ཏྲེ་ཧོར་གདོང་ཐོག་དགོན་པའི་ལྷ་འཆམ་དུས་མཆོད། (འཐེན་ལ་ཉེ་བའི་དགུ་གཏོར་ཆེན་མོའི་ལོ་རྒྱུས་སྙིང་བསྡུས།)


གདོང་ཐོག་དགོན་པའམ་གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་བྱ་བ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་སུ་རྒྱང་ཕྲག་གསུམ་ཙམ་གྱི་ཕ་རོལ་ཏུ་ཆགས་པའི་གྲུབ་མཐའ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་དགོན་པ་ཞིག   གདོང་ཐོག་དགོན་པའམ་མཚན་ཆ་ཚང་ལ་གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་ཞེས་མཚན་ཡོངས་གྲགས་པ་འདི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་སྡེ་ཆེན་པོ་ཞིག  དེང་སང་སྔོན་དང་མི་འདྲ་བའི་དགུ་གཏོར་གྱི་གར་འཆམ། ལྷ་འཆམ་ཞེས་པ་འདི་འགྲོ་བའི་མིག་གི་དགའ་སྟོན་གྱི་རྣམ་པ་དང་མང་ཚོགས་ནས་དགའ་དད་ཀྱི་ཡུལ་དུ་ཆགས་པའི་དགའ་སྟོན་དུས་ཆེན་གྱི་གྲུབ་ཆ་ཞིག་ཏུ་འགྱུར་ཡོད།  དུས་འགྱུར་མ་བྱུང་བའི་སྔོན་ལ་བོད་ཟླ་བཅུ་གཉིས་པའི་ཚེས་༢༨/ ༢༩ ལ་དགུ་གཏོར་གྱི་གར་འཆམ་དུས་མཆོད་རྩིས་སྲུང་གནང་བཞིན་ཡོད།  རེད་དེ་དེང་སང་བོད་ཟླ་བཅུ་གཅིག་པའི་༢༨/༢༩ གཉིས་ལ་ལྷ་འཆམ་བྱེད་ཅིང་ལྷ་སྡེ་མང་ཚོགས་རྣམས་ལ་དད་སྤྲོ་ཟུང་འབྲེལ་གྱི་ཚོར་སྣང་སྦྱིན་ཞིང་།  ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མཆོད་མཇལ་བ་ཁྲི་གཅིག་ལྷག་འདུ་ཡོད། 

སུལ་སྙན་རོལ་མོའི་དབྱངས་སྙན་ཆེམས་སེ་ཆེམས།།
རྔ་བོ་ཆེ་ཡི་འབྲུག་སྒྲ་ལྡི་རི་རི།།
རགས་དུང་འུར་འུར་རྒྱ་གླིང་ལིངས་སེ་ལིང་།།
རྡོར་དྲིལ་སིལ་སིལ་ཆོས་དུང་བུངས་སེ་བུང་།།
རྣལ་འབྱོར་འདོན་པ་ཁུ་བྱུག་གདངས་ལ་འཁུ།།

ཆོས་གོས་རྣམ་གསུམ་རྨ་བྱའི་གཟི་གདངས་རྒྱས།།
དད་ལྡན་རྣམས་ལ་དད་པའི་སྤུ་ལོང་རྒྱས།།
དགའ་བའི་འཛུམ་མདངས་སྤྲོ་བའི་མཚམས་འདྲི་སྤེལ།།
གཞན་ནས་མི་རྙེད་དུས་ཀྱི་དཔལ་བཟང་པོ།།
རྫོགས་ལྡན་གསར་པའང་འདི་ལས་ལྷགས་སམ་ཅི།།

དེ་ལྟར་དགའ་བའི་བྲོ་རྡུང་འདིས།།
བསྟན་ལ་འཚེ་རྣམས་བཟློག་བྱེད་ཅིང་།།
བསྟན་པ་རྒྱས་པའི་འཕྲིན་ལས་མཛད།།
ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས།།
འདི་ཕྱིའི་ལེགས་ཚོགས་རྟེན་འབྲེལ་གནང་།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*