༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ྋཀླུ་ལྡིང་མཁན་ཆེན་གྱི་བཀའ་སློབ།

མ་གཞི་ནས་ཆོས་ཟེར་བ་དེ་གང་འདྲ་ཞིག་ཉམས་སུ་བླངས་ན་ཡང་ཡིད་ཆེས་དང་དད་པ་ཡོད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དང་པོ་དད་པ་སྐྱེས་ནས་དཀོན་མཆོག་གསུམ་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་འདུག་བསམ་པ་བྱེད། མེད་པ་ལ་ཡོད་པར་བསམ་པ་མ་ཡིན་པ་དངོས་སུ་ཡོན་ཏན་ཡོད་པ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་འདྲ་ཡིན་ན་གཞན་ལས་ཁྱད་པར་དུ་འཕགས་པ་རེད། ཁྱད་པར་དུ་འཕགས་པ་གང་འདྲ་རེད་ཟེར་ན་མང་པོ་ཡོད་རེད། ང་ཚོས་མདོར་བསྡུས་ནས་བཤད་ན་སངས་རྒྱས་ཀྱིས་ཞེ་སྡང་སྤངས་ཚར་རེད། སངས་རྒྱས་ཀྱིས་འཁྲུག་པ་རྒྱག་པ་རེད་ཟེར་བ་དང་། སངས་རྒྱས་ཀྱིས་དམག་རྒྱག་པ་རེད་ཟེེར་བ་སངས་རྒྱས་ཀྱིས་མི་བསད་རེད་ཟེར་བ་དེ་འདྲ་ཡོད་མ་རེད། དེ་ཞེ་སྡང་སྤངས་པའི་རྟགས་རེད། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡིན་པས་ཐམས་ཅད་ལ་དེ་བཞིན་དུ་འདུན་པ་དེ་ཡོང་གི་ཡོད་རེད། སངས་རྒྱས་ཀྱིས་འདོད་ཆགས་སྤངས་པ་རེད། བརྒྱད་ཁྲི་བཞི་སྟོང་བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་སྤངས་ཏེ་རབ་ཏུ་བྱུང་བའི་རྟེན་མཛད་ནས་ཞི་བའི་རྟགས་འཆང་བ་དེ་འདོད་ཆགས་སྤངས་པའི་རྟགས་རེད། སངས་རྒྱས་ཀྱིས་གཏི་མུག་སྤངས་ཚར་རེད། གཏི་མུག་སྤངས་བ་དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཆད་པ་མེད་པ་གསུངས་ཐུབ་པ་དེ་གཏི་མུག་སྤངས་ཏེ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པ་དེ་འདྲའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གཞན་ལ་མེད་པ་ཞིག་འདུག་བསམ་ནས་དད་པ་སྐྱེས། དེའི་སྐྱབས་གནས་དེ་ལ་རང་གིས་སྐྱབས་སུ་འགྲོ་ན་གནས་སྐབས་དང་མཐའ་ཐུག་གི་ཕན་བདེ་ཐམས་ཅད་འབྱུང་བ་སྐྱབས་གནས་བྱེད་ཐུབ་ས་རེད་བསམ་ནས་དད་པ་ཡང་དག་པ་སྐྱེས་སྐྱབས་སུ་བྱེད་རྒྱུ་དེ་སྐྱབས་འགྲོའི་སྐབས་ཡིན་ན་རེད་གང་གི་སྐབས་ཡིན་ན་རེད་ཤིན་ཏུ་གལ་ཆེན་པོ་རེད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*