སྐྱེས་པ་རླབས་ཆེ་ལ་ཤི་བ་གཟི་བརྗིད་ཆེ།


རྩོམ་པ་པོ། མི་གསོན་པོ། 

རང་ལོ་༣༣ལ་སོན་པའི་གྲགས་ཅན་གླུ་མ་ཡོའོ་པེའུ་ནི་རྒྱ་ནག་གི་བརྙན་འཕྲིན་བརྒྱུད་ལམ་མང་པོ་ནས་རྟག་ཏུ་མཐོང་རྒྱུ་ཡོད་མཁན་གྱི་གླུ་མ་ཞིག་རེད། ནུ་མའི་འབྲས་སྐྲན་གྱིས་ཟིན་ནས་་བཅོས་སུ་མེད་པའི་འཆི་ལམ་སོང་བ་ནི་ཆེས་ཡིད་ཕངས་བ་རེད། འོན་ཏེ་རང་གི་མིག་འབྲས་ཡང་གཞན་ལ་སྦྱིན་པ་ནུས་པའི་བྱམས་སེམས་དང་སྙིང་རྗེའི་བསམ་བློ་མངའ་བའི་བུ་མོ་འདི་ཉིད་འཇིག་རྟེན་ཕྱི་མ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་སྒུག་ཡོད་ངེས། ངས་ཀྱང་ཁྱེད་ཉིད་དེ་རུ་བར་ཆད་མེད་པར་སྐྱེ་བའི་སྨོན་ལམ་འདེབས།། །།

གྲགས་ཅན་གྱི་གླུ་མ་ཞིག་གི་ཚེ་སྲོག་དེ་རིང་ཡལ་ཟིན་ཀྱང་།། རླབས་ཆེན་གྱི་མཛད་སྤྱོད་ཅིག་གིས་ང་ཚོ་ལ་འོད་སྣང་སྟེར་བྱུང་།།
དེ་ནི་ཝོའུ་ཧན་གྲོང་ཁྱེར་གྱི་གླུ་མ་གྲགས་ཅན་ཡོོའོ་པེའུ་ནཱ་ཡིས་རང་གི་མིག་འབྲས་དང་དབང་པོ་གཞན་ལ་བྱིན་པའི་བླ་མེད་ཀྱི་མཛད་སྤྱོད་དང་སྙིང་སྟོབས་དེ་རེད། རྒྱ་ནག་གི་ངག་རྒྱུན་དུ། “སྐྱེས་པ་རླབས་ཆེ་ལ་ཤི་བ་གཟི་བརྗིད་ཆེ།” ཞེས་པའི་ཆེ་བསྟོད་ཀྱི་ཆོ་ལོ་དེ་གླུ་མ་འདི་ལ་ཕུལ་ན་འོས་ཤིང་འཚམས་པ་ཞིག་ལོས་ཡིན། མི་སེམས་ལ་འགུལ་བསྐྱོད་བཏང་ནུས་པའི་རླབས་ཆེན་གྱི་མཛད་སྤྱོད་འདི་ལྟར་ཚེ་སྲོག་འོད་སྣང་ལ་ཐིམ་པའི་ལ་རྒྱ་ཅན་གྱི་གངས་ཅན་བོད་མི་སེར་སྐྱ་ཕོ་མོ་ཁག་ཅིག་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲགས་པའི་ལོ་རྒྱུས་ཐོག་གི་མི་སྣ་རླབས་ཆེན་ཁ་ཤས་ལས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཆེས་ཤིན་ཏུ་བྱ་དཀའ་བའི་མཛད་སྤྱོད་ཅིག་རེད། དེའི་ཕྱིར་དེ་རིང་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཁྱེད་ཀྱི་སྙིང་སྟོབས་དང་བློས་བཏང་གླེང་བཞིན་འདུག་ལ་ཁྱེད་ཀྱི་མཛེས་སྡུག་གི་སྣང་བརྙན་དང་སྙན་འགྱུར་གྱི་དབྱངས་རྟ་སོགས་ནི་དྲ་ལམ་གྱི་གར་སྟེགས་ཡོངས་སུ་ཁྱབ་འདུག ངེད་ཅག་བོད་ཀྱི་དོན་དམ་གྱི་མཛངས་མ་ཚེ་རིང་འོད་ཟེར་དང་། མཁས་པའི་དབང་པོ་བསོད་དར་རྒྱས་སོགས་ཀྱིས་ཀྱང་ཁྱེད་ལ་རྗེས་དྲན་དང་ཡི་རང་ཞུ་བཞིན་འདུག་པ་མ་ཟད་གནས་ཚུལ་འདི་གོ་མཁན་གྱི་སྐྱེ་བོ་ཡོངས་ཀྱིས་ཁྱེད་དང་ཁྱེད་ཀྱི་ནང་མི་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ངེས། འོན་ཏེ་བྱམས་སེམས་མེད་པའི་འཆི་བདག་བདུད་པོ་དེས་ཁྱེད་ཉིད་འདི་ལྟར་ལྔ་ལམ་དུ་ཁྲིད་དུས་ངས་ནམ་ཡང་མིག་ལམ་དུ་འཁོར་བ་ནི་༢༠༡༣ལོའི་རྒྱ་ནག་སྐད་བཟང་གླུ་ངག་འགྲན་བསྡུར་ཁྲོད་དུ་ཁྱེད་ཀྱི་བླངས་པའི་དབྱངས་རྟ་དག་དང་ཆེས་ཐོག་མའི་འགྲན་ཞུགས་ཉིན་མོར་ཁྱེད་ཀྱིས་བཤད་པའི་སྐད་ཆ་རྣམས་ཡིན། ཁྱེད་ཀྱིས་ཨ་མས་ངོ་སྤྲོད་བྱས་པ་ལྟར་ན་ཁྱེད་ཉིད་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་གྱོན་ལ་ཧ་ཅང་དགའ་བ་དང་ཕ་མ་ལ་བརྩི་བཀུར་ཆེ་བའི་བུ་མོ་ཡ་རབས་ཤིག་ཡིན་ཚུལ་བཤད་པ་ལྟར་ཉིན་དེར་ཁྱེད་ཀྱིས་བབས་ཆགས་པའི་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་ཅིག་གྱོན་ཏེ། འགྲན་ཞུགས་ཀྱི་སྒོ་ཁར་ནས་ཕ་མ་ལ་འཐམ་འཁྱུད་དང་གུས་ཞབས་བྱས་ཟིན་རྗེས་གར་སྟེགས་སུ་འཛེགས་ཏེ་ [སང་ཉིན་ཡིན་སྲིད་]ཅེས་པའི་གླུ་གཞས་དེ་སྙན་མོའི་དབྱངས་སུ་འགུགས་དུས་བལྟ་ཉན་བྱེད་མཁན་ཡོངས་རྫོགས་རྐུབ་སྟེགས་ལས་ལངས་ཏེ་ཐལ་སྒྲ་དང་དགའ་འབོད་ཁྲོད་དཔྱད་འདེམས་པ་བཞི་པོས་ཁྱེད་ཉིད་སློབ་ཕྲུག་ཏུ་འདེམས་པའི་རྩོད་གླེང་གི་འཇུག་ཏུ་ཁྱེད་ཀྱིས་རང་ཉིད་ཆེས་དགའ་བའི་རྒྱལ་ཡོངས་ཀྱི་གྲགས་ཅན་གླུ་མ་ནཱ་ཡིང་དགེ་རྒན་དུ་འདེམས་ཏེ་ཀྲུང་གོའི་སྐད་བཟང་གླུ་གཞས་འགྲན་བསྡུར་ལ་དངོས་སུ་ཞུགས་སོང་། དཔྱད་འདེམས་པས་ཁྱེད་ཉིད་འགྲན་བསྡུར་འདིའི་ནང་དུ་ཞུགས་དགོས་པའི་རྒྱུ་མཚན་དྲིས་ལན་དུ་ཁྱེད་ཀྱིས། “གལ་སྲིད་ང་ལ་དེ་རིང་ལས་སང་ཉིན་མེད་ཀྱང་། དེ་རིང་ངས་རང་ཉིད་དགའ་བའི་གར་སྟེགས་ཤིག་གི་ཐོག་ཏུ། སྟབས་བདེའི་གྱོན་གོས་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་འདི་གྱོན་ནས། རང་ཉིད་ཀྱིས་ཆེས་ལེན་འདོད་པའི་གླུ་དབྱངས་དེ་གྱེར་ན་འདོད། དེ་ནི་ངས་ཁྱེད་ཅག་གི་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ལ། ཁྱེད་ཅག་གིས་ཡོའོ་པེའུ་ནཱ་ངོ་མ་དེ་མཐོང་བའི་ཆེད་དུའང་ཡིན། གོ་སྐབས་དེ་འདྲ་ཐོབ་པ་ནི་ང་ལ་བལྟོས་ན་ཧ་ཅང་དཀའ་བས་འགྲན་བསྡུར་འདི་ཡི་ནང་དུ་ཞུགས་པ་ཡིན།” ཞེས་བརྗོད་སོང་། འགྲན་བསྡུར་གྱི་གར་སྟེགས་དེ་ནས་ཁྱེད་ཀྱི་བླངས་པའི་གླུ་དབྱངས་[ཉུང་མཐའ་ཡང་ཁྱོད་ཡོད་པས།] [ངའི་བརྩེ་བའི་གྲོགས་པོ།] [གལ་སྲིད་ང་ཚོ་མ་ཐུག་ན།] སོགས་ཀྱི་གླུ་གཞས་དག་གིས་དཔྱད་འདེམས་པ་དང་ལྟད་མོ་བ་མང་པོ་ངུ་རུ་བཅུག་སོང་བ་མ་ཟད་ལེ་དབར་ཁྲི་ཕྲག་གིས་རྒྱང་ཐག་བཅད་པའི་ཐག་རིང་གི་རྒྱ་མཚོའི་གྲུ་སོ་ཞིག་ནས་གླུ་གཞས་དང་སྒྱུ་རྩལ་འཇིག་རྟེན་སོགས་ལས་ཅུང་ཐག་རིང་དུ་གནས་པའི་གྲྭ་རྐྱང་འཁྱམས་པོ་བདག་ཀྱང་མིག་ཆུ་ཐེངས་ཁ་ཤས་འབྱིན་མྱོང་། ཁྱེད་ལ་ཡིད་དུ་འོང་བའི་ལང་ཚོ་དང་། རྣ་བར་འཇེབས་པའི་སྙན་འགྱུར། བབས་ཆགས་པའི་ཀུན་སྤྱོད་སོགས་བསྟོད་བཀུར་འོས་པ་དུ་མ་ཞིག་ཡོད་པར་བརྙན་འཕྲིན་ལས་དངོས་སུ་མཐོང་ཟིན་མོད་དེ་ལས་ཀྱང་ཆེས་ངོ་མཚར་བ་ཞིག་ནི་ཁྱེད་ལ་བླ་ན་མེད་པའི་སྙིང་སྟོབས་དང་བྱམས་སེམས་མངའ་བ་དེ་རེད། མི་གྲངས་དུང་ཕྱུར་མང་པོའི་དྲན་ཤིང་དུ་བཞག་པའི་ཁྱེད་ཀྱི་དཀྱུས་ལ་རིང་བའི་མིག་ཟུང་དེ་ད་དུང་རྒྱལ་ཁམས་འདིར་བལྟས་ཡོད་ལ་བྱམས་སེམས་དང་སྙིང་སྟོབས་ཀྱིས་བསྐྲུན་པའི་རླབས་ཆེན་གྱི་མཛད་རྗེས་དེ་ཉིད་གསོན་པོ་གནས་ཡོད་པས་ཁྱེད་ཉིད་ཤི་མེད། ཁྱེད་ཉིད་ནམ་ཡང་འཆི་མི་སྲིད། མི་གསོན་པོས་གུས་འདུད་བཅས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*