ་སྟག་གི་ལོར་《བཎྡེ་ཤེད་བསྐྱེད་མའམ་འཇའ་ས་བོད་ཡིག་མ་》ཞེས་པ་འདི་ལུང་པ་ཤར་ནས་གོ་པེ་ལ་སེ་ཆེན་རྒྱལ་པོས་བསྩལ་བ་གསལ་ཞིང་། བཀའ་ཤོག་གི་བརྗོད་དོན་སྙིང་པོ་ “དེ་ལྟར་བླ་མ་དཀོན་མཆོག་རྣམས་ཀྱི་བྱིན་རླབས་དང་།། གནམ་གྱིས་བསྐོས་པའི་རྒྱལ་པོ་ཇིང་གིར་གན་ཇི་དང་།། ཡེ་ག་རྒྱལ་པོ་མོང་གོར་རྒྱལ་པོའི་བསོད་ནམས་ཀྱིས།། སངས་རྒྱས་བསྟན་ལ་ཕན་ཕྱིར་གོ་པེ་ལ་ཡི་གཏམ།། ཡང་དགའ་པར་རྫོགས་པའི་སངས་རྒྱས་ཤྭཀྱ་ཐུབ་པ་མི་འཕྲོགས་པའི་མཁྱེན་རབ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ། ཟླ་བ་ཉ་གང་བ་ལྟར་བསོད་ནམས་དང་ཡི་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། ཉི་མའི་དཀྱིལ་འཁོར་ལྟར་མ་རིག་པའི་མུན་པ་འཁོར་དང་བཅས་པ་བཅོམ་པ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟར་བདུད་དང་མུ་སྟེགས་ཐམས་ཅད་ལས་རྒྱལ་བ་སྟེ། དེའི་ཡོན་ཏན་དང་། འཕྲིན་ལས་དང་། བསྟན་པ་ལ་ང་དང་ཆ་བུ་ག་བསྟུན་ཡིན་ཆེས་པའི་སྟོབས་ཀྱིས། དེ་སྔ་ཡིན་ནའང་བསྟན་པ་དང་དགེ་འདུན་གྱི་བདག་པོ་བྱས། ད་ལྟ་ཡིན་ནའང་ཆོས་ཀྱི་རྗེ་ས་སྐྱ་པ་དང་། སློབ་དཔོན་འཕགས་པ་ལ་དད་པ་ཐོབ་པ་དང་། ལྷག་པར་ཡང་བསྟན་པ་དང་དགེ་འདུན་གྱི་བདག་པོ་བྱ་སྙམ་པ་ཡིན། དེའི་རྒྱུ་མཚན་གྱིས་སློབ་དཔོན་འཕགས་པའི་ངོ་ལ་གཙང་གི་རྒྱལ་ཁམས་ཀྱི་དཀོན་མཆོག་གི་རྟེན་དང་། དགེ་འདུན་གྱི་སྡེ་ལ་གནོད་པ་བསྲུང་བའི་འཇའ་ས་བཟང་པོ་འདི་ཆོས་ཀྱི་འབུལ་བར་བྱིན་པ་ཡིན། གཞན་ཡང་སློབ་དཔོན་ལ་ན་བཟའ་གསེར་དང་མུ་ཏིག་གི་སྤྲས་པའི་སྣམ་སྦྱར། རིན་པོ་ཆེས་བརྒྱན་པའི་ཕྱམ་ཚེ། ཆོས་གོས། རིན་པོ་ཆེའི་ཞྭ། ལྷྭམ། སྟན་ལ་སོགས་པ་ཕུལ། ཡང་ཡོ་བྱད་ལ་གསེར་གྱི་གདུགས། གསེར་གྱི་ཁྲེའུ། གསེར་གྱི་ཕོར་པ། དངུལ་གྱི་ཇའོ་རིན་པོ་ཆེའི་ཡུ་བ་ཅན་གྱི་གྲི་ལ་སོགས་པ་ཕུལ། ཡང་ནོར་སྣ་ལ། གསེར་བྲེ་ཆེན་གཅིག དངུལ་བྲེ་ཆེན་བཞི། རྔ་མོའི་ཆིབས་པ་གསེར་མ། དྲེའུ། གསེར་གྱི་སྒ་སྟན་སྲབ་གསུམ་དང་བཅུས་པ་ཕུལ་བ་ཡིན། སྟག་གི་ལོ་(ཤིང་ཕོ་སྟག)འདི་ཡང་རྟེན་གྱི་རྒྱུ་དངུལ་བྲེ་ཆེན་ལྔ་བཅུ་རྩ་དྲུག གསོལ་ཇ་རྩེ་ལྔ་སིགས་ཉིས་བརྒྱ། གོས་ཆེན་ཡུག་བརྒྱ་དང་བཅུ་ཐམ་པ། མདོན་ན་འཇའ་ས་དང་ལོངས་སྤྱོད་འདི་རྣམས་ཐམས་ཅད་ཆོས་ཀྱི་ཡིན་དུ་ཕུལ་བ་ཡིན། ཁྱེད་གཙང་གི་བནྡེ་རྣམས་ཀྱིས་ཀྱང་དེ་ཤེས་པར་གྱིས། དེ་མ་ཡིན་ན་འཇའ་ས་ཅི་ལ་བསྐུར། ཁྱེད་བནྡེ་རྣམས་ཀྱང་དཔོན་མགོ་མ་རྩོད། དཔོན་མང་ན་མི་བཟང་བ་ཡིན། འཇའ་ས་ཡོད་པས་ཀྱང་གཞན་ལ་རུང་རུང་མ་བྱེད། ཁྱེད་བནྡེ་རྣམས་དམག་དང་འཐབ་འཁྲུག་མ་བྱེད་པར་ཤྭཀྱ་མུ་ནེའི་ལུགས་བཞིན་དུ་ཆོས་ཤེས་པས་ཤོད་མི་ཤེས་པས་ཉོན། ཆོས་འདྲི་ཀློག་དང་སྒོམ་སྒྲུབ་ལ་འབད་པ་གྱིས། གནམ་མཆོད་ཅིང་ངེད་ལ་སྨོན་ལམ་ཐོབ། ལ་ལ་ན་རེ་བསླབ་མི་དགོས་བསྒོམ་པ་ཡིན་ཟེར་བ་མ་བསླབས་པ་ཅི་བསྒོམ། གོ་ནས་བསྒོམ་མོད། བནྡེ་རྒན་པ་རྣམས་ཀྱིས་གཞོན་པ་ལ་ཁ་ཏ་གྱིས་ལ་ཆོས་སློབ། གཞོན་པས་ཀྱང་རྒན་པ་ཉོན། ཁྱོད་བནྡེ་རྣམས་ལ་དམག་ཁྲལ་ལས་གསུམ་མེད་པ་འདི་བླ་མ་དཀོན་མཆོག་གི་བཀའ་དྲིན་ཡིན་པ་དེ་ཁྱེད་ཀྱིས་མི་ཤེས་སམ། ཁྱེད་ཀྱིས་ཤྭཀྱ་མུ་ནེའི་ལུགས་བཞིན་མ་བྱས་ན་ཧོར་གྱིས་ཀྱང་ཤྭཀྱ་མུ་ནེའི་ལུགས་འདི་ཨེ་ཡིན་ཟེར། ཁྱེད་ལ་སྐྱོན་འཛིན་དུ་མི་ཡོང་བ་ཨེ་ཡིན། ཧོར་གྱིས་ཅི་ཡང་མི་ཤེས་སྙམ་དུ་མ་སེམས། ལན་གཅིག་གཉིས་མ་ཤེས་ཀྱང་དེ་ནས་ཤེས་པ་ཡིན། ཁྱོད་བནྡེ་རྣམས་སྤྱོད་པ་ངན་པ་མ་བྱེད། ང་མི་ལ་ངོ་ཚར་མ་བཅུག ཁྱེད་ཆོས་དང་མཐུན་པར་གྱིས། གནམ་མཆོད་ཅིང་སྨོན་ལམ་ཐོབ་དང་ཁྱེད་ཀྱི་ཡོན་བདག་ངས་བྱེད་པ་ཡིན། རྒྱལ་པོའི་འཇའ་ས་དངོས་ཡིན།”[34] ཞེས་དང་། བཀའ་ཤོག་གི་གཤམ་དུ་“ཤིང་ཕོ་སྟག་གི་དབྱར་འབྲེང་ཚེས་དགུ་ལ། རྒྱ་བོད་མཚམས་ཀྱི་ལུང་པ་ཤར་དུ་བྲིས། ཞེས་ཧོར་རྒྱལ་པོའི་འཇའ་ས་བོད་ཡིག་མར་གྲགས་པ་ད་ལྟའི་བར་དུ་གདན་ས་ཆེན་པོ་རང་ན་བཞུགས་པ་ལས་ཞལ་བཤུས་པ་ཡིན་ནོ།།”[35] ཞེས་བཀོད་ཅིང་། བཀའ་ཤོག་གི་སྙིང་དོན་ཕྱི་ལོ་1253 ལོར་གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ཕོ་བྲང་དུ་གདན་དྲངས་ཏེ་དཔལ་ཀྱེ་རྡོར་གྱི་དབང་ཞུས་ནས་ཆོས་ཀྱི་འབུལ་བ་ཆེན་པོ་ཕུལ་བ་དག་བཀའ་ཤོག་འདིའི་ནང་གསལ་བོ་བཀོད་འདུག་ཀྱང་། བོད་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་མི་ཡུར་ཆེན་མོ་ཕུལ་བ་ཟུར་ཙམ་ཡང་བཀོད་མེད། དེའི་ཕྱིར། ལོ་རྒྱུས་རིག་པ་ཞིབ་འཇུག་བྱ་མཁན་ཞིག་གི་ངོས་ནས་གླེང་ན་ཕྱི་ལོ་1253 ལོར་དབང་ཡོན་ལ་དེ་འདྲ་འབུལ་བའི་སྐུ་དབང་མེད་པ་མཚོན་ནུས་ལ། ཧོར་གྱིས་བོད་དབང་བསྒྱུར་ཟིན་པར་བཤད་མཁན་དག་ལའང་བཀའ་ཤོག་དེ་གའི་ནང་ལ་གོ་པེ་ལ་སེ་ཆེན་གྱིས་“ཡོན་བདག་ངས་བྱེད་” ཅེས་གསུངས་ཚུལ་བལྟས་ཚོད་ཀྱིས་བོད་ཁམས་ཧོར་གྱིས་དབང་བསྒྱུར་བྱ་ཐུབ་མེད་པ་གསལ་ཡང་དེའི་སྐོར་སྐབས་འདིར་མ་བབ་པས་གཤམ་ནས་འཆད་བྱ་ཡིན། གལ་ཏེ་གོང་དུ་བཤད་པའི་འབུལ་བ་དེ་དག་སྐབས་དེར་ཕུལ་ཟིན་ན་བཀའ་ཤོག་འདིར་ངེས་པར་འགོད་འོས་པའི་གནད་དོན་ཅིག་ཡིན་ཡང་མ་བཀོད་པར་བལྟས་ན་སྐབས་དེར་ཕུལ་མེད་པ་གསལ་བོ་རེད།(མུ་འགོད། ༧)
པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དེབ་དམར་གསར་མ་ལས། “དེའི་ཚེ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་བདུན་བཞེས། བཅུ་དགུ་པ་ནས་སེ་ཆེན་རྒྱལ་བུར་བཞུགས་པའི་བླ་མཆོད་མཛད། ཉི་ཤུ་རྩ་གཅིག་པ་ཤིང་ཡོས་ལ་མེ་ཏོག་ར་བའི་སྡེར་བསྙེན་‘འུ་ཡུག་པ་ཆེན་པོ་མ་གཤེགས་ན་དབུས་སུ་མཛད་རྒྱུར་འདུག’ པར་རྫོགས། ཉེར་དྲུག་པ་ལྕགས་སྤྲེལ་(1260)ལ་སེ་ཆེན་རྒྱལ་སར་ཐོན་པས་གོང་མའི་བླ་མར་གྱུར་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་མཆོད་ཡོན་རྣམ་གཉིས་ཞེས་གྲགས་ཆེ། སོ་གཅིག་པ་ཤིང་གླང་(1265 ཤིང་མོ་གླང་)ལ་བོད་དུ་ཕེབས། སླར་ས་མོ་སྦྲུལ་(1269)ལ་གོང་དུ་བྱོན་ཏེ་(འདི་རེས་ཤིང་ཁུན་གྱི་ལྷ་ཁང་བཞེངས)ལོ་བདུན་བཞུགས་ནས་ཞེ་གཉིས་པ་མེ་བྱི་(1276)ལ་ས་སྐྱར་ཕེབས།”[36] ཞེས་གསལ་བས། ཕྱི་ལོ་1253 ལོར་གོ་པེ་ལ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བཀུར་བ་དང་། གོ་པེ་ལ་སེ་ཆེན་རྒྱལ་པོ་ཡོན་གོང་མའི་རྒྱལ་ཁྲིར་མངལ་གསོལ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོན་གོང་མའི་དབུ་བླ་མཛད་དེ་དབང་བསྐུར་བས། གནམ་ཉི་ཟླ་ཟུང་གཅིག ས་ལ་མཆོད་ཡོན་རྣམ་གཉིས་ཞེས་དམངས་ཁྲོད་དུ་རླུང་ལྟར་འབྱམས་འདུག་ལ། དེ་ལྟར་ན་སེ་ཆེན་རྒྱལ་པོ་ཡོན་གོང་མའི་ཁྲིར་འཁོད་རྗེས་དབང་ཡོན་ལ་རིམ་པ་བཞིན་བོད་ཁྲི་སྐོར་བཅུ་གསུམ་དང་། བོད་ཆོལ་ཁ་གསུམ། རྒྱ་ཡི་ཡུར་ཆེན་པོ་ཕུལ་ཚུལ་གཤམ་དུ་གསལ། ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ས་སྐྱའི་གདུང་རབས་སུ། “དེ་ལྟར་ན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་(1253) ལོ་གསར་ལ་སེ་ཆེན་གན་གྱིས་དབང་ཞུས། ཏི་ཤྲཱིའི་མཚན་གསོལ། གཡང་ཀྲིའུ་ལས་བྱས་པའི་རི་མོ་ལ་ཡི་གེ་ས་དང་རིན་པོ་ཆེ་ཡོད་པའི་དམ་ཁ་ཕུལ། གཞན་ཡང་གསེར་དང་མུ་ཏིག་གི་སྣམ་སྦྱར། སྐུ་ཆོས། ཕྱམ་ཚེ། དབུ་ཞྭ། ཆག་ལྷམ། བཞུགས་གདན། གསེར་གྱི་ཁྲི། གདུགས། གསོལ་ཞལ། གསོལ་སྡེར་ལ་སོགས་པ་ཚང་མ་རྔ་མོ་དམ་ཆིབས་དྲེའུ། གསེར་གྱི་སྒ་འཁོར་ཚང་མ། ཁྱད་པར་གོང་དུ་བཤད་པའི་ཁྲི་སྐོར་དང་། ཆོས་དུང་སོགས་དབང་ཡོན་གྱི་གཙོ་བོ་རྣམས་ཕུལ་བ་ཡིན་ནོ།།”[37] ཞེས་ཕྱི་ལོ་1253 ཆུ་མོ་གླང་གི་ལོར་འགྲོ་མགོན་འཕགས་པས་གོ་པེ་ལ་སེ་ཆེན་རྒྱལ་པོར་དབང་བསྐུར་ཏེ་དབང་ཡོན་ལ་ཏི་ཤྲྭིའི་མཚན་དང་བོད་ཁྲི་སྐོར་བཅུ་གསུམ་ཕུལ་ཚུལ་གསལ་ཡང་། འཇའ་ས་བོད་ཡིག་མར་བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་ལ་འབུལ་བ་ཕུལ་ཚུལ་ཟུར་ཙམ་ཡང་བཀོད་མེད་པས་སྐབས་དེའི་ལོ་རྒྱུས་ལ་དོགས་པ་ཆེན་པོ་བྱ་དགོས་པ་ཞིག་ཏུ་མཐོང་། ( མུ་འགོད། ༨)
༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དུ། “སེ་ཆེན་རྒྱལ་པོ་གོང་མའི་ཁྲི་ཐོག་ཏུ་བྱོན་པ་དང་། འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་དགུ་ལོན་པ་རྒྱལ་པོའི་ཏི་ཤྲཱིར་གྱུར་ནས། གཱན་དིན་གུ་ཤྲིའི་མཛང་མད་གཡང་ཌིའི་དམ་ཁ། གསེར་དང་མུ་ཏིག་གིས་བརྒྱན་པའི་སྣམ་སྦྱར། རིན་པོ་ཆེས་སྤྲས་པའི་ཕྱམ་རྩེ། རིན་པོ་ཆེའི་ལས་ཞྭ། གསེར་གྱི་གདུགས་དང་ཁྲིའུ་སོགས་བཀོད་པས་ཁྱད་པར་དུ་འཕགས་པའི་དངོས་པོ་དུ་མ་དང་། གཞན་ཡང་གསེར་བྲེ་དངུལ་བྲེ། རྟ་རྔ་མོང་། ཇ་གོས་དར་སོགས་བདོག་པའི་ཡོ་བྱེད་ཀྱི་འདོད་རྒུ་མཐའ་ཡས་པ་ཕུལ། དེ་ནས་མདོ་ཁམས་སུ་ཕེབས་ནས་མཁན་པོ་གྲགས་པ་སེང་གེའི་དྲུང་དུ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ། སླར་གོང་མའི་ཕོ་བྲང་དུ་ཕེབས། ཧོར་ཡིག་གསར་བསླབས་པའི་ཡིག་ཕུད་ལ། བནྡེ་ཤེད་སྐྱེས་ཀྱི་འཇའ་ས་ཐོག་མ་གནང་། རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལན་གསུམ་དུ་སྤྱད་པའི་དང་པོའི་དུས་སུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། གཉིས་པའི་དུས་སུ་བོད་ཆོལ་ཁ་གསུམ་ཕུལ། གསུམ་པའི་དུས་སུ་རྒྱའི་མི་ཡུར་ཆེན་པོ་དང་། རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ།”[38] ཞེས་གསུངས་ཀྱང་། འཕགས་པ་དགུང་ལོ་བཅུ་དགུའི་སྐབས་གོ་པེ་ལ་སེ་ཆེན་གོང་མའི་ཁྲིར་འཁོད་མེད་ཀྱང་། ལོ་རྒྱུས་འདི་ལས་འུ་ཅག་གིས་ཤེས་པ་ནི་གོ་པེ་ལ་སེ་ཆེན་རྒྱལ་པོ་ཡོན་གོང་མའི་ཁྲི་ལ་མངའ་གསོལ་རྗེས་འགྲོ་མགོན་འཕགས་པས་དབང་རིམ་པ་གསུམ་བསྐུར་བར་ཡོན་རིམ་པ་གསུམ་ཕུལ་བ་དེ་རྟོགས་ནུས་སོ།། (མུ་འགོད།༩)
སུམྦྷ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱི་དེབ་ཐེར་ནང་། “ལོ་བཅུ་དགུའི་དུས་ལུང་པ་ཤན་ཞེས་པར་ཆུ་གླང་ལ་བྱོན་ནས་སེ་ཆེན་རྒྱལ་པོ་ལ་ཀྱེ་རྡོར་དབང་གནང་བ་ནས་བླ་མཆོད་མཛད་ཅིང་། ཉེར་གཅིག་སྟེང་རྒྱ་ཧོར་མཚམས་ཀྱི་མདོ་ཁམས་ཐིག་ལེར་བྱོན་ཏེ་གྲགས་སང་ལས་སྤོང་བདུན་འཁོར་བཅས་ཀྱི་བསྙེན་རྫོགས་ཚུལ་ཁྲིམས་མནོས། སེ་ཆེན་རྒྱལ་སར་འཁོད་པ་ནས་ཀུན་ཏིང་གུ་ཤྲཱིའི་མཚན་སོགས་གནང་སྟེ་སོ་གཅིག་སྟེང་བོད་དུ་བྱོན་ནས་མཆིམས་ནམ་གྲགས་ཀློ་ལོ་ཙཱ་ལ་ཆེ་ཏ་ཐ་ག་ཏ་བྷ་དྲ་སོགས་ལས་ཆོས་གསན་ནས་སླར་གོང་མའི་ཕོ་བྲང་དུ་བྱོན་ཏེ་ཧོར་ཡིག་གསར་པ་མཛད།”[39] ཅེས་འཕགས་པ་དགུང་ལོ་བཅུ་དགུའི་སྐབས་ལུང་པ་ཤན་ཞེས་པར་ཆུ་གླང་ལ་བྱོན་ནས་སེ་ཆེན་རྒྱལ་པོར་དཔལ་ཀྱེེ་རྡོ་རྗེའི་དབང་གནང་ཚུལ་གསུངས་ཀྱང་། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ། “དེར་བྱང་ངོས་སྤྲུལ་བའི་སྡེར། ཁུ་དཔོན་ཕེབས་པའི་སྐབས་སུ། ཧོར་སེ་ཆེན་རྒྱལ་པོའི་ལུང་གིས་བྱང་ངོས་ནས། ས་སྐྱ་བླ་མ་བྱ་བ། ཁྱད་འཕགས་སླེབས་ཡོད་འདུག་པ། ངེད་ཀྱི་བླ་མཆོད་ལ་དགོས་གསུངས་པ་བྱུང་ནས། ཆོས་རྗེ་པ་སྐུ་ན་བགྲེས་པས་མ་བྱོན། བླ་མ་འཕགས་པས། བྱང་ངོས་པའི། རྒྱ་བུ་མོང་གོར་དང་། ལྷན་ཅིག་ཏུ། རྒྱ་ནག་ལ་བྱོན། རྒྱལ་པོ་སེ་ཆེན། གོ་སེ་ལ། ལུ་བའི་ཤན་ན་བཞུགས་པ་དང་མཇལ་བས། ཤིན་ཏུ་མཉེས་པ་ནས། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག བྱ་ངོས་ལ་ཕྱིན་ནས། ས་སྐྱ་པ་(ས་སྐྱ་པཎྜི་ཏ)བླངས། ཡོན་མཆོད་དུ་འབྲེལ། བླ་མའི་བརྟགས་བ་མཛད་རིན་དང་། བྱང་ངོས་སུ། ཆོས་རྗེ་བདེ་བར་གཤེགས་པའི་དགོངས་པ་རྫོགས་ཐབས་སོགས་ལ། རྒྱ་ཧོར་གྱི་ཡུལ་དུ་ལོ་མང་བར་བཞུགས།”[40] ཞེས་གསལ་ཏེ། ལུ་བའི་ཤན་དང་ལུང་པ་ཤན་ཞེས་པ་ས་ཆ་གཅིག་ཏུ་ངེས་དགོས། ལུ་བའི་ཤན་ཞེས་པའི་ས་ཆ་ནས་སེ་ཆེན་རྒྱལ་པོ་དང་ས་སྐྱ་ས་པཎྜི་ཏ་རྣམ་གཉིས་ཕན་ཚུན་ཞལ་མཇལ་བྱུང་སྟེ། སེ་ཆེན་རྒྱལ་པོ་དང་ས་སྐྱ་པཎྜི་ཏ་མཆོག་སྐུ་སྒེར་གྱི་བླ་སློབ་ཀྱི་འབྲེལ་བ་ཙམ་ལས་བྱུང་མེད་པ་མ་ཟད། འགྲོ་མགོན་འཕགས་པས་ལུང་པ་ཤན་ཞེས་པར་ཆུ་གླང་ལ་བྱོན་ནས་སེ་ཆེན་རྒྱལ་པོར་དབང་གནང་ཞེས་པ་དག་པར་མ་མཐོང་བ་དང་། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དེབ་ཐེར་དམར་པོའི་ནང་དུ། “དགུང་ལོ་བཅུ་པ་ལ་ཁུ་བོའི་ཕྱགས་ཕྱི་ལ་བྱང་ངོས་སུ་བྱོན། ཕྱིས་རྒྱལ་པོ་ཀཱོོ་པེ་ལ་ལུ་བའི་ཤན་ན་བཞུགས་དུས་ལ། བྱང་ངོས་པའི་རྒྱལ་པོ་མོ་གོ་དུ་དང་། བླ་མ་ལྷན་དུ་བྱོན་པ་མཇལ་བས་མཉེས་ནས་རྒྱལ་བུ་བྱང་ངོས་པ་ལ། ཧོར་གྱི་རྟ་པ་བརྒྱ་སྐོར་གཅིག་བྱིན་ནས། ས་སྐྱ་པ་བླངས། དབང་བསྐུར། དེ་ནས་ཡོན་མཆོད་དུ་སྦྲེལ་ཏེ། སེ་ཆེན་རྒྱལ་སར་བྱོན་པ་ཕྱིན་ཆད། གུ་ཤྲཱི་དང་ཏི་ཤྲཱི་རིམ་པར་བསྐོས། རྒྱལ་ཁམས་ཀྱི་བདག་པོ་མཛད།”[41] ཅེས་གསལ་མོད། གོ་པེ་ལ་སེ་ཆེན་རྒྱལ་པོ་ཡོན་གོང་མའི་རྒྱལ་ཁྲིར་མངའ་གསོལ་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པར་གུ་ཤྲྭི་དང་ཏི་ཤྲྭི་གོ་གནས་རིམ་པར་ཕུལ་བ་གསལ་ལ། མ་ཟད་རྒྱལ་ཁམས་ཀྱི་བདག་པོ་མཛད་ཅེས་པའང་དོན་དངོས་བོད་ཁམས་ཀྱི་བདག་པོ་མཛད་བཅུག་པ་གསལ་བོ་རེད།
ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་སྐྱའི་ཆོས་འབྱུང་དུ། “དགུང་ལོ་བཅུ་དགུ་པར་ཧོར་རྒྱལ་པོ་སེ་ཆེན་གྱིས་གདན་དྲངས། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་བ་རྒྱལ་བ་རིགས་ལྔའི་བཀོད་པ་བསྟན་པ་སོགས་རྫུན་འཕྲུལ་དང་མཛད་པ་ཕུན་སུམ་ཚོགས་པས་མི་ཕྱེད་པའི་དད་པ་ལ་བཀོད། རྒྱལ་པོ་ཡབ་ཡུམ་གྱིས་ཐོག་དྲངས་མི་ཉི་ཤུ་རྩ་ལྔ་ལ་ཀྱེ་རྡོ་རྗེའི་དབང་བསྐུར་ནས་ཧོར་གྱི་རྒྱལ་ཁམས་སུ་རྡེ་རྗེ་ཐེག་པའི་དབུ་བརྙེས། ཏི་ཤྲྭིའི་མཚན་གསོལ། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། འདི་ནས་བཟུང་སྟེ་རིམ་པས་བོད་ཁམས་ཐམས་ཅད་དཔལ་ལྡན་ས་སྐྱ་པས་ལུགས་གཉིས་ཀྱིས་བསྐྱངས་པས་བོད་ཀྱི་བླ་མས་རྒྱལ་པོ་གནང་བའི་ཐོག་མ་ཡིན། བོད་དུའང་རྒྱལ་བསྟན་རིས་སུ་མ་ཆད་པ་ཡོངས་རྫོགས་ཉེ་འཁོན་མེད་པར་བསྐྱངས་པས་བསྟན་པ་སྤྱི་ལ་བཀའ་དྲིན་ཆེ། དགུང་ལོ་ཉེར་གཅིག་པར་རྒྱ་ཧོར་ཡུལ་གྱི་མཚམས་སུ་མཁན་པོ་སྙེ་ཐང་པ་གྲགས་པ་སེང་གེ་དང་ལས་སློབ་ཇོ་གདན་བསོད་ནམས་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས་ནས་མཁན་པོ་ལས་ཕྱར་ཕྱིན་ལ་སོགས་པ་དང་། སློབ་དཔོན་ལས་འདུལ་བ་གསན། ཉེར་གསུམ་པར་ལྡོང་སྟོན་གདན་དྲངས་ནས་རི་བོ་རྩེ་ལྔར་བྱོན་ཏེ། གཤིན་རྗེ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། དེ་ནས་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས། ཆོས་འཁོར་མཛད་པའི་ཚེ་ཟིན་ཤིང་གི་སྟོན་པ་བཅུ་བདུན་རིགས་པས་ཕམ་པར་མཛད་ནས་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་གོ ། དགུང་ལོ་སུམ་ཅུ་པར་གདན་སར་ཕྱག་ཕེབས་ནས་ཆོས་འཁོར་རྒྱ་ཆེན་པོ་མཛད། གཉན་འོད་སྲུང་། གྲུབ་ཐོབ་ཡོན་ཏན་དཔལ། མཆིམས་ནམ་མཁའ་གྲགས། ཚོགས་སྒོམ་ཀུན་དགའ་དཔལ། གློ་བོ་ལོ་ཙྭ་བ། སྤྱི་བོ་ལྷས་པ་ཇོ་སྲས་སོགས་ལས་ཕྱི་ནང་གི་རིག་པའི་གནས་རྣམས་དང་། བཀའ་ལུང་མན་ངག་རྒྱ་མཚོ་ལྟ་བུ་གསན་ནས་ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏོ། ། སླར་ཡང་རྒྱལ་པོས་གདན་དྲངས་ནས་སུམ་ཅུ་སོ་གསུམ་པ་ལ་རྒྱ་ཡུལ་དུ་བྱོན། དེའི་ཚེ་གསོལ་གཟིམ་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ། རྟ་སྐྱ་གཉིས། མཛོ་ཁྱི་སྟེ་ལས་ཚན་བཅུ་གསུམ་བཀོད་པ་གནང་། དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ།”[42] ཞེས་གསལ་ཡང་། དབང་མཐའ་མ་དེ་ནམ་ཞིག་ལ་བསྐུར་བ་དང་དབང་ཡོན་མཐའ་མ་དེ་ནམ་ཞིག་ལ་བསྩལ་ཡོད་མེད་གསལ་ཁ་ཅི་ཡང་བཏོད་མི་འདུག་ཀྱང་། འགྲོ་མགོན་འཕགས་པ་དགུང་ལོ་19 ལ་རྒྱལ་པོ་ཡབ་ཡུམ་སོགས་མི་ཉི་ཤུ་རྩ་ལྔར་དཔལ་ཀྱེ་རྡོ་རྗེའི་དབང་བསྐུར་ནས་དབང་ཡོན་ལ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་། ཏི་ཤྲྭིའི་མཚན་གསོལ་ཞེས་པ་དག་མིན་གཤམ་དུ་འཆད་པར་བྱ། ( མུ་འགོད། ༡༠) རྗེས་མ། >>>
Leave a Reply