སངས་རྒྱས་ཀྱིས་རིགས་རུས་ཀྱི་ལམ་སྲོལ་ལ་སྨད་ཅིང་བཀག་པ།
སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས། རྒྱ་གར་འཕགས་པའི་ཡུལ་ན་རིགས་རུས་ཀྱི་ལམ་སྲོལ་ནི་ཧ་ཅང་གི་གཞི་བརྟན་པོ་ཞིག་རྒྱུན་ཆགས་ནས་ཡོད། གང་ལགས་ཤེ་ན། མི་ཞིག་ཡིན་ཕྱིན་སྐྱེས་པའི་ཉིན་མོ་དེ་ནས་བཟུང་སྤྱི་ཚོགས་དེའི་ནང་རང་ཉིད་ལ་གོ་གནས་ཅི་འདྲ་ཞིག་ཐོབ་ཀྱི་ཡོད་མེད་རིགས་རུས་ཀྱི་ཐོག་ནས་ཐག་གཅོད་གཏན་འབེབས་བྱས་ཚར་བ་ཞིག་རེད། དེ་ལྟར་སྤྱི་ཚོགས་ཁྲོད་ཀྱི་རིགས་རུས་སམ་གོ་གནས་ཀྱི་རིམ་པ་ལའང་བཞི་རུ་དབྱེ་སྟེ།
༡༽རང་ཉིད་ཀྱི་རིགས་རུས་མཆོག་ཏུ་རློམ་པ་བྲམ་ཟེའི་རིགས།
༢༽རྒྱལ་པོའི་རིགས།
༣༽ཚོང་འགྲུལ་བ་སོགས་རྗེའུའི་རིགས།
༤༽རིགས་རུས་ཐ་ཆད་པར་བརྩི་བ་གཡོག་པོ་དང་ངལ་རྩོལ་བ། དེའི་ཁྲོད་ནས་ཀྱང་ལས་གནས་ཆེས་དམའ་ཤོས་སུ་བརྩི་བའི་དམངས་རིགས་ཏེ་སྐྲ་བཞར་བ་དང་ཚེ་གཡོག་ལྟ་བུའོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་རིགས་རུས་ཀྱི་ལམ་སྲོལ་དེ་ནི་ཆེས་ཤིན་ཏུ་ནས་དྲང་བདེན་མིན་པར་གཟིགས་ནས། ཁོང་གིས་དུས་ནམ་ཡིན་ཡང་དེ་ལ་མཐིལ་ཕྱིན་པའི་དགག་བྱ་གནང་སྟེ་འདི་ལྟར། དུས་རྒྱུན་སྤྱི་ཚོགས་འདིའི་ཁྲོད་མི་ཡ་རབས་དང་སེམས་བཟང་ཅན་ཡོད་པ་ནང་བཞིན། རིགས་རུས་ཐམས་ཅད་ཀྱི་ནང་དུ་ཡ་རབས་དང་སེམས་བཟང་ཅན་ཡོད་ལ་མ་རབས་གཏུམ་སྤྱོད་ཅན་ཡང་ཡོད། དེས་ན་མི་སུ་འདྲ་ཞིག་ཡིན་རུང་ཁོས་ཁྲིམས་འགལ་གྱི་བྱ་བ་བྱས་ཚེ། མི་དེ་རིགས་རུས་གང་དུ་གཏོགས་ནའང་གཏོགས། གཙོ་བོ་མི་དེའི་བྱ་སྤྱོད་ཀྱི་ནག་ཉེས་ལ་དཔག་པའི་ཁྲིམས་ཆད་གཅོད་དགོས་པ་ཡིན། སྤྱིར་བཏང་མི་དེའི་རིགས་རུས་མཐོ་དམན་གང་དུ་བརྩི་བ་ནི་ཁོ་རང་གི་བྱ་སྤྱོད་ཀྱི་ལས་ཀ་ཡག་སྡུག་དང་རྗེས་སུ་འབྲེལ་བའི་སྒོ་ནས་བརྩི་དགོས་པ་ལས་སྐྱེ་དུས་ནས་ཐག་ཆོད་པ་ཞིག་ག་ལ་ཡིན། ཞེས་སོགས་མཛུབ་སྟོན་གྱི་ལམ་ནས་བཀའ་སློབ་གནང་གི་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་རུས་ཀྱི་མཐོ་དམན་ངོས་འཛིན་གནང་སྟངས་ནི་མི་དེ་སྐྱེས་མ་ཐག་ནས་ཐག་ཆོད་པ་ཞིག་མ་ཡིན་པར་ཁོང་ཚོའི་བྱེད་ལས་ཀྱི་ངོ་བོ་ལ་དཔག་ནས་ངོས་འཛིན་མཛད་པར་གནང་ངོ་། །
དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས། མི་དེའམ་ཡང་ན་མི་དེའི་ཁྱིམ་རྒྱུད་ཀྱི་རིགས་རུས་དེ་སྐྱེས་མ་ཐག་ནས་ཐག་གཅོད་དང་གཏན་འཁེལ་བྱེད་པའི་ལམ་སྲོལ་དེའི་ཚབ་ཏུ། མི་རིགས་འདྲ་མཉམ་དང་བསླབ་ཁྲིམས་ཚུལ་བཞིན་སྲུང་བ་ལ་མཐོང་ཆེན་དགོས་པའི་དགོངས་འཆར་ངོ་སྤྲོད་གནང་གི་ཡོད།
སྐྱེས་པ་ཙམ་ནས་རིགས་ངན་ག་ལ་འགྱུར། །
དེ་བཞིན་བྲམ་ཟེའི་རིགས་ཀྱང་ཡོད་མ་ཡིན། །
བྱ་བའི་ལས་ཀྱིས་རིགས་ངན་འགྲུབ་པས་ན། །
བྲམ་ཟེའི་རིགས་ཀྱང་བྱ་བའི་ལས་ལ་ལྟོས། །ཞེས་གསུངས་སོ། །
Leave a Reply