བྱང་ཨ་རིར་དཔལ་ལྡན་ས་སྐྱ་པའི་སྨོན་ལམ་ཐེངས་གཉིས་པའི་ཚོགས་བརྡ་གསལ་བསྒྲགས།

༄༅། །བྱང་ཨ་རིར་གནས་བཞུགས་དད་ལྡན་སློབ་འབངས་རྣམས་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་དབང་དྲུང་དུ།

ཆེད་གསོལ།

དེ་ཡང་དཔལ་ས་སྐྱ་པ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་
བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ། སྤྱི་ལོ་༢༠༡༧ ལོའི་སྤྱི་ཟླ་༩ ཚེས་༢༡ ཉིན་དབུ་འཛུགས་ཏེ་ཉིན་བཞིའི་རིང་ལ། འདི་ག་བྱང་ཨ་རི་ནེའུ་ཡོག་ཏུ་ཕྱག་བཏབ་པའི་གདན་ས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་གང་མང་ཞིག་དང་། སྐྱབས་ཡུལ་དགེ་འདུན་ཀྱི་སྡེ། དད་འདུན་གྱིས་ཕྱུག་པའི་ཁྱིམ་པའི་སྡེ་བཅས་སྟོན་འཁོར་ལྷན་འཛོམས་ངང་སྨོན་ལམ་སྐབས་དང་པོ་ལེགས་གྲུབ་བྱུང་སོང་། དེ་ནི་བསྟན་པའི་སྦྱིན་བདག་རྣམ་པ་དང་། དད་ལྡན་མང་ཚོགས་ཀྱིས་རམ་འདེགས་གནང་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་མཆིས། དམིགས་བསལ་ཞུ་དོན་གཙོ་བོ་ནི། སྤྱི་ལོ། ༢༠༡༨ ལོའི་སྤྱི་ཟླ་༧ ཚེས་༡༣- ༡༤- ༡༥ བཅས་ཉིན་གསུམ་གྱི་རིང་ལ། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་གནང་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ་ཨ་རིའི་ས་གནས་མི་ནི་སོ་ཊ་མངའ་སྡེ་རུ་འཚོག་རྒྱུ་གཏན་ཁེལ་ཟིན་པ་ལགས་ན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རིས་སུ་མ་ཆད་པའི་དད་ལྡན་སློབ་འབངས་ཡོངས་ཀྱིས་དེ་ལྟར་ཐུགས་ལ་ངེས་པའི་ཐོག་ནས་ངེས་ཕེབས་གནང་རོགས་ཞུ་རྒྱུ་དང་། འདི་ལོའི་སྨོན་ལམ་སྐབས་དང་པོའི་ཉམས་མྱོང་གི་རྒྱུད་རིམ་གཞིར་བྱས་ཏེ་ཚོགས་ཕེབས་བ་རྣམས་ནས་སྨོན་ལམ་གྱི་སྔོན་དུ། འདི་ག་ལས་ཁུངས་དང་། སྨོན་ལམ་ཚོགས་པའི་དྲྭ་བ་གང་རུང་དུ་ཐོ་འགོད་ངེས་པར་དུ་གནང་དགོས་རྒྱུ་བཅས།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཡིག་ཚང་ནས།
ཕྱི་ལོ་༢༠༡༧ ཕྱི་ཟླ་༡༡ ཚེས་༣༠ལ་ཕུལ།

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*