རྒྱལ་བུ་དགེ་དོན་གྱི་ལེའུ།

འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཆེན་པོའི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་ལྷ་སྦྱིན་གྱིས་ཐབས་རྣམ་པ་སྣ་ཚོགས་ཀྱིས། དེ་བཞིན་གཤེགས་པ་ལ་གནོད་པ་བྱ་བར་བསམས་ཀྱང་དེ་བཞིན་གཤེགས་པ་ནི། ལྷ་སྦྱིན་དང་སྒྲ་གཅན་འཛིན་གཉིས་ལ་མི་འདྲ་བ་མེད་པར་དགོངས་ཏེ། རྟག་ཏུ་དེ་ལ་ཐུགས་བརྩེ་བར་མཐོང་སྟེ་བཅོམ་ལྡན་འདས་ལ་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་སྦྱིན་འདིས་དུས་འདི་ཉིད་ན་ང་ལ་གནོད་པ་བྱས་པར་མ་ཟད་དེ། སྐྱེ་བ་གཞན་དུ་ཡང་ང་ལ་གནོད་སེམས་བསྐྱེད་དོ། །དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་འདིས་སྐྱེ་བ་གཞན་དག་ན་བཅོམ་ལྡན་འདས་ལ་གནོད་པ་ཇི་ལྟར་བགྱིས་ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་དུས་བསྐལ་བ་གྲངས་མེད། ཚད་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་རིན་ཆེན་གོ་ཆ་ཞེས་བྱ་བ། རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་ངོ། །དེ་ལ་བཙུན་མོ་དང། ཕོ་བྲང་སླས་ལྔ་བརྒྱ་སྙེད་ཡོད་ཀྱང་བུ་མེད་དེ། ཉི་ཟླའི་ལྷ་ལ་སོགས་ཏེ་ལྷ་ཐམས་ཅད་ལ་གསོལ་བ་བྱས་ནས་ལོ་མང་ལོན་ཡང་བུ་མེད་པས་མི་དགའ་བར་གྱུར་ཏེ་འདི་སྙམ་དུ་བསམས་སོ། །བདག་ལ་བུ་ནི་གཅིག་ཀྱང་མེད་ཀྱི། དེའུ་རེ་ཚེ་ཟད་པས་རྒྱལ་ཕྲན་ལྔ་བརྒྱ་ཡང་གཅིག་ལ་གཅིག་མི་ཉན་ཏེ་ཐམས་ཅད་འཁྲུགས་ནས་ཡུལ་མ་བདེ་བར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་དེ་ལག་པར་འགྲམ་པ་ལ་བརྟེན་ནས་འདུག་པ་ལས། དེའི་ཚེ་ན་ལྷ་ཞིག་རྒྱལ་པོའི་བསམ་པ་ཤེས་ནས་རྨི་ལམ་དུ་རྒྱལ་པོ་ལ་འདི་སྐད་ཅེས་བསྒོའོ། །ཕོ་བྲང་གི་ཕྱི་རོལ་ཚལ་གྱི་ནང་ན་དྲང་སྲོང་གཉིས་ཤིག་ཡོད་དེ། གཅིག་གི་ལུས་གསེར་གྱི་མདོག་ཏུ་འདུག་གི། དེའི་གན་དུ་སོང་ལ་གསོལ་བ་ཐོབ་ཅིག་དང། བུར་སྐྱེ་བར་འགྱུར་རོ། །ཞེས་བསྒོ་མ་ཐག་ཏུ་གཉིད་ལོག་པ་ལས་སད་ནས་དྲང་སྲོང་གཉིས་གང་ན་འདུག་པ་ཚོལ་དུ་སོང་སྟེ་དྲང་སྲོང་དེ་དང་ཕྲད་ནས་བདག་ལ་རྒྱལ་པོས་རིགས་འཚོབ་པ་མེད་ཀྱི། ཁྱོད་བདག་གི་རིགས་སུ་སྐྱེས་ཏེ་རིགས་སོབས་ཤིག་ཅེས་གསོལ་བ་བཏབ་ནས་དྲང་སྲོང་དེས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །དྲང་སྲོང་གཅིག་གིས་ཀྱང་བདག་ཀྱང་ཁྱོད་ཀྱི་རིགས་སུ་སྐྱེ་བར་བྱའོ། །ཞེས་སྨྲས་པ་དང། རྒྱལ་པོ་རབ་ཏུ་དགའ་ནས་ཁྱོད་ཀྱང་རིགས་སུ་སྐྱེ་བར་ཤོག་ཅིག་ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་ཕྱིར་ལོག་ནས་དུས་ཕྱི་ཞིག་ན་དྲང་སྲོང་གསེར་གྱི་མདོག་ཅན་དེ་ཚེའི་དུས་བྱས་ནས་བཙུན་མོ་ཆེན་མོའི་མངལ་དུ་སྐྱེས་ཏེ། བུད་མེད་མཁས་པས་བུ་ཡོད་པར་ཤེས་ནས་བུ་ཕོར་ཤེས་ཏེ་བདག་ལ་ངེས་པར་བུ་ཕོ་ཡོད་དོ། །ཞེས་རྒྱལ་པོ་ལ་སྨྲས་ནས་རྒྱལ་པོས་ཀྱང་བཙུན་མོའི་རིམ་གྲོ་བསྐྱེད་དོ། །ཟླ་བ་དགུ་ཚང་ནས་བུ་ཁྱེའུ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་གར་འདུག་པ། མཚན་དང་ལྡན་པ་ཞིག་བཙས་སོ། །རྒྱལ་པོ་རབ་ཏུ་དགའ་ནས་བཙས་སྟོན་བྱས་ཏེ་མཚན་མཁན་གྱི་མཚན་བལྟས་ནས་བུའི་མིང་ཡང་དགེ་དོན་དུ་བཏགས་སོ། །དེ་ནས་ཡང་བཙུན་མོ་གཅིག་ཀྱང་སེམས་ཅན་དང་ལྡན་པར་གྱུར་ཏོ། །དྲང་སྲོང་གཅིག་ཤོས་ཀྱང་ཚེའི་དུས་བྱས་ནས་བཙུན་མོ་དེའི་མངལ་དུ་སྐྱེས་སོ། །དེ་ནས་ཡང་བཙས་སྟོན་བྱས་ཏེ་མཚན་མཁན་གྱིས་མཚན་བལྟས་ནས་ཁྱེའུའི་མིང་སྡིག་དོན་དུ་བཏགས་སོ། །རྒྱལ་པོ་བུ་ལ་བྱམས་ཤིང་སྡུག་པས། བུ་འདུག་པའི་གནས་དབྱར་དགུན་དང། སྟོན་དཔྱིད་སོ་སོར་བྱས་ཏེ་བགས་ཀྱིས་ཆེར་སྐྱེས་ནས་རིག་པ་བཅོ་བརྒྱད་ལ་སོགས་ཏེ་གཙུག་ལག་ཐམས་ཅད་ལ་མཁས་པར་གྱུར་ཏོ། །ཕྱིས་དགེ་དོན་གྱིས་རྒྱལ་པོ་ལ་གསོལ་ཏེ། བདག་ཕྱི་རོལ་ཏུ་འཆག་ཅིང་ལྟད་མོ་བལྟར་འགྲོའོ། །ཞེས་བྱས་པ་དང། དེའི་ཕ་མས་ཀྱང་བུ་འཆག་ཏུ་འགྲོའོ། །ཞེས་ལམ་སྲུང་ཕྱག་དར་བྱེད་དུ་བཅུག་སྟེ་རྒྱལ་མཚན་དང་བ་དན་བསྒྲེངས་ནས་མེ་ཏོག་གིས་གཏོར་ཏེ་བདུག་པ་དང། སྤོས་ཀྱིས་བདུག་པ་ལ་སོགས་པ་ཡོ་ལང་བཤམས་ནས་དགེ་དོན་གླང་པོ་ཆེ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ལ་བསྐྱོན་ཏེ་དྲིལ་བསྒྲགས། རྔ་བརྡུངས། རོལ་མོ་དང་སིལ་སྙན་དཀྲོལ་ཏེ་སྐྱེ་བོ་བརྒྱ་སྟོང་སྙེད་ཀྱིས་བསྐོར་ནས་གྲོང་ཁྱེར་ཕྱི་རོལ་ཏུ་དོང་ངོ། །ཡུལ་མི་ཐམས་ཅད་ལམ་གྱི་གཡས་གཡོན་ན་ཁང་བུ་བརྩེགས་པའི་སྟེང་ནས་མིག་མི་འཛུམ་པར་ལྟ་ཞིང། འདིའི་བྱིན་དང་གཟི་བརྗིད་ནི་ཚངས་པ་དང་འདྲའོ། །ཞེས་བསྒྲགས་སོ། །དེ་ནས་སོང་སོང་བ་ལས་མུ་ཏོ་བ་དག་གཅིག་གོས་ཧྲུལ་པོ་གྱོན་ཞིང་སྣོད་ཆག་པ་ཐོགས་ཏེ་ཅུང་ཟད་བསླང་ངོ། །ཞེས་འབོད་པ་དགེ་དོན་གྱིས་ཐོས་ནས་དེ་དག་ལ་ཁྱེད་ཅིའི་ཕྱིར་འདི་ལྟར་ཉོན་མོངས་ཤིང་སྡུག་ཅེས་དྲིས་སོ། །དེ་དག་ལས་ཁ་ཅིག་ནི། འདི་སྐད་དུ། བདག་ཅག་ལ་ཕ་མ་དང། ཕུ་ནུ་དང། བུ་སྨད་དང། གཉེན་བཤེས་མ་མཆིས་པས་སྡུག་གོ། །ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི། བདག་ཅག་ཡུན་རིང་ནད་ཀྱིས་བཏབ་པས་མི་སོས་ཏེ་སྡུག་གོ །ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི། བདག་ཅག་བག་མ་བྱས་པས་ཆོམ་པོས་བཅོམ་སྟེ་ཅི་ཡང་མི་བདོག་པས་སློང་མོ་བྱེད་དོ། །ཞེས་ཟེར་རོ། །དགེ་དོན་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་མཆི་མ་དཀུ་སྟེ་སོང་ངོ། །དེ་ནས་ཡང་ཡ་ཟད་ཅིག་ན་ཤན་པ་དག་ཅིག་སྲོག་ཆགས་བསད་ནས་པགས་པ་བཤུ་བ་དང། བསྙལ་བཏུབས་པ་དག་མཐོང་ངོ། །དགེ་དོན་གྱིས་ཨེ་མའོ་འདི་དག་ཅི་བྱེད་ཅེས་དྲིས་པ་ན། བདག་ཅག་གི་ཕ་མེས་རྒྱུད་ཀྱིས་འདི་འདྲ་བའི་གསོད་པའི་ལས་བྱེད་དེ། འདི་མ་བྱས་ན་མི་འཚོའོ། །ཞེས་ཟེར་རོ། །དེ་ལ་དགེ་དོན་ངོ་མཚར་དུ་གྱུར་ནས་ལྟ་མི་འདོད་པར་སོང་ངོ། །དེ་ནས་ཡང་ཕ་ཟད་ཕྱིན་པ་དང་ཞིང་པ་དག་ཅིག་ཞིང་རྨོས་ཏེ། ཞིང་རྨོས་པའི་ཤུལ་ན་སྲིན་བུ་མང་དུ་བྱུང་བ་ལ་བྱ་མང་པོ་དང། སྦྲུལ་གདུག་པ་དག་འཐུ་ཞིང་ཟ་བ་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་པ་ན། བདག་ཅག་ནི་ཞིང་རྨོས་ཏེ་ས་རློགས་པའི་ཤུལ་དུ་ས་བོན་བཏབ་ན་ཕྱིས་མང་དུ་སྐྱེས་ཏེ། དེས་འཚོ་ཞིང་རྒྱལ་པོའི་དཔྱ་ཡང་འབུལ་ལོ། །ཞེས་ཟེར་རོ། །དགེ་དོན་དེ་ལ་ཡང་ངོ་མཚར་དུ་གྱུར་ནས་ཕ་ཟད་སོང་བ་དང། རྔོན་པ་བྱ་རྒྱ་བྲེས་པ་དང། རྙི་བཙུགས་ནས་བྱ་རྣམས་བཤོར་བ་དང། སེམས་ཅན་དག་བྱ་རྒྱ་དང། རྙིས་ཟིན་ནས་ལུས་རྡེབ་ཅིང་འཐེན་ཀྱང་མ་ཤོར་ཏེ། སྙིང་རྗེ་བའི་སྐད་ཕྱུང་ནས་ཤིན་ཏུ་འཇིགས་སྐྲག་པ་དག་མཐོང་ནས་ཁྱོད་ཅི་བྱེད་ཅེས་དྲིས་ན། བདག་ཅག་ཀྱང་རྒྱུད་ཀྱིས་འདི་འདྲ་བའི་གསོད་པའི་ལས་བྱེད་པས་འཚོའོ། །ཞེས་ཟེར་རོ། །དགེ་དོན་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཤིན་ཏུ་ཡི་མུག་སྟེ་ཡང་ཕ་ཟད་སོང་བ་དང། ཉ་པ་དག་ཉ་རྒྱས་ཉ་བཅུས་ནས་མང་དུ་ཟིན་ཏེ་ཐང་བུ་ལ་ཕུང་པོར་སྤུངས་ནས་ད་དུང་ཡང་འགུལ་པ་དག་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་ན། བདག་ཅག་ཀྱང་རྒྱུད་ཀྱིས་ལས་གཞན་མི་བྱེད་ཀྱི། འདི་ལྟར་ཉ་བཤོར་ཞིང་འཚོ་བར་བྱེད་དོ། །ཞེས་ཟེར་རོ། །དགེ་དོན་གྱིས་འདི་ལྟ་བུ་དག་མཐོང་ནས་འདི་སྙམ་དུ་བསམས་སོ། །སེམས་ཅན་འདི་དག་ནི་དབུལ་ཕོངས་པས་བགོ་བ་དང་བཟའ་བའི་ཕྱིར་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་གསོད་པ་ལ་སོགས་པ་བྱེད་དེ། འདི་དག་ནི་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ་མུན་པ་ནས་མུན་པར་འགྲོ་ཞིང་ཐར་པའི་དུས་མེད་དོ་སྙམ་དུ་བསམས་ནས་ཕྱིར་ཁྱིམ་དུ་འོངས་ཏེ་ཉིན་མཚན་དུ་དེ་སེམས་ཤིང་མི་དགའ་ནས་ཕའི་དྲུང་དུ་སོང་སྟེ་ཕ་ལ། ཡབ། བདག་ལ་གསོལ་བ་ཞིག་མཆིས་ཀྱི་གནོང་ཞིག་ཅེས་སྨྲས་སོ། །ཕས་ཀྱང་བུ་ཁྱོད་ཅི་ཟེར། ཁྱོད་སྨྲས་པ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །ཡབ། བདག་སྔོན་ཕྱི་རོལ་ཏུ་འཆག་ཏུ་མཆིས་པ་ལས་མི་མང་པོ་གོས་དང་ཟས་ཀྱི་ཕྱིར་ཐམས་ཅད་ཉོན་མོངས་ཏེ། གཅིག་ལ་གཅིག་གསོད་པ་དང། རྫུན་དང། དབང་ཟ་བ་དང། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བགྱིད་པ་མཐོང་ནས་དེ་དག་ལ་སྦྱིན་པ་བགྱི་བར་བསམས་ཀྱི། ཡབ་ཀྱི་བང་མཛོད་ཆེན་པོ་ལས་བྲེལ་ཅིང་ཕོངས་པ་དག་གི་ཕྱིར་ཡིད་བཞིན་དུ་སྤྱོད་དུ་གནོང་ཞིག ཕས་སྨྲས་པ། ངས་རིན་པོ་ཆེ་དང། བང་མཛོད་མང་དུ་བསགས་པ་ཐམས་ཅད་ཁྱོད་ཀྱི་ཕྱིར་བྱས་པར་ཟད་ན། ཅིའི་ཕྱིར་ཁྱོད་ཟེར་བ་བཞིན་དུ་མི་ཉན་ཞེས་སྨྲས་སོ། །དེ་ནས་དགེ་དོན་གྱིས་ཕས་གནང་བའི་ལུང་ཐོབ་ནས་ཡུལ་མི་ཐམས་ཅད་ལ་དགེ་དོན་ནི་སྦྱིན་པ་ཆེན་པོ་བྱེད་ཀྱི། ཐམས་ཅད་འདུས་ཤིང་ཤོག་ཅིག་ཅེས་བསྒྲགས་སོ། །དེའི་ཚེ་ན་དགེ་སྦྱོང་དང། བྲམ་ཟེ་དང། དབུལ་ཞིང་ཕོངས་པ་མགོན་མེད་པ་དང། ནད་པ་ལ་སོགས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ན་ལམ་ཐོག་ཐག་ཏུ་གང་ངོ། །དེ་དག་ཀྱང་དཔག་ཚད་བརྒྱ་དང། ཉིས་བརྒྱ་དང། སུམ་བརྒྱ་དང། བཞི་བརྒྱ་དང། ལྔ་བརྒྱ་དང། དཔག་ཚད་སྟོང་གི་ལམ་ནས་འོངས། ཁ་ཅིག་ནི། དཔག་ཚད་ཉིས་སྟོང་སུམ་སྟོང། བཞི་སྟོང། ལྔ་སྟོང། དཔག་ཚད་ཁྲིའི་བར་ནས་ལྷགས་ཏེ་སྤྲིན་བཞིན་དུ་འདུས་ནས་ཐམས་ཅད་ལ་ཡིད་བཞིན་དུ་སྦྱིན་པ་ནི། གོས་འདོད་པ་ལ་གོས། ཟས་འདོད་པ་ལ་ཟས། རིན་པོ་ཆེ་གསེར་དང། དངུལ་དང། བཻཌཱུརྱ་དང། མུ་སར་གལ་བ་དང། བཞོན་པ་དང། ཐེག་པ་དང། ཁྱོགས་དང། སྐྱེད་མོས་ཚལ་དང། ཞིང་དང་རྐང་འགྲོ་ལ་སོགས་ཏེ་ཡིད་བཞིན་དུ་སྦྱིན་པར་བྱས་སོ། །དེ་ལྟར་སྦྱིན་པ་ལ་ཞུགས་ཏེ་ཡུན་རིང་ཞིག་ལོན་པ་དང། བང་མཛོད་སུམ་ཆ་གཅིག་ཟད་ནས་མཛོད་སྲུང་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྲས་ཀྱིས་བང་མཛོད་ལས་སྦྱིན་པ་བགྱིས་ནས་སུམ་ཆ་ནི་ཟད་པས། སུམ་གཉིས་ཙམ་ལས་མ་ལུས་ན། ཕན་ཚུན་དུ་འདྲུལ་(འབུལ)བའི་སྐྱེས་དང། ཚོང་ཟོང་ཅི་ལས་བགྱི་དགོངས་ཤིག་ཅེས་སྨྲས་སོ། །ང་ནི་སྲས་འདི་ལ་བྱམས་པས་ངོ་མི་ལྡོག་གིས། བང་མཛོད་སྟོངས་ཀྱང་བླའོ། །ཞེས་སྨྲས་སོ། །དེ་ནས་ཡང་རིང་ཞིག་ལོན་པ་དང་བང་མཛོད་སུམ་གཉིས་ནི་ཟད། སུམ་ཆ་ཙམ་ལུས་པ་དང། མཛོད་སྲུང་གིས་ཡང་རྒྱལ་པོ་ལ་ད་ནི་བང་མཛོད་སུམ་གཉིས་ཙམ་ནི་ཟད། སུམ་ཆ་ཙམ་ལས་མ་ལུས། ཕན་ཚུན་སྐྱེས་བསྐུར་བ་དང། ཚོང་ཟོང་ཅི་ལས་བགྱི་ཞེས་སྨྲས་སོ། །རྒྱལ་པོས་དེ་ལ་བསྒོ་བ། ངའི་སྲས་སྡུག་ཆེས་ཏེ་ངོ་མི་ལྡོག་པས་སྨྲ་མི་ཕོད་ཀྱི། ཁྱོད་ཀྱིས་ཐབས་ཅི་ལེགས་སུ་བྱོས་ལ་བྲེལ་ཅིང་མི་ཁོམ་པ་ལྟར་བསྙད་ཐོགས་ཤིག མཛོད་སྲུང་གིས་རྒྱལ་པོ་ལས་ལུང་ཐོབ་ནས་མཛོད་སྒོ་བཅད་དེ་དོན་གཉེར་དུ་སོང་ངོ། །དེ་ནས་སློང་བ་དག་དགེ་དོན་གྱི་ཐད་དུ་ལྷགས་ནས་བར་འགའ་ནི། མཛོད་སྲུང་མི་རྙེད་དེ་མཛོད་སྒོ་མི་ཕྱེད། གལ་ཏེ་མཛོད་སྲུང་འོངས་ན་ཡང་ཡིད་བཞིན་དུ་མི་སྟེར་བས། དགེ་དོན་གྱིས་འདི་སྙམ་དུ་སེམས་སོ། །འདི་ལྟར་གྱུར་པ་འདི་ནི་མཛོད་སྲུང་གིས་ཐུགས་མི་ཐུབ་པས་ཡབ་ཀྱི་མན་ངག་འོངས་ཀྱི། ཡོང་ཡང་བུས་ནི་ཕའི་མཛོད་སྟོངས་པར་བྱ་བ་མི་རིགས་ཀྱི། བདག་གིས་ད་ཐབས་ཅི་ཞིག་བྱས་ན་རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ། སྐྱེ་བོ་མང་པོ་ལ་ཕན་འདོགས་པར་འགྱུར་སྙམ་བསམས་ནས་མི་དག་ལ་འདི་སྐད་ཅེས་དྲིས་སོ། །འཇིག་རྟེན་ན་ལས་ཅི་ཞིག་བྱས་ན་ནོར་དབྱིག་མང་དུ་རྙེད་ཅིང་ཟད་མི་ཤེས་པར་འགྱུར་ཞེས་ཟེར་རོ། །ཁ་ཅིག་ནི། ལམ་རིང་པོར་ཚོང་སྤོགས་བྱས་ན་ནོར་མང་དུ་རྙེད་ཅེས་ཟེར་རོ། །ཁ་ཅིག་ནི། རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་པོ་ཆེ་བླངས་ན་རིན་པོ་ཆེ་མང་དུ་འགྱུར་རོ། །ཞེས་ཟེར་རོ། །དགེ་དོན་གྱིས་དེ་དག་གིས་སྨྲས་པ་ཐོས་ནས་ཞིང་རྨོ་བ་དང། རྐང་འགྲོ་སྤེལ་བ་དང། ལམ་རིང་པོར་ཚོང་ལ་འགྲོ་བ་ནི། ངའི་ཆ་མ་ཡིན་གྱི། རྒྱ་མཚོར་འཇུག་པ་འབའ་ཞིག་ངའི་ཆ་ཡིན་ནོ། །བདག་ནི་རྒྱ་མཚོ་ནས་རིན་པོ་ཆེ་མང་དུ་བླངས་ཏེ་དབུལ་ཕོངས་པ་ལ་སྦྱིན་པ་ཡིད་བཞིན་དུ་བགྱིའོ། །བདག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་མཆིར་གནོང་ཞིག་ཅེས་སྨྲས་སོ། །དེའི་ཕ་མས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དབུལ་ཕོངས་པ་དག་ནི། བློ་མེད་དེ། ལུས་སྲོག་དང་བསྡོས་ནས་འགྲོ་བར་བྱེད་དོ། །ཁྱོད་ཅིས་ཕོངས་ན་དེ་ལྟ་བུར་སེམས་ཏེ། ཁྱོད་སྦྱིན་པ་བྱེད་འདོད་ན་ཁྱིམ་ན་ཡོད་པའི་ནོར་ཐམས་ཅད་སྦྱིན་པར་བྱོས་ཤིག།རྒྱ་མཚོར་ནི་འགྲོར་མི་རུང་སྟེ་རྒྱ་མཚོའི་ནང་ན་ཆུ་རླབས་དང། དབའ་ཀློང་འཁྱིལ་བ་དང། ཆུ་སྲིན་དང། ཀླུ་གདུག་པ་དང། སྲིན་མོ་དང། རི་ཆུའི་མདོག་ཅན་ལ་སོགས་པ་ཤིན་ཏུ་ཡ་ང་བའི་བགེགས་མང་དུ་ཡོད་པས་ཐར་བར་དཀའ་ན། ཁྱོད་ཅིས་ཕོངས་ཏེ་སྲོག་དང་བསྡོ་བར་བྱེད། འདི་ལ་ནི་ཉན་པ་མེད་ཀྱི། མ་སེམས་པར་འདུག་ཅིག་ཅེས་བསྒོའོ། །དགེ་དོན་གྱིས་དེ་སྐད་ཅེས་བསྒོ་བ་ཐོས་ནས་བསམ་པ་བཞིན་དུ་མ་གྲུབ་པས་ཡི་དམ་བཅས་ཏེ། བསམ་པ་འདི་མ་གྲུབ་ཀྱི་བར་དུ་ཕ་མའི་མདུན་དུ་ས་ལ་ཁས་བུབ་ཏུ་ཉལ་ཏེ་མི་ལྡང་ངོ་སྙམ་བསམས་ནས་ཡབ་ཡུམ་གྱིས་མཁྱེན་པར་མཛོད་ཅིག བདག་ནི་བསམ་པ་བཞིན་མ་གྲུབ་ཀྱི་བར་དུ་ཁས་བུབ་ཏུ་ཉལ་བ་འདི་ལས་མི་ལྡང་ངོ། །ཞེས་སྨྲས་སོ། །དེ་ནས་ཕ་མ་མི་དགའ་སྟེ་གཉེན་བཤེས་དང་བགྲོས་ནས་རྒྱ་མཚོའི་ནང་ན་བགེགས་བྱེད་པ་མང་དུ་ཡོད་པའི་གཏམ་ཡང་བྱས། བདག་ཀྱང་རྨོངས་པས་ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ཀུན་ལ་མཆོད་དེ། ཁྱོད་ལྟ་ཞིག་ངའི་བུར་སྐྱེས་ན་ངེད་མ་དོར་བར་ཟན་ཟོ་ཞིག་ཅེས་ཞག་གཅིག་ཞག་གཉིས་ནས་ཞག་དྲུག་གི་བར་དུ་ཚིག་རྣམ་པ་སྣ་ཚོགས་ཀྱིས་གྲོས་བཏབ་ཀྱང་མ་ཉན་ཏེ། སྔར་ཇི་སྐད་སྨྲས་པ་ལས་མ་ལྡོག་གོ །ཕ་མ་སྔངས་ནས་ཡང་འདི་སྐད་ཅེས་བགྲོས་སོ། །བདག་གི་བུ་འདི་ཐོག་མ་ནས་ད་ཙམ་གྱི་བར་དུ་བྱ་བ་བསམ་པ་མཐར་མ་གྲུབ་ཀྱི་བར་དུ་མི་གཏོང་བས། རྒྱ་མཚོར་བཏང་ན་གལ་ཏེ་ན་ཕྱིར་ལྡོག་ཀྱང་སྲིད་ཀྱི། མ་བཏང་ན་ཞག་བདུན་ལོན་ནས་འཕྲལ་དུ་བྱེ་བྲལ་བྱེད་དེ། ད་ནི་གཏང་དགོས་སོ་སྙམ་བགྲོས་ནས་བུའི་དྲུང་དུ་སོང་སྟེ་ལག་པ་ནས་བཟུང་ནས་བུ་ལོངས་ལ་ཟན་ཟོ་ཞིག ཡིད་བཞིན་དུ་འགྲོ་བར་གནོང་ངོ། །ཞེས་སྨྲས་པ་དང་དགེ་དོན་ཡང་ལངས་ཏེ་བཟའ་བ་ཟོས། བཏུང་བ་འཐུངས་སོ། །དེ་ནས་ཕྱི་རོལ་ཏུ་བྱུང་སྟེ་མི་མང་པོ་ལ་ཁོ་བོ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོའོ། །ཁྱེད་སུ་འགྲོར་དགའ་བ་རྣམས་ཀྱང་འགྲོགས་ཏེ་འདོང་གི། དེད་དཔོན་ཡང་ཁོ་བོས་བྱ་ལ། ཡོ་བྱད་ཀྱང་ཁོ་བོས་སྦྱར་རོ། །ཞེས་བསྒྲགས་སོ། །དེའི་ཚེ་ན་ཡུལ་དེ་ན་ཚོང་པ་ལྔ་བརྒྱ་སྙེད་ཀྱིས་བདག་ཅག་ཀྱང་རྒྱ་མཚོར་རིན་པོ་ཆེ་ལེན་དུ་མཆིའོ། །ཞེས་ཐམས་ཅད་འདུས་ནས་ཆས་སོ། །དེའི་ཡུལ་དེ་ན་ཚོང་པ་དེད་དཔོན་རྒན་པོ་ཞིག་སྔོན་ཆད་ཀྱང་རྒྱ་མཚོར་ལན་དུ་མ་ཕྱིན་པ་ཞིག་ཡོད་དེ། རྒྱལ་བུ་དེ་ཉིད་དེའི་གན་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་རྒྱ་མཚོར་འགྲོ་བའི་ས་མཁན་དུ་འགྲོ་དགོས་ཀྱི། ཁྱོད་ཀྱང་ཆས་ཤིག་ཅེས་བསྒོ་བ་དང། དེད་དཔོན་གྱིས་བདག་ནི། རྒས་འཁོགས་པའི་སྟེང་དུ་མིག་གཉིས་ཀྱིས་ཀྱང་མི་མཐོང་བས་འགྲོ་མི་ནུས་སོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་ཕའི་ཐད་དུ་སོང་སྟེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དེད་དཔོན་རྒན་པོ་ཞིག་མཆིས་པ་སྔོན་ཆད་ཀྱང་རྒྱ་མཚོར་ལན་དུ་མ་ཞིག་ཕྱིན་ཏེ་རྒྱ་མཚོའི་རྒྱུས་མཆིས་ཀྱི། བདག་རྒྱ་མཚོར་མཆིས་པའི་ས་མཁན་དུ་བཀའ་སྩོལ་ཅིག་ཅེས་གསོལ་པ་དང། རྒྱལ་པོ་དེ་ཉིད་དེད་དཔོན་ལོང་བའི་གན་དུ་སོང་ནས་དེད་དཔོན་ལོང་བ་ལ་འདི་སྐད་ཅེས་བསྒོའོ། །རྒྱལ་བུ་རྒྱ་མཚོར་འདོད་དེ། ངེད་ཀྱིས་འགྲོར་མི་རུང་བའི་གྲོས་རེ་ལྟ་ཞིག་བཏབ་ན་མ་ཉན་གྱི། རྒྱལ་བུ་རྒྱ་མཚོར་འགྲོ་བའི་ས་མཁན་དུ་ཁྱོད་སོང་ཞིག་ཅེས་བཀའ་སྩལ་པ་དང། དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་རྒས་འཁོགས་པའི་སྟེང་དུ་མིག་གཉིས་ཀྱང་ལོང་མོད་ཀྱི། ད་རྒྱལ་པོས་བཀའ་སྩལ་པ་ན་བཀའ་མི་གཅོག་གོ །ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་ཕོ་བྲང་དུ་འོངས་ནས་ངའི་བུ་དང་རྒྱ་མཚོར་འགྲོ་ཕོད་པ་སུ་ཡོད་ཅེས་དྲིས་པ་དང། རྒྱལ་བུ་སྡིག་དོན་ཡང་བདག་ཕུ་བོའི་གཡོག་ཏུ་མཆིའོ། །ཞེས་གསོལ་ཏོ། །རྒྱལ་པོས་བསམ་པ། གཞན་སོང་བ་བས་ནུ་བོ་སོང་ན་ཕན་སྙམ་ནས་ནུ་བོ་ཡང་འགྲོར་གནང་ངོ། །དེ་ནས་རྒྱལ་བུས་གསེར་སྲང་སུམ་སྟོང་ཞིག་ཕྱུང་སྟེ་སྲང་སྟོང་ནི་གྲུའི་ཟོང་དུ་བྱས། སྲང་ཉིས་སྟོང་ནི་འཕྲལ་དུ་དགོས་པའི་ཡོ་བྱད་དུ་སྦྱར་ཏེ་ཆས་ནས་རྒྱལ་པོ་དང་བཙུན་མོ་ལ་སོགས་པ་ཐམས་ཅད་ཀྱིས་བསྐྱལ་ཏོ། །དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ནས་གྲུར་ཞུགས་ཏེ་ཐག་པ་བདུན་གྱི་བརྟོད་ནས་རླུང་ཕྱོགས་དང་སྦྱར་ཏེ་འགྲོ་བའི་ཚོང་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོའི་ནང་ན་བགེགས་རྣམས་སྣ་ཚོགས་ཡོད་དེ། སྔ་ཕྱིར་འདོང་བ་ནི་རབ་ཏུ་ཡང་མང་ན། ཕྱིར་འཁོར་བ་ནི་ཉུང་རབ་བོ། །དེ་ལས་ཐེ་ཚོམ་ཟ་བ་ཡོད་ན་ཕྱིར་དེངས་ཤིག གལ་ཏེ་ལུས་དང་སྲོག་ལ་མི་ལྟ། ཕ་མ་དང། བུ་དང། ཆུང་མ་དང། གཉེན་བཤེས་དག་ལ་ཡང་མ་ཆགས་ཏེ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ཕྱིར་ཡང་བདེ་བར་འཁོར་ན། བུ་ཚ་རབས་བདུན་ཚུན་ཆད་ནོར་གྱིས་མི་བྲེལ་བར་འགྱུར་རོ། །ཞེས་བསྒྲགས་ནས་ཐག་པ་བཅད་དོ། །དེ་བཞིན་དུ་ཉི་མ་བདུན་གྱིས་བར་དུ་ཉིན་རེ་ལན་རེ་དེ་སྐད་ཅེས་བསྒོས་ནས་ཐག་པ་རེ་རེ་བཅད་དེ་རླུང་ཕྱོགས་སུ་བབ་པ་ལ་གཡོར་ཤིང་བསྒྲེངས་ཏེ་མགྱོགས་ཁྱད་མདའ་བཞིན་དུ་སོང་ངོ། །དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྒྱལ་བུ་རིན་པོ་ཆེ་བརྟག་པ་ལ་ཤིན་ཏུ་མཁས་པས། རིན་པོ་ཆེ་བཟང་ངན་དང་། མང་ཉུང་གི་ཚད་ཀྱང་བསྟན་ནས་སོ་སོ་ནས་རིན་པོ་ཆེ་ཚོལ་ལོ། །དེད་དཔོན་དང་གཉིས་གྲུ་ཆུང་གཅིག་གི་ནང་དུ་ཞུགས་ནས་ཚོང་པ་ཕལ་རྣམས་དེར་བོར་རོ། །དེ་ནས་སོང་སོང་བ་ལས་དེད་དཔོན་གྱིས་ད་ནི། རི་དཀར་པོ་ཞིག་ཡོད་པའི་རིགས་ན་མཐོང་ངམ་ཞེས་དྲིས་སོ། །རྒྱལ་བུས་ཀྱང་དེ་འདྲ་བ་ཞིག་སྣང་ངོ། །ཞེས་སྨྲས་པ་དང། དེ་ནི་དངུལ་གྱི་རི་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་ཡང་སོང་སོང་བ་ལས། ད་ནི་རི་སྔོན་པོ་ཞིག་སྣང་བའི་རིགས་ན་མཐོང་ངམ་ཞེས་དྲིས་ན། དེ་འདྲ་བ་ཞིག་སྣང་ངོ། །ཞེས་སྨྲས་པ་དང། དེ་ནི་བཻཌཱུརྱའི་རི་ཡིན་ནོ། །ཞེས་སྨྲས་སོ། །དེ་ནས་ཡང་སོང་སོང་བ་ལས། ད་ནི་རི་སེར་པོ་ཞིག་སྣང་བའི་རིགས་སོ། །ཞེས་དྲིས་ན་རི་སེར་པོ་འདྲ་བ་ཞིག་སྣང་ངོ། །ཞེས་སྨྲས་པ་དང། དེ་ནི་གསེར་གྱི་རི་ཡིན་ནོ། །ཞེས་སྨྲས་སོ། །དེ་ནས་གསེར་གྱི་རིའི་དྲུང་དུ་ཕྱིན་ཏེ་གསེར་གྱི་བྱེ་མའི་སྟེང་དུ་འདུག་ནས་དེད་དཔོན་དེས་འདི་སྐད་ཅེས་སྨྲས་སོ། །བདག་ནི་རྒས་ཞོམ་སྟེ་ད་ནི་འགྲོ་མི་ཕོད་པསས། ད་འདི་ཉིད་དུ་ཚེའི་དུས་བྱས་པར་འགྱུར་གྱི། ཁྱོད་འདི་ནས་སོང་ཞིག་དང། མདུན་ན་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་དང་ཕྲད་པའི་རིགས་ཀྱི། གལ་ཏེ་མཁར་སྒོ་བཅད་ཅིང་འདུག་ན། སྒོ་དྲུང་ན་རྡོ་རྗེའི་གཏུན་ཞིག་ཡོད་པའི་རིགས་ཀྱི། རྡོ་རྗེའི་གཏུན་གྱིས་མཁར་གྱི་སྒོ་རྡུངས་ཤིག་དང། ནང་ནས་ལྷ་མོ་ལྔ་བརྒྱ་ཞིག་སོ་སོ་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་དུ་འོང་ངོ། །དེ་ལ་ལྷ་མོ་གཅིག་ཅིག་ཀྱང་རིན་པོ་ཆེ་སྔོན་པོ་གཅིག་ཐོགས་ཤིང་འབུལ་དུ་འོང་གི། དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུངས་ཤིག བུ་མོ་གཞན་དག་གི་ནོར་བུ་རིན་པོ་ཆེ་ཡང་ལོངས་ཤིག དབང་པོ་རབ་ཏུ་སྡོམས་ལ་དེ་དག་དང་མ་སྨྲ་ཞིག བདག་ནི་ཉམ་ཐག་སྟེ་འདིར་ཚེ་འཕོས་ནས་དྲིན་དྲན་པར་གྱིས་ལ་འདི་ཉིད་དུ་རུས་བུ་སྦས་ཏེ་སོང་ཞིག་ཅེས་བསྒོ་མ་ཐག་ཏུ་ཚེའི་དུས་བྱས་སོ། །དེ་ནས་དེད་དཔོན་གྱི་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས་བསྒོ་བ་བཞིན་དུ་སོང་ནས་རིང་པོ་མ་ལོན་པར་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་གི་དྲུང་དུ་ཕྱིན་ཏོ། །སྒོ་ཡང་དམ་དུ་བཅད་པ་ལས་དྲུང་ན་རྡོ་རྗེའི་གཏུན་འདུག་པ་བླངས་ཏེ་སྒོ་བརྡུངས་པ་དང། སྒོ་ཡང་རང་བྱེ་ནས་ལྷ་མོ་ལྔ་བརྒྱ་སོ་སོ་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་བར་བྱེད་དོ། །ནང་གི་ལྷ་མོ་སྔ་མ་གཅིག་གི་ལག་ན་ནོར་བུ་སྔོན་པོ་ཞིག་ཐོགས་ཏེ་སྨྲས་པ་བཞིན་བླངས་ནས་གོས་ཀྱི་ཐ་མར་ཕུལ་ཏེ་དེ་མ་ཐག་ཏུ་ཕྱིར་ལོག་གོ །རྒྱལ་བུ་དང་བྲལ་བའི་འོག་ཏུ་རྒྱལ་བུ་སྡིག་དོན་གྱིས་ཚོང་པ་རྣམས་ལ་རིན་པོ་ཆེ་མང་དུ་ལོངས་ཤིག་ཅེས་བྱས་པས། ཚོང་པ་རྣམས་ཀྱིས་མང་དུ་བླངས་ནས་རིན་པོ་ཆེ་མང་བས། གྲུ་ཡང་བར་འགའ་ནི་ནུབ། བར་འགའ་ནི་བྱུང་རྒྱལ་བུ་དགེ་དོན་འབའ་ཞིག་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པས་ཆུར་མ་ནུབ་བོ། །རྒྱལ་བུ་སྡིག་དོན་སྐྲག་ནས་དགེ་དོན་ལ་བདག་ལ་ཡང་སྐྱོབས་ཤིག་ཅེས་སྨྲས་པ་དང། སྡིག་དོན་ཡང་ཁྲིད་དེ་རྒྱ་མཚོ་བརྒལ་ཏོ། །དེ་ནས་སྐམ་སར་ཕྱིན་པ་དང་སྡིག་དོན་གྱིས་ཕུ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་སྤུན་གཉིས་ཕ་མ་དང་བྲལ་ཏེ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་དོང་བ་ལས་མ་སྟེས་ཏེ་རིན་པོ་ཆེ་དང་བྲལ་ནས་ལག་པ་སྟོང་པར་ཁྱིམ་དུ་འགྲོ་བ་ནི་ངོ་ཚའོ། །རྒྱལ་བུ་དགེ་དོན་རང་བཞིན་གྱིས་དྲང་བས། ནུ་བོ་ལ་བདག་ཅག་གིས་རིན་པོ་ཆེ་ཐོབ་ན་ཅིའི་ཕྱིར་ངོ་ཚ་ཞེས་སྨྲས་སོ། །རིན་པོ་ཆེ་ཇི་ལྟ་བུ་ཞིག་རྙེད་བདག་ལ་སྟོན་ཅིག་ཅེས་སྨྲས་པ་དང། ཕུ་བོས་རིན་པོ་ཆེ་བཀྲོལ་ཏེ་ནུ་བོ་ལ་བསྟན་ཏོ། །ནུ་བོས་རིན་པོ་ཆེ་མཐོང་ནས་འདི་སྙམ་དུ་བསམས་སོ། །བདག་གི་ཕ་མ་ཡང་བུར་འདྲ་བ་ལས། ཕུ་བོ་ལ་བྱམས་ཏེ་བདག་ལ་མི་བྱམས་པའི་སྟེང་དུ་ང་གཉིས་འགྲོགས་ཏེ་རིན་པོ་ཆེ་ལེན་དུ་སོང་བ་ལས། ཕུ་བོས་ནི། རིན་པོ་ཆེ་རྙེད་ཀྱི་བདག་གིས་ནི་ཅི་ཡང་མ་རྙེད་པས། ད་ཁྱིམ་དུ་འོངས་ན་བདག་ལ་དེ་བས་ཀྱང་མི་བྱམས་པར་འགྱུར་གྱི། བདག་གིས་ཕུ་བོ་གཉིད་ལོག་པའི་ཚེ་བསད་ལ་ནོར་བུ་རིན་པོ་ཆེ་ཁྱེར་ཏེ་འགྲོའོ། །གལ་ཏེ་ཕ་མས་དྲིས་ན། ཕུ་བོ་ནི་རྒྱ་མཚོའི་ནང་དུ་ནུབ་བོ། །ཞེས་བྱའོ་བསམས་ནས་ཕུ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་སྤུན་གཉིས་རིན་པོ་ཆེ་ཐོགས་ཏེ་གཉིས་ཀ་གཅིག་ཅར་ཉལ་བ་མི་རིགས་ཀྱི། རེས་ཀྱིས་ཉལ་ལ་མེལ་ཚེ་བྱའོ། །ཞེས་སྨྲས་པ་དང། ཕུ་བོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ཏེ། སྤུན་གཉིས་རེས་ཀྱིས་མེལ་ཚེ་བྱེད་དོ། །དེ་ནས་ནུབ་གཅིག་ཕུ་བོ་སྔར་མེལ་ཚེ་བྱེད་པ་ལས་མེལ་ཚེ་ཐུན་འཁོར་བས་ཀྱང་རིང་ཞིག་ལངས་སུ་མ་བཏུབ་བོ། །ཕུ་བོས་ཡུན་རིང་དུ་མེལ་ཚེ་བྱས་ནས་ནུ་བོ་གདོད་ལངས་ཏེ་ཕུ་བོ་ཡུན་རིང་དུ་འདུག་པས་གཉིད་བྲོ་ནས་གཉིད་ལོག་པའི་འོག་ཏུ་ཚལ་གྱི་ནང་ནས་ཚེར་མ་རིང་པོ་གཉིས་ཤིག་བླངས་ནས་ཕུ་བོ་གཉིད་ལོག་པའི་མིག་ཏུ་ཚེར་མ་རེ་རེ་བཙུགས་ཏེ་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་སྔངས་ནས་ཆོམ་པོ་བྱུང་ངོ། །ཞེས་བོས་ན་ཅང་མི་ཟེར་ཏེ། དེ་ནས་ཤིང་གི་ལྷ་མོ་ཞིག་གིས་ཁྱོད་ཀྱི་ཆོམ་པོ་ནི་སྡིག་དོན་ཡིན་ནོ། །ཞེས་སྨྲས་སོ། །དེ་ནས་དགེ་དོན་མིག་ན་བ་མ་བཟོད་ནས་འབོད་འགྲོགས་ཏེ་གོག་ཅིང་སོང་སོང་བ་ལས་ཡུལ་ཤི་བ་དེ་དང་ཉེ་བར་ཕྱིན་ནས་བ་ལང་རྫི་བ་ལང་ལྔ་བརྒྱ་ཙམ་འཚོ་བ་དང་ཕྲད་དོ། །བ་ལང་དེའི་ནང་ནས་ཁྱུ་མཆོག་ཅིག་གིས་རྒྱལ་བུ་ལྡོངས་པ་མཐོང་ནས་རྒྱལ་བུའི་མིག་ལ་ལྕེས་བལྡགས་སོ། །དེ་ནས་བ་ལང་ཀུན་ཀྱང་དེར་འདུས་པས་རྫིའུ་ཡང་དེར་འོངས་ན། མི་ཞིག་ས་ལ་འགྲེ་བ་མཐོང་ནས་དྲུང་དུ་བརྟགས་ན། མིག་ཏུ་ཚེར་མ་ཟུག་པ་མཐོང་ནས་ཚེར་མ་གཉིས་དལ་གྱིས་ཕྱུང་སྟེ་གནས་སུ་ཁྲིད་དོ། །དེ་ནས་འོ་མ་དང་སྣུམ་གྱིས་རྨ་ཁ་བསྐུས་ནས་ཁ་ཟས་ཀྱིས་བསྙོད་དེ་གསོས་སོ། །དེ་ནས་ཕྱི་ཞིག་ན་རྨ་ཡང་བགས་ཀྱིས་སོས་ནས་ད་ནི་འགྲོའོ། །ཞེས་བྱས་པ་དང། བ་ལང་རྫིས་མ་བཏང་ངོ། །དེ་ནས་ཡང་ཕྱི་ཞིག་ན་རྨ་ཡང་ལེགས་པར་སོས་ནས་ད་ནི་གྲོང་ཁྱེར་འོ་ནིར་འགྲོའོ། །ཞེས་བྱས་ནས་མཐར་གྱིས་གྲོང་ཁྱེར་དང་ཉེ་བར་བསྐྱལ་ཏེ་བདག་ལ་རོལ་མོའི་ཆ་བྱད་ཀིམ་ཞེས་བྱ་བ་བྱིན་ཅིག་ཅེས་བྱས་པ་དང། རྫིའུས་རོལ་མོའི་ཆ་བྱད་ཀིམ་ཞིག་བྱིན་ནོ། །དེ་ནས་རྒྱལ་བུས་རོལ་མོ་བྱེད་ཅིང་གླུ་དང་ཚིག་སྙན་པར་སྦྱར་ཏེ་བླངས་པས་ཐམས་ཅད་དེ་ལ་ཉན་ཏེ་ཀུན་གྱིས་ཟས་དང་སྐོམ་བསྐྱལ་བས། དེ་ན་སྤྲང་པོ་ལྔ་བརྒྱ་ཡང་རྒྱལ་བུ་ལ་བརྟེན་ཏེ་གསོས་སོ། །ཕྱི་ཞིག་ན་རྒྱལ་པོ་དེའི་སྐྱེད་མོས་ཚལ་སྲུང་བ་ཞིག་དེར་འོངས་ནས་རོལ་མོ་སྙན་པ་ཐོས་པ་དང། དེ་ལ་དགའ་སྟེ་ཁྱོད་ངའི་སྐྱེས་མོས་ཚལ་དུ་རོལ་མོ་བྱེད་ཅིང་སྐྱེད་མོས་ཚལ་ཡང་སྲུང་ན་མི་ནུས་སམ་ཞེས་དྲིས་ན། བདག་མིག་ལོང་བས་མི་ནུས་སོ། །ཞེས་སྨྲས་སོ། །དེས་སྨྲས་པ། ཁྱོད་མིག་མ་མཐོང་ཡང་བླའི། ཤིང་གི་ཁ་ནས་ཐེ་གུ་ལ་དྲིལ་བུ་བཏགས་ཏེ་བྱའི་སྐད་བྱུང་ན། ཐེ་གུ་དྲངས་པས་ཆོག་གི། ངའི་སྐྱེད་མོས་ཚལ་དུ་འདོང་ངོ། །ཞེས་སྨྲས་ནས་ཁྲིད་དོ། །རྒྱལ་བུ་དེའི་ཚལ་ན་འདུག་ཅིང་རོལ་མོ་བྱེད་དོ། །
དེའི་ཚེ་ན་སྡིག་དོན་ཕྱིར་ཡུལ་དུ་འོངས་པ་དང། རྒྱལ་པོས་ཁྱོད་ཀྱིས་ཕུ་བོ་དང་ཚོང་པ་གཞན་དག་ག་རེ་ཞེས་དྲིས་ན། བདག་གི་ཕུ་བོ་དགེ་དོན་དང། ཚོང་པ་གཞན་ནི། རིན་པོ་ཆེ་མང་དུ་རྙེད་ནས་གྲུ་དང་བཅས་སུ་ཆུར་ནུབ་བོ། །བདག་ནི། རྐྱལ་འཚལ་བས་བདག་འབའ་ཞིག་ཐར་རོ། །ཞེས་སྨྲས་པ་དང། རྒྱལ་པོ་ཡབ་དང་བཙུན་མོ་གཉིས་འཁམས་ནས་ས་ལ་འགྱེལ་ལོ། །ཡུལ་ན་མི་འཁོད་པ་གཞན་དག་ཀྱང་དེ་སྐད་ཅེས་ཐོས་ནས་ངོ་མཚར་དུ་གྱུར་ཏེ་མྱ་ངན་གྱིས་བརྣངས་སོ། །རྒྱལ་པོ་ཡབ་དང་བཙུན་མོ་ཡང་མྱ་ངན་གྱིས་ཡིད་གདུངས་ནས་སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་ལྷན་ཅིག་ལོག་ན་ཅི་ཉེས་ཞེས་བསྒོའོ། །རྒྱལ་བུ་དགེ་དོན་འདུག་པའི་ཚེ་ན་བྱ་ངང་པ་གཅིག་གསོས་པ་དེ་ལ་རྒྱལ་པོས་འདི་སྐད་ཅེས་བསྒོའོ། །རྒྱལ་བུ་དགེ་དོན་རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་བ་ལས་རྒྱ་མཚོར་ནུབ་སྟེ་དགེ་དོན་དག་ཅེས་ཟེར་གྱི། ཁྱོད་རྟོག་ཅིང་ཚོལ་དུ་སོང་ཞིག་ཅེས་བསྒོས་ནས་ཡི་གེ་བྲིས་ཏེ་མགུལ་དུ་བཏགས་ནས་སོང་ངོ། །དེ་ནས་བྱ་ངང་པ་ཀུན་ཏུ་འཕུར་ཞིང་ཚོལ་ཚོལ་བ་ལས་སྐྱེད་མོས་ཚལ་དེ་ན་རྒྱལ་བུའི་སྐད་གྲག་ནས་དེར་བབས་ཏེ་བལྟས་ན། རྒྱལ་བུ་དེ་ན་འདུག་པ་དང་ཕྲད་དོ། །རྒྱལ་བུས་ཀྱང་ངང་པའི་སྐད་ཤེས་པས་མགུལ་ནས་ཡི་གེ་བཀྲོལ་ཏེ་ཀློག་ཏུ་བཅུག་གོ །དེ་ནས་ཡི་གེའི་ལན་བྲིས་ནས་སྡིག་དོན་གྱིས་ཇི་ལྟར་མིག་ཏུ་ཚེར་མས་བཙུགས་ཏེ་བྲོས་པ་ཡང་ཞིབ་ཏུ་སྤྲིང་ངོ། །དེའི་ཚེ་ན་རྒྱལ་པོ་ལི་ཤི་བར་དེ་ལ་བུ་མོ་བཟང་མོ་འཇིག་རྟེན་ན་དཀོན་པ་ཞིག་ཡོད་དེ། བུ་མོ་དེ་སྐྱེད་མོས་ཚལ་དུ་འཆག་ཏུ་སོང་སོང་བ་ལས་རྒྱལ་བུ་དགེ་དོན་དེ་ན་འདུག་པ་དང་ཕྲད་ནས་རྒྱལ་བུ་དགེ་དོན་སྐྲ་ནི་འཛིངས། གདོང་ལ་ནི་དྲི་མས་གང། གོས་ངན་པ་གྱོན་ཞིང་ཤིང་དྲུང་ནས་འདུག་པ་མཐོང་ནས་བུ་མོ་དེ་ལ་ཆགས་ཏེ་ཕན་ཚུན་གར་ཡང་མ་སོང་བར་དེའི་དྲུང་དུ་འདུག་སྟེ་གཏམ་བྱས་སོ། །དྲོ་ལ་བབ་ནས་རྒྱལ་པོས་བུ་མོ་བོས་ན། བདག་གི་འཚལ་མ་འདིར་སྐྱོལ་ཅིག་ཕར་མི་མཆིའོ་ཞེས་མཆིའོ། །དེ་ནས་རྒྱལ་པོས་ཡང་ཟན་བསྐྱལ་བ་དང། བུ་མོས་རྒྱལ་བུ་ལ་བདག་ཅག་གཉིས་ལྷན་ཅིག་ཟན་བཟའོ། །ཞེས་བྱས་པ་དང། རྒྱལ་བུས་བདག་ནི་ལོང་བ་སྤྲང་པོ་ལགས་པས། རྒྱལ་པོའི་སྲས་མོ་དང་ལྷན་ཅིག་འཚལ་མ་འཚལ་དུ་མི་རུང་ངོ། །གལ་ཏེ་རྒྱལ་པོས་གསན་ན་བདག་ལ་གྱོད་མཆི་བས་མི་རུང་ངོ། །ཞེས་སྨྲས་སོ། །བུ་མོས་སྨྲས་པ། ཁྱོད་བདག་དང་ཟན་ལྷན་ཅིག་མི་ཟ་ན་བདག་ཀྱང་ཟན་མི་ཟའོ། །ཞེས་ལན་དུ་མའི་བར་དུ་སྨྲས་པ་དང། དེ་ནས་ལྷན་ཅིག་ཟན་ཟོས་ཏེ་གཏམ་ཡང་ལེགས་པར་བྱས་ནས་དེ་ལ་བུ་མོ་ཆགས་ཏེ་གཞན་དུ་གོམ་པ་གཅིག་ཀྱང་འགྲོར་མ་བཏུབ་བོ། །དེ་ནས་ཉི་མ་ནུབ་ཏུ་ཉེ་ནས་རྒྱལ་པོས་བུ་མོ་ཕྱིར་ཤོག་ཅིག་ཅེེས་སྦྲན་པ་དང། བུ་མོས་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བདག་ནི། སྐྱེད་མོས་ཚལ་སྲུང་པ་འདིའི་ཆུང་མར་དགའ་བས་གཞན་སུ་ཡང་མི་འཚལ་ལོ། །ཡབ་རྒྱལ་པོ་བདག་གི་བསམ་པ་འདི་ལས་མི་བསྒྱུར་དུ་གསོལ་ཞེས་སྤྲིང་བ་དང། རྒྱལ་པོས་དེ་སྐད་ཅེས་གསོལ་བ་ཐོས་ནས་བུ་མོའི་ངོ་མ་ལྡོག་སྟེ་འདི་ནི་ངོ་མཚར་ཡ་མཚན་དུ་ཆེའོ། །བུ་མོ་འདི་རྒྱལ་པོ་རིན་ཆེན་གོ་ཆའི་མནའ་མར་བླངས་ཏེ་རྒྱལ་བུ་རྒྱ་མཚོ་ནས་མ་འཁོར་བར་སྤྲང་པོར་འདི་ལྟ་བུ་ཞིག་གི་ཆུང་མར་བསྟེན་པ་འདི་ནི་ངའི་རིགས་སུན་འབྱིན་ཏེ། ངའི་མགོ་ཡང་འདེག་ཏུ་མེད་པར་བྱེད་པ་འདི་ནི་ངོ་མཚར་ཆེ་ཞེས་ཡང་འབོད་དུ་བཏང་བ་ལས། བུ་མོ་ཚིག་སྔ་མ་ལས་མ་གྱུར་ཏེ་འོང་དུ་མ་བཏུབ་བོ། །དེ་ནས་རྒྱལ་པོ་བུ་མོ་ལ་བྱམས་པས་ངོ་མ་ལྡོག་ནས་གཉིས་ཀ་བསུ་སྟེ་ཕོ་བྲང་གི་ནང་དུ་ཁྲིད་ནས་ཁྱོ་ཤུག་ཏུ་བསྡུས་སོ། །དེ་ནས་ཞག་དུ་མ་ཞིག་ལོན་པ་དང། བུ་མོ་ཉིན་པར་རྟག་ཏུ་སོང་ཞིང་ནུབ་མོ་ཕྱིར་འོང་བས་རྒྱལ་བུ་དོགས་པ་སྐྱེས་ཏེ་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བདག་གི་ཆུང་མ་བྱ་ཞེས་ཁྱོ་ཤུག་ཏུ་འདུས་ན། ཉིན་པར་ནི་རྟག་ཏུ་འགྲོའོ། །མཚན་མོ་འབའ་ཞིག་ནི་ཕྱིར་འོང་ན། འདིར་མི་རྟག་པ་ལས་ན་ཁྱོད་གཞན་དུ་སེམས་པ་ཡོད་དུ་ངེས་སོ། །ཞེས་སྨྲས་པ་དང། བུ་མོས་དམ་བཅས་པ། བདག་ནི་ཁྱོད་འབའ་ཞིག་ལ་སེམས་ཏེ་བསམ་པ་གཞན་པ་སྤུ་ཙམ་ཡང་མེད་དོ། །བདག་གིས་སྨྲས་པའི་ཚིག་བདེན་ན། བདེན་པར་སྨྲས་པ་འདིས་ཁྱོད་ཀྱི་མིག་ཡ་གཅིག་མཐོང་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་མཐོང་བར་གྱུར་ཏོ། །དེ་ནས་གཏམ་དེ་དག་གླེང་ནས་རྒྱལ་བུ་ལ་ཁྱོད་ཀྱིས་ཕ་མ་དང་ཡུལ་གང་ན་འདུག་ཅེས་དྲིས་པ་དང། རྒྱལ་བུས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱིས་རྒྱལ་པོ་ཪིན་ཆེན་གོ་ཆ་ཞེས་བྱ་བ་ཞིག་ཐོས་སམ། ཆུང་མས་སྨྲས་པ། བདག་གིས་ཐོས་སོ། །འོ་ན་དེ་ནི་བདག་གི་ཕ་ཡིན་ནོ། །རྒྱལ་བུ་དགེ་དོན་ཞེས་བྱ་བ་ཐོས་སམ། ཆུང་མས་སྨྲས་པ། ཐོས་སོ། །འོ་ན་རྒྱལ་བུ་དགེ་དོན་དེ་ནི་བདག་ཡིན་ནོ། །ཞེས་སྨྲས་པ་དང། ཆུང་མ་སྔབས་ནས་འོ་ན་ཁྱོད་ཅིའི་ཕྱིར་འདི་ལྟར་ཉོན་མོངས་པར་གྱུར་ཅེས་དྲིས་པ་ལས་རྒྱལ་བུས་ཇི་ལྟར་གྱུར་བ་ཞིབ་ཏུ་གཏམ་བྱས་པ་དང། བུ་མོས་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་སྡིག་དོན་གྱིས་ཁྱོད་ཀྱི་མིག་ཕྱུང་བ་འདི་ནི། །འཇིག་རྟེན་གང་ན་ཡང་མི་སྲིད་ན། ཁྱོད་དེ་དང་ཕྲད་ན་ཇི་ལྟར་བྱ་སྙམ། རྒྱལ་བུས་སྨྲས་པ། སྡིག་དོན་གྱིས་ངའི་མིག་ཕྱུང་བ་ཉེས་མོད་ཀྱི། བདག་ནི་དེ་ལ་ཅུང་ཟད་ཀྱང་མི་དགའ་བའམ། འཁོན་དུ་འཛིན་པ་མེད་དོ། །ཆུང་མས་སྨྲས་པ། འདི་ནི་ཤིན་ཏུ་ཡང་ཡིད་ཆེས་པར་དཀའ་སྟེ། གནོད་པ་འདི་ལྟ་བུ་བྱས་ཀྱང་མི་དགའ་བ་མེད་ཅེས་སྨྲས་པ་ནི་ཚིག་ཏུ་མི་རུང་ངོ། །རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་སྡིག་དོན་ལ་མི་དགའ་བ་སྤུ་ཉག་མ་ཙམ་ཡང་མེད་དོ། །བདག་གི་ཚིག་འདི་བདེན་ན། བདེན་པའི་ཚིག་གིས་བདག་གི་མིག་ཡ་གཅིག་ཀྱང་མཐོང་བར་གྱུར་ཅིག་ཅེས་སྨྲས་པ་དང། མིག་ཡ་གཅིག་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །དེ་ལྟར་རྒྱལ་བུའི་མིག་གཉིས་ཀྱང་མཐོང་ནས་མཚན་དང་བྱིན་ཡང་གཞན་པས་ལྷག་པར་ཆེ་བས། བུ་མོ་དགའ་ནས་ཡབ་རྒྱལ་པོ་གང་ན་འདུག་པར་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཡབ་ཀྱིས་རྒྱལ་པོ་རིན་ཆེན་གོ་ཆའི་སྲས་རྒྱལ་བུ་དགེ་དོན་མཁྱེན་ཏམ། རྒྱས་པོས་སྨྲས་པ། ངས་ཤེས་སོ། །འོ་ན་རྒྱལ་པོ་གཟིགས་བཞེད་དམ། རྒྱལ་བུ་དེ་ད་ལྟར་ག་རེ་བལྟའོ་ཞེས་སྨྲས་པ་དང། བུ་མོས་སྨྲས་པ། ད་ལྟར་བདག་གི་ཁྱིམ་ཐབ་བགྱིད་པ་ཉིད་ལགས་སོ། །ཞེས་གསོལ་ཏོ། །རྒྱལ་པོས་བུ་མོ་འདི་སྨྱོས་སམ། འོན་ཏེ་མི་དྲན་ནམ། ཅི་ཉེས། རྒྱལ་བུ་དེ་ནི་རྒྱ་མཚོ་ནས་ཕྱིར་མ་འཁོར་ན། སྤྲང་པོ་ལ་རྒྱལ་བུ་དགེ་དོན་ཡིན་ཞེས་སྨྲ། བུ་མོས་ཡང་གསོལ་པ། ཐུགས་མི་ཆེས་ན་བརྟག་ཏུ་གསོལ་ཞེས་སྨྲས་པ་དང། རྒྱལ་པོས་བལྟར་ཕྱིན་ན་རྒྱལ་བུ་དངོས་ཡིན་ཏེ། ལྟོ་བ་ས་ལ་ཕབ་ནས་བདག་གིས་ངོ་མ་ཤེས་པ་ནོངས་ཀྱི་འགྱོད་དོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་གསང་སྟེ་རྒྱལ་བུ་དགེ་དོན་ལམ་སྲང་ཞིག་ཏུ་བསྐྱལ་ནས་དགེ་དོན་རྒྱ་མཚོ་ནས་གདོད་འཁོར་བ་སྐད་བསྒྲགས་ཏེ་བློན་པོ་རྣམས་དང་རྒྱལ་བུ་དགེ་དོན་བསུས་ནས་ཕོ་བྲང་དུ་འོངས་པ་དང། གདོད་བུ་མོ་ཡང་ཆུང་མར་བྱིན་པ་སྐད་དུ་བསྒྲགས་སོ། །
དེའི་ཚེ་ན་བྱ་ངང་པ་ཡང་ཡི་གེ་དང་ཕྱིར་ཡུལ་དུ་ཕྱིན་ཏེ་ཡི་གེ་བཀླགས་ནས་རྒྱལ་བུ་དགེ་དོན་ཡང་འདུག་པར་ཤེས་པས། སྡིག་དོན་ཡང་བཙོན་དུ་བཟུང། རྒྱལ་པོ་ལི་ཤི་པར་གྱི་སྟེང་དུ་ཡང་ཕོ་ཉ་བཏང་ནས་ངའི་བུ་དགེ་དོན་ཁྱོད་ཀྱི་ཡུལ་དུ་འོངས་ཏེ་ཉོན་མོངས་ཤིང་འདུག་ཅེས་ཐོས་ཀྱི། སྔར་མ་སྦྲན་པ་ཡང་ཉེས་སོ། །དེ་ཡང་གླང་པོ་ཆེ་དང། རྟའི་ཚོགས་མང་པོས་སྐྱལ་ཅིག མ་བསྐྱལ་ན་ང་ཉིད་ཀྱང་འོང་ངོ། །ཞེས་སྤྲིང་ངོ། །དེའི་ཚེ་རྒྱལ་བུ་དགེ་དོན་གྱིས་ཕྱུགས་རྫིའི་དྲིན་དྲན་པའི་ཕྱིར་རྒྱལ་པོ་ལི་ཤི་པར་ལ་གསོལ་ནས་གླང་པོ་ཆེ་དང། རྟ་དང། གོས་དང། ཁང་ཁྱིམ་དང། ཞིང་འབྲོག་དང། གསེར་དངུལ་དང། རིན་པོ་ཆེ་དང། བྲན་ཕོ་དང། བྲན་མོ་དང། ལས་བྱེད་པའི་མི་ལ་སོགས་ཏེ་བྱ་དགའ་མང་དུ་བྱིན་ནས་ཚེ་གཅིག་ཏུ་བདེ་ཞིང་སྐྱིད་པར་བྱས་སོ། །
དེ་ནས་རྒྱལ་པོ་རིན་ཆེན་གོ་ཆའི་ཕོ་ཉ་ཡང་དེར་ཕྱིན་ནས་རྒྱལ་པོ་ལི་ཤི་བར་གྱིས་གླང་པོ་ཆེ་ལྔ་བརྒྱ་ཙམ་རིན་པོ་ཆེས་བརྒྱན་ཏེ་གཡོག་ལྔ་བརྒྱ་དང། བུ་མོའི་གཡོག་གཞོན་ནུ་ལྔ་བརྒྱ་དང། ཤིང་རྟ་ལྔ་བརྒྱ་སྙེད་ཀྱང་བརྫངས། རྒྱལ་པོ་ཉིད་ཀྱང་བློན་པོ་དང་བཅས་ཏེ་འཁོར་བརྒྱ་སྟོང་དུ་མས་རོལ་མོ་སྣ་ཚོགས་བྱས་ཏེ་བུ་མོ་བསྐྱལ་ཏོ། །ཕོ་ཉ་སྔར་ཕྱིན་ནས་རྒྱལ་པོ་རིན་ཆེན་གོ་ཆ་ཡང་བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་བུ་བསུའོ། །རྒྱལ་བུ་དང་ཕྲད་པའི་ཚེ་བཞོན་པ་ལས་བབས་ནས་ཕ་མ་ལ་ཕྱག་འཚལ་ཏེ་ལག་པ་ནས་འཇུས་ཏེ་སྙུན་གསོལ་ནས་རོལ་མོ་བྱས་ཏེ་ཕོ་བྲང་དུ་སོང་ངོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་སྡིག་དོན་ག་རེ་ཞེས་དྲིས་པ་དང། ད་ལྟར་བཙོན་དུ་བཟུང་ངོ། །ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་སྡིག་དོན་ཐོང་ཞིག་ཅེས་གསོལ་བ་དང་། ཉེས་པ་ཆེན་པོ་བྱས་ཀྱི་གཏང་དུ་མི་རུང་ངོ་ཞེས་བསྒོའོ། །དེ་ལྟར་རྒྱལ་བུ་སྡིག་དོན་མ་བཏང་ན་བདག་ཀྱང་ཕོ་བྲང་དུ་མི་མཆིའོ། །ཞེས་གསོལ་ནས་སྡིག་དོན་ཡང་བཏང་ངོ། །དེ་ནས་སྡིག་དོན་ཡང་ཕུ་བོ་ལ་ཕྱག་འཚལ་ཞིང་བསུར་འོངས་ནས་སྤུན་གཉིས་གཅིག་ལ་གཅིག་འཇུས་ཏེ་ནུ་བོ་སྔར་བས་ཀྱང་ལྷག་པར་བྱམས་པར་གྱུར་པས། ཐམས་ཅད་ངོ་མཚར་དུ་འཛིན་ཏོ། །དེ་ནས་ཕོ་བྲང་གི་ནང་དུ་འོངས་ནས་རིན་པོ་ཆེ་ག་རེ་ཞེས་བགས་ཀྱིས་དལ་གྱིས་དྲིས་པ་དང། འོངས་པའི་ལམ་དུ་ས་བརྐོས་པའི་ནང་དུ་སྦས་སོ། །ཞེས་ཟེར་རོ། །དེ་ནས་ལེན་དུ་བཏང་ནས་རྙེད་པ་ལས་དགེ་དོན་དང་འགྲོགས་ཏེ་གནས་སུ་ཕྱིན་མ་ཐག་ཏུ་དགེ་དོན་གྱིས་མཐོང་ནས་རྙེད་དོ། །དེ་ན་རིན་པོ་ཆེ་རྣམས་རྙེད་དེ་ཕོ་བྲང་དུ་འོངས་ནས་རྒྱལ་ཕྲན་ལྔ་བརྒྱ་ཀུན་ལ་ཡང་རེ་རེ་བྱིན་ཏེ་གཅིག་པུ་ཞིག་ཕྱིར་བཞག་པ་ལག་ཏུ་ཐོགས་ཏེ་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །རིན་པོ་ཆེ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། བདག་གི་ཕ་མ་འདུག་པའི་ཁྲི་རིན་པོ་ཆེ་སྣ་བདུན་གྱི་ཁྲིར་གྱུར་ཅིང་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཀྱང་ཡོད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་དེ་བཞིན་དུ་གྱུར་ཏོ། །དེ་ནས་ཡང་འདི་སྐད་དུ། རྒྱལ་པོ་བང་མཛོད་དང། བློན་པོའི་བང་མཛོད་ལས་བདག་གིས་སྔོན་སྦྱིན་པ་བགྱིས་ཏེ་གོད་པའི་རྣམ་པ་ཐམས་ཅད་ཕྱིར་གང་བར་ཤོག་ཅིག་ཅེས་སྨྲས་ནས་དེ་ཕྱོགས་སུ་བསྟན་པ་ཙམ་གྱིས་བང་མཛོད་ཐམས་ཅད་རིན་པོ་ཆེས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དྲིལ་བསྒྲགས་ཏེ་ད་ཕྱིན་ཆད་ཞག་བདུན་ན་རྒྱལ་བུ་དགེ་དོན་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཀྱིས་ཐབས་ཅད་འདུས་ཤིག་ཅེས་བསྒོ་ནས་རྒྱལ་བུ་དགེ་དོན་རྒྱལ་བུ་དགེ་དོན་སྤོས་ཆུས་ལུས་བཀྲུས་ཏེ་གོས་གསར་པ་གཙང་མ་གྱོན་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཏགས་ཏེ་ལག་ན་པོག་ཕོར་ཐོགས་ཤིང་ཕྱོགས་བཞིར་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། ཐམས་ཅད་ཅི་འདོད་པ་ཐམས་ཅད་ཆར་བཞིན་དུ་ཕོབ་ཅིག་ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཞི་ནས་སྤྲིན་ལངས་ནས་རླུང་གིས་མི་གཙང་བ་ཕྱག་དར་བྱས་ཏེ་ཐོག་མར་ཆར་ཟིམ་བུ་བབས་ནས་རྡུལ་མི་ལྡང་བར་བྱས་སོ། །དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་བབ་བོ། །དེ་ནས་གོས་རྣམས་བབ་བོ། །དེ་ནས་རིན་པོ་ཆེ་སྣ་བདུན་བབས་ནས་ཡུལ་ཐམས་ཅད་དུ་གང་ངོ། །དེའི་ཚེ་ན་ཐམས་ཅད་ཀྱིས་རིན་པོ་ཆེ་དང། གསེག་མ་འདྲ་བའི་སེམས་སུ་གྱུར་ནས་དེ་ནས་རྒྱལ་བུས་འདི་སྐད་ཅེས་བསྒོའོ། །ཁྱོད་ཀྱི་དགོས་པ་ཐམས་ཅད་ཡིད་བཞིན་གྱིས་ཐོབ་པས། ད་ནི་བྲེལ་བའམ། ཕོངས་པ་མེད་པར་གྱུར་གྱི། སོ་སོ་ནས་ལུས་དང་ངག་ཡིད་བསྡམས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་པ་གྱིས་ཤིག་ཅེས་བསྒོས་ནས་ཐམས་ཅད་ཀྱིས་བསྒོ་བ་བཞིན་དུ་དགེ་བ་བཅུ་ལ་ནན་ཏན་བྱས་ཏེ་སྡིག་པ་མ་བྱས་པས། ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་རིན་ཆེན་གོ་ཆ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །རྒྱལ་པོའི་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །རྒྱལ་བུ་དགེ་དོན་ནི་ད་ལྟ་ང་ཡིན་ནོ། །རྒྱལ་པོ་ལི་ཤི་པར་དེ་ནི་ད་ལྟར་འོད་སྲུང་ཡིན་ནོ། །དེའི་ཚེ་ན་རྒྱལ་བུའི་ཆུང་མར་གྱུར་པ་དེ་ནི་ད་ལྟར་སྐྱེ་རྒུའི་བདག་མོ་ཡིན་ནོ། །རྒྱལ་བུ་སྡིག་དོན་དེ་ནི་ད་ལྟར་ལྷ་སྦྱིན་ནོ། །འཛམ་བུའི་གླིང་གི་མི་ལ་ངའི་དྲིན་གྱིས་ཁྱབ་པ་ནི་ང་ཐོག་མར་སངས་རྒྱས་པ་ན་ལྷའི་སྲས་པོ་བརྒྱད་ཁྲི་འོངས་པ་དང། ངའི་ཉེ་གནས་ལུང་བསྟན་པ་རྣམས་ཡིན་ནོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་ད་ལྟར་ང་ལ་གནོད་པ་ཆེན་པོ་བྱས་ཀྱང་དེ་ལ་བརྩེ་བའི་སེམས་སྐྱེས་ན། ད་མངོན་པར་སངས་རྒྱས་ནས་ཉོན་མོངས་པའི་སྒྲིབ་པ་ནི་ཟད། ཐུགས་རྗེ་ཆེན་པོས་རྒྱས་པར་ཁྱབ་པས་ན། གནོད་པ་ཅུང་ཟད་ཅིག་བྱས་པ་ལ་ཐུགས་བརྩེ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་འཁོར་མང་པོ་ལ་ལ་ནི་རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་ལྡོག་པ་དང། ཕྱིར་མི་ལྡོག་པ་དང། དགྲ་བཅོམ་པ་ཐོབ་བོ། །ཁ་ཅིག་ནི། རང་སངས་རྒྱས་སུ་གྱུར། ཁ་ཅིག་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་སྐད་ཅེས་གསུངས་པ་ལ་ཐམས་ཅད་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རྒྱལ་བུ་དགེ་དོན་གྱི་ལེའུ་སྟེ་སུམ་ཅུ་སུམ་པའོ། །

<<མདོ་མཛངས་བླུན་>>ལས་བཏུས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*