ཉི་འཛིན།

རྩོམ་པ་པོ།  མི་གསོན་པོ། 

ཉི་མ་ཧྲིལ་འཛིན་ནི་གོ་ལའི་འཁོར་བསྐྱོད་ཀྱིས་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ནང་དུ་ས་ཆེན་གོ་ལས་ཉི་མ་ལ་ལན་གཅིག་སྐོར་བའི་བརྒྱུད་ལམ་དུ་གོ་ལ་འདི་ཉིད་ལའང་རང་གི་ཟླ་བས་ཉིན་ཞག་ཉེར་བརྒྱད་ཙམ་ལ་ལན་གཅིག་བསྐོར་བསྐྱོད་བྱེད་བཞིན་པའི་སྐབས་སུ་ས་ཆེན་གོ་ལ་དང་། ཉི་མའི་བར་དུ་ཟླ་བ་སླེབས་སྐབས་དེའི་གྲིབ་གཟུགས་ཀྱིས་ཉི་འོད་མི་མངོན་པར་བྱས་པ་ལ་ཉི་འཛིན་ཞེས་བརྗོད། གོ་ལའི་ཆ་ཤས་གང་དུ་ཉི་འཛིན་གྱི་རྣམ་པ་སྣང་སྐབས་ས་གནས་དེར་ཟླ་བའི་འཁོར་བསྐྱོད་དང་ཅུང་ཐག་ཉེ་རུ་ཕྱིན་པ་དང་། ཟླ་བའི་གྲིབ་གཟུགས་གོ་ལའི་ངོས་ཀྱི་ས་གནས་དེ་དག་ལ་ཁ་ཐུག་ཕོག་པ་ཡིན། དཔེར་ན་བར་སྣང་གི་བྱ་ཐག་ཉེ་རུ་བབས་སྐབས་གྲིབ་གཟུགས་ས་ཐོག་ཏུ་འཆར་བ་ལྟ་བུར་ཞིག་ཡིན། སྤྱིར་ལོ་ལྟར་འཆར་ཅན་དུ་ཟླ་བ་དྲུག་རེ་ལ་ཉི་འཛིན་རེ་རེ་སྟེ། ལོ་རེར་ཉི་འཛིན་གཉིས་རེ་ཡོང་གི་ཡོད་ཀྱང་སྐབས་རེ་རྒྱ་མཚོ་ཆེན་པོ་ལ་གྲིབ་གཟུགས་ཕོག་པ་དང་། སྐབས་རེ་གོ་ལའི་ཆ་ཤས་གཞན་དུ་ཕོག་པ་སོགས་ཀྱིས་ས་གནས་མང་པོ་ལ་སྣང་ཐུབ་ཀྱི་མེད། སྐབས་རེར་ལོ་གཅིག་ལ་ཉི་འཛིན་ལྔ་རེ་ཙམ་འབྱུང་བའང་ཡོད་དེ། སྤྱི་ལོ་༡༩༣༥ ལ་ཉི་འཛིན་ལྔ་བྱུང་བ་དང་། འབྱུང་འགྱུར་སྤྱི་ལོ་༢༢༠༢ ལ་ཉི་འཛིན་ལྔ་འབྱུང་བ་བཤད། དེ་ལྟར་ངོ་མཚར་བའི་ཉི་མའི་དཀྱིལ་འཁོར་ལ་ས་ཆེན་གོ་ལ་དང་ཟླ་བས་བསྐོར་བཞིན་པའི་བརྒྱུད་ལམ་ལས་ཉི་འཛིན་བྱུང་བའི་ལོ་རྒྱུས་ཁྲོད། ཨ་རི་ལ་ཉི་མ་ཧྲིལ་འཛིན་གྱི་ཆ་ཤས་ཡོངས་སུ་རྫོགས་པ་སྟེ་ཟླ་བའི་གྲིབ་གཟུགས་ཀྱིས་ཉི་མ་ཡོངས་སུ་བསྒྲིབས་པ་འདི་ལྟར་སྤྱི་ལོ་༡༩༡༨ ལོར་ལན་གཅིག་བྱུང་བ་ནས་དེ་རིང་བར་དུ་ལོ་བརྒྱ་ལ་ཉེ་བའི་དུས་ཡུན་ནང་དུ་བྱུང་མྱོང་མེད་པ་ཡིན་སྟབས་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར། ཉི་འཛིན་ཧྲིལ་པོ་མཐོང་ཡུལ་གྱི་ས་གནས་ཁག་ལས་གནམ་གཤིས་བརྟག་དཔྱད་ཀྱི་ལམ་སྟོན་དང་སྦྲག་ནེ་བྷི་རག་སི་ཀའི་ལྷོ་ཕྱོགས་ལིན་ཁོན་ནས་ཞིབ་བལྟས་བྱས་པ་ཡིན། ཉི་འཛིན་གྲིབ་གཟུགས་ཀྱིས་མུན་ནག་གྱུར་པ་ལ་ནམ་མཁའི་བྱ་ཚོགས་ཀྱང་ཞེད་དེ་བར་སྣང་དུ་སྐད་ཅོར་སྒྲོག་པ་སོགས་འཇིགས་སུ་རུང་བ་དང་། ཟླ་བའི་མཐའ་སྐོར་དག་ནས་ཉི་འོད་མངོན་པ་གསེར་གྱི་སོར་གདུབ་ལྟ་བུའི་མཛེས་སྡུག་གི་རྣམ་པ་མཐོང་བ་སོགས་མི་ཚེའི་ནང་དུ་མཐོང་སྣང་གསར་པའི་ལེའུ་ཞིག་གིས་ཁ་བསྣོན་བྱས་ཡོད། ད་དུང་སྤྲིན་དཀར་གྱི་འདབ་མ་ཕྱོགས་མཚམས་སུ་བཅང་པ་དང་། སྐར་ཚོགས་ཀྱི་བཀྲག་མདངས་རབ་ཏུ་མངོན་པ་སོགས་སྐར་མ་གཉིས་ལྷག་གི་དུས་ཡུན་ནང་དུ་ཉི་ཟླ་སྐར་གསུམ་གྱི་རྒྱུ་བ་ངོ་མཚར་ཅན་གྱི་བར་སྣང་ཁམས་ཀྱི་མཛེས་སྡུག་འདི་འདྲ་བ་མི་ཚེ་ནང་དུ་མཐོང་མྱོང་མེད། འོན་ཏེ་པར་ལེན་འཕྲུལ་ཆས་ལ་ཤོག་ནག་གི་སྤྱིན་ཤོག་མ་སྦྱར་ན་ཉི་འོད་ཀྱིས་པར་ལེན་མི་ཐུབ་ཅིང་། སྤྱིན་ཤོག་སྦྱར་ཚེ་ཉི་མ་ཁོ་ན་ལས་གཞན་མཐོང་མི་ཐུབ་སྟབས་མཛེས་སྡུག་གི་རྣམ་པ་དེ་ཁོ་བོས་སེམས་ཀྱི་མྱོང་ཚོར་བྱེད་རྒྱུ་ཙམ་ལས་དྲ་གྲོགས་ཚོའི་སྤྱར་སྔར་བཤམས་ཐབས་བྲལ། གཞན་ཡང་ནང་པའི་མདོ་རྒྱུད་ལས་བཤད་པའི་ལམ་སྟོན་ལའང་གུས་བརྩི་དང་འབྲེལ་དྲིན་ཅན་མ་རྒན་གྱི་གཙོས་པའི་འགྲོ་དྲུག་སེམས་ཅན་གྱི་ཆེད་ཀུན་བཟང་སྨོན་ལམ་ཚར་ཁ་ཤས་ཀྱང་བཏོན་ཡོད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*