བསྟན་པ་ཕྱི་དར་གྱི་ལོ་ཚིགས་ལ་དཔྱད་པ།
རྩོམ་འབྲི་བ། ཡུལ་ཤུལ་བ།
རང་རེའི་རིག་གནས་པའི་སྡེ་ན་སྨད་འདུལ་གྱི་སྡོམ་རྒྱུན་བོན་ལ་ཐུག་མིན། བན་བོན་བར་ལ་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་མིན། འབྲེལ་བ་འདི་དུས་དང་གནས་སྟངས་གང་འདྲའི་འོག་ནས་བྱུང་མིན་བཅས་ཀྱི་རྩ་བ་ཕར་ཕར་དེད་ན་བདེན་དཔང་རང་བཞིན་ཅན་གྱི་གཏན་ཚིགས་སུ་ལ་ཡང་གསལ་བར་མ་མཐོང་ཞིང་། མིག་སྔར་ཡ་མཚན་པ་གཅིག་ལ། ལོ་རྒྱུས། ས་གཤིས། གོམས་སྲོལ། གནས་བབ་གཞི་ནས་མི་འདྲ་བའི་ཡུལ་ཁམས་གཉིས་ནས་བྱུང་བའི་འདུལ་བ་འདི་གཉིས། ཕྱི་ཆོས་གོས་ནས་ནང་བསླབ་སྡོམ་གྱི་བར་ལ་ཅུང་ཁ་བསྒྱུར་བ་ལྟ་བུ་ལས་དོན་གྱི་ངོ་ཁྱད་མ་བྱུང་ཡང་། ད་དུང་མཁས་པ་ནས་བླུན་པོའི་བར་གྱི་རང་རྐྱ་བའི་ཆོས་ལུགས་གཉིས་སུ་འཛིན་བཞིན་པ་འདི་རེད། འདི་ན་ལོ་རྒྱུས་ཀྱི་གསང་བ་ཆེན་པོ་ཞིག་ཡོད་འདུག་ཀྱང་ད་སྐབས་ནི་འདིའི་ཐད་ལ་དཔྱད་པའི་ངལ་བ་མ་བྱས་པར། སྐབས་སུ་བབ་པ་ཕྱི་དར་གྱི་ལོ་ཚིགས་དངོས་འཆད་པར་འདོད། ལོ་རྒྱུས་ཆོས་འབྱུང་མང་པོར་ཕྱི་དར་དབུ་ཚུགས་པའི་སྔ་རོལ་ནས་དབུས་ནས་ཆེད་དུ་མདོ་སྨད་ལ་སྡོམ་པ་ལེན་དུ་འགྲོ་བའི་སྲོལ་ཡོད་པར་གསུངས་པས་སྤྱིར་དགེ་ཚུལ་སློང་དབུས་སུ་བྱུང་བའི་དུས་ཚིགས་ནི་ཕྱི་དར་གྱི་ལོ་ཚིགས་དངོས་ལས་ཅུང་སྔ་བར་མངོན་ཞིང་། དེ་ལྟ་ནའང་དེ་དག་ལས་སྡོམ་རྒྱུན་མ་འཕེལ་བས་ཕྱི་དར་གྱི་དབུར་ངོས་འཛིན་བྱས་མི་འདུག་ཅིང་། སྡོམ་རྒྱུན་འཕེལ་ཞིང་དགེ་འདུན་གྱི་སྡེ་དངོས་སུ་ཚུགས་པ་ལ་ཕྱི་དར་དབུ་བརྙེས་པར་བཤད་དོ།།
དུས་སྐབས་དེའི་སྤྱི་ཚོགས་གནས་སྟངས།
ཕྱི་ལོ་༨༤༡ལྕགས་བྱ་ལ་རྒྱལ་པོ་འུ་དུམ་བཙན་པོས་རྒྱལ་བསྟན་བསྣུབས་འགོ་ཚུགས། སྐུ་གསུང་ཐུགས་རྟེན་ལྷ་ཁང་མང་དུ་བཤིག། གསུང་རབ་ཕལ་ཆེར་མེར་བསྲེག་ཆུ་ལ་བསྐུར།། ཞེས་གསལ་བ་ལྟར། གཙུག་ལག་ཁང་ཕལ་ཆེ་བ་བཤིག ཆོས་མཛད་ཐམས་ཅད་བསད་སྤྱུག་བཀོལ་བའི་ལས་ཀྱིས་མནར། བཙུན་པ་ཤུལ་དུ་ལུས་པ་རྣམས་ལ་ཁྱི་ར་བྱེད་དུ་བཅུག་པ་སོགས་ཀྱིས་བོད་དབུས་གཙང་རུ་བཞི་ན་དམ་པ་ཆོས་ཀྱི་སྒྲ་ཙམ་ཡང་མེད་པར་བྱས། ཇོ་བོ་རྣམ་གཉིས་རྒྱ་བལ་སོ་སོར་བསྐྱེལ་བའི་གྲབ་བྱས་ཀྱང་བསྐྱེལ་མ་ཐུབ། གཞན་པའི་སྐུ་གསུང་ཐུགས་རྟེན་ཐམས་ཅད་བཤིག་གཏོར་གྱིས་གངས་ལྗོངས་ལ་སྨྱོན་པ་ལྟ་བུའི་ལས་འགུལ་ཞིག་གིས་ཁྱབ་པར་བྱས། རྒྱ་གར་ནག་གི་མཁས་པ་དང་ཆོས་པ་ལ་ལ་བསད། ལ་ལ་བྲོས། བོད་རང་གི་མཁས་པ་དང་བཙུན་པ་ཐམས་ཅད་ཀྱང་། ཆོས་པ་རབ་བསད་འབྲིང་སྤྱུགས་ཐ་མ་བཀོལ།། གསུངས་པ་ལྟར། ལ་ལ་བསད། ལ་ལ་བཀོལ་བ་བཅས་པས་མང་པོ་ཞིག་ལི་དང་སོག་པོ། མདོ་སྨད་མི་ཉག་བཅས་པར་བྲོས་བྱོལ་དུ་ཕེབས། དེ་དག་ལས་མདོ་སྨད་དུ་བྲོས་བྱོལ་ལ་ཕེབས་པའི་གྲལ་དུ་ཞང་མངའ་འཇམ་དཔལ་དང་། ཡང་གོང་ཤེས་རབ་འབྱུང་གནས། མཁས་པ་མི་གསུམ། ཀ་འོད་མཆོག་གྲགས་པ། ལྷ་ལུང་དཔལ་གྱི་རྡོ་རྗེ་བཅས་དང་། གཞན་ཡང་གོ་རོང་གྲགས་པ་སེངྒེ་སོགས་ཀྱང་མི་ཉག་གྷའི་ཡུལ་དུ་བཞུགས་པར་གསུང་པ་སོགས་ལ་ལྟས་ན་སྐབས་དེ་ཤེད་ནས་མདོ་སྨད་དང་མི་ཉག སོག་དང་། ལི་ཡུལ་བཅས་པར་མཁས་པ་དང་བཙུན་པ་མང་པོ་བྲོས་བྱོལ་དུ་ཕྱིན་པར་གསལ། དེ་ལྟ་བུའི་དུས་ཚོད་དེ་ཡང་ཡུན་རིང་པོར་མ་འགོར་བར་ལོ་དེ་རང་ལ་རྒྱལ་པོ་དར་མ་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པས་ཆོས་བསྣུབས་ཀྱི་ལས་འགུལ་ཡང་མཇུག་རྫོགས། ཡིན་ནའང་དབུས་གཙང་དུ་ནི་ཁྱིམ་པའི་རྟེན་ཅན་གྱི་མཁས་པ་དང་ཆོས་པ་མ་གཏོགས་རབ་ཏུ་བྱུང་བའི་སྡེ་དུས་རབས་གཅིག་ལྷག་ཙམ་དུ་དར་མ་ཐུབ་པར་ལུས། འདུལ་བསྟན་དབུས་སུ་མ་དར་བའི་དུས་དེ་དག་ཏུ་ཡང་བོད་དབུས་གཙང་དུ་དམངས་ཕལ་བ་ནས་བཙན་པོའི་གདུང་རབས་ཕྱི་མ་རྣམས་ཀྱི་བར་དུ་མཐོ་དམན་ཀུན་གྱིས་གདུང་རབས་གོང་མ་རྣམས་ཀྱི་སྐབས་ལྟར་དམ་པའི་ཆོས་ལ་དགའ་དད་ཆེན་པོ་བྱེད་བཞིན་ཡོད་དོ།།
རྒྱལ་པོ་དར་མ་བཀྲོངས་ནས་ཡུན་རིང་ཙམ་ནས་འབངས་གྱེན་ལང་བྱུང་སྟེ་བོད་ཁམས་སིལ་བུར་འཐོར། ལུང་པ་རེ་ལ་དཔོན་རེ་དང་། ཡུལ་ཁམས་རེ་ལ་རྒྱལ་ཕྲན་རེ་བྱས་ཏེ་ནང་ཕན་ཚུན་འཐབ་རྩོད་འཕྲོག་བཅོམ་གྱིས་སྤྱི་ཚོགས་ཟང་ཟིང་ལང་ལོང་དུ་གྱུར་ཏེ། བོད་ཆེན་པོའི་ཆབ་དཔལ་རིག་གནས་ཐམས་ཅད་མིང་གི་ལྷག་མར་གྱུར་ཟིན་པའི་སྐབས་སུ་མདོ་སྨད་ནས་སླར་ཡང་དབུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ལ་བསྟན་པ་ཕྱི་དར་ཞེས་གྲགས་པ་ཡིན་ནོ།།
ཕྱི་དར་ཇི་ལྟར་བྱུང་བའི་བརྒྱུད་རིམ།
དབུས་སུ་བསྟན་པ་བསྣུབས་ཙམ་ནས་རྒྱལ་པོ་འུ་དུམ་བཙན་པོ་བཀྲོངས་པས་གཅིག་ནས་བསྟན་པ་བསྣུབས་པའི་དུས་ཡུན་ཐུང་བ་དང་། གཉིས་ནས་རྒྱལ་པོའི་གདུང་བརྒྱུད་ཕྱི་མས་མུ་མཐུད་ཆོས་ལ་དད་པ་བྱས་པས་ཆབ་སྲིད་ངོས་ནས་ཆོས་ཀྱི་ཕྱོགས་ལ་གནོན་ཤུགས་མེད་པར་གྱུར་པ། གསུམ་ནས་བོད་བྱིངས་ནས་ཆོས་ལ་དད་པའི་རྒྱུན་མ་ནུབ་པ་བཅས་པས་བསྟན་པ་བསྣུབས་པའི་རྗེས་སུ་འཆད་ཉན་དང་ཉམས་ལེན་བྱེད་མཁན་རྒྱུན་མ་ཆད་པར་བྱུང་ཡོད། ཡིན་ནའང་༨༤༡ལ་བསྟན་བསྣུབས་ལས་འགུལ་བྱུང་སྟེ་བོད་དབུས་གཙང་དུ་ཡོད་པའི་ལོ་པཎ་རབ་བྱུང་ཐམས་ཅད་བསད་སྤྱུག་བཀོལ་བའི་བྱ་བས་གཙང་དག་བྱས་ཟིན་རྗེས། བོད་ཤར་ཕྱོགས་མཐའ་མཚམས་སུ་ནི་དགེ་འདུན་གྱི་སྡེ་དང་། དམ་པའི་ཆོས་ཀྱི་འཆད་ཉན་དང་ཉམས་ལེན་དར་བཞིན་ཡོད་པས། ལོ་ངོ་བརྒྱ་དང་སུམ་ཅུ་སོ་བདུན་གྱི་རྗེས་སུ་དེ་ཉིད་ཀྱི་རྒྱུན་སླར་ཡང་ཆོས་རིག་ཀྱི་ལྟེ་བ་གངས་ལྗོངས་དབུས་ཕྱོགས་སུ་དར་བར་གྱུར་ཏོ།།
ལོ་ཚིགས་དངོས་ལ་དཔྱད་པ།
རང་རེའི་ཆོས་འབྱུང་ལོ་རྒྱུས་ཁག་ན་བསྟན་བསྣུབས་ལོ་ཚིགས་མ་འདྲ་བས་ཕྱི་དར་གྱི་འགོ་ཚུགས་མཚམས་ལ་ཡང་ངོས་འཛིན་སྟངས་ཅུང་མ་འདྲ་བ་ཡོད་པ་དང་། ལྷག་པར་དུ་ཆོས་འབྱུང་ཁག་ན་བྱུང་བའི་རབ་ལོ་སོ་སོའི་དབང་ཐང་སྤྱི་ལོ་དང་མ་སྦྱར་བས་ཅུང་གསལ་པོ་མེད་པ་མཐོང་བས་འདིར་དཔྱད་པ་དང་བཅས་གཏན་ལ་ཕབ་ན། བསྟན་བསྣུབས་ལོ་ཚིགས་ཐད་མི་འདྲ་བ་ཡོད་ཀྱང་གཏེར་ཡིག་དང་རྒྱའི་ཡིག་ཚང་། ཆོས་འབྱུང་ཁག་ནས་འབྱུང་བའི་ལོ་རྟགས་གུང་བསྒྲིགས་ནས་ལོ་རྒྱུས་རྣམས་སུ་བསྟན་བསྣུབས་ལྕགས་བྱ་ཞེས་ཡང་ཡང་འབྱུང་བའི་བྱ་དེ་ལྕགས་བྱ༨༤༡ལ་ཐག་ཆོད་པས་དཔྱད་མི་དགོས། ཕྱི་དར་གྱི་འགོ་ཁུངས་བླ་ཆེན་པོའི་འཁྲུངས་ལོའི་ཐད་དེབ་ཐེར་སྔོན་པོ་ལས་ཆུ་བྱིར་གསུངས་ཤིང་། དེ་ལས་གཞན་པའི་འཁྲུངས་ལོ་གསལ་བར་གསུང་བ་མ་མཐོང་། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་དེ་ཉིད་གཞིར་བཞག་བྱས་ཏེ་འཆད་བཞིན་འདུག་པས་ལོ་རྟགས་དེ་ཡིན་པ་འཐད་པར་བྱས།གཞི་འདི་ཉིད་ཀྱི་སྟེང་ནས་འཁྲུངས་འདས་དང་ཕྱི་དར་ལོ་ཚིགས་དཔྱད་པ་ལ་ཞུགས་ན་མི་འགྲིག་པ་མེད་པར་མཐོང་བས་དཔྱད་ན།
༡ བླ་ཆེན་པོའི་འཁྲུངས་འདས་ལོ་ཚིགས་ཀྱི་འདོད་ཚུལ་མི་འདྲ་བ།
བླ་ཆེན་པོའི་འཁྲུངས་ལོ་ཆུ་བྱི་ཡིན་པར་འདོད་པ་འདྲ་ནའང་དེ་དྲུག་ཅུ་སྐོར་སྔ་ཕྱི་གང་ཡིན་ལ་འདོད་ཚུལ་མི་མཚུངས་ཏེ། སྔ་མ་༨༣༢དང་། བར་མ་༨༩༢། ཕྱི་མ་༩༥༢བཅས་ལ་ཁེལ་ཡོད་ཅིང་འགའ་ཞིག་གིས་དེ་ལས་ཀྱང་དྲུག་ཅུ་སྐོར་གཅིག་གིས་འཕྱི་བ་ཡང་ཡོད་དོ།།
༢ འཕྱི་ཆེས་པའི་ལོ་ཚིགས་གསུམ།
བླ་ཆེན་པོའི་འཁྲུངས་ལོའི་འདོད་སྟངས་མི་འདྲ་བ་གོང་དུ་བཀོད་པ་ལྟར་བཞི་ཡོད་ཅིང་། དེའི་སྟེང་ནས་དགུང་གྲངས་དུ་བཞུགས་ཤེས་ཚེ་འདས་ལོ་ཐག་ཆོད་པར་འགྱུར་ན་ཡང་། དགུང་གྲངས་དེབ་སྔོན་ལས་གྱ་བཞི་བཞུགས་པར་གསུངས་པ་ལས་གཞན་གྱི་གསལ་ཁ་མ་བྱུང་བས་དེ་ལྟར་བྱས་ཚེ་འདས་ལོ་ལ་ཡང་མི་འདྲ་བ་བཞི་འབྱུང་བ་ཡིན། དེ་ལས་བར་པ་༨༩༢ལ་འཕྱི་ཆེས་པའི་སྐྱོན་བསྟན་ན་ཕྱི་མ་གཉིས་ཡང་དོན་གྱིས་མི་འཐད་པ་གོ་ཐུབ་པས། དེ་ཡང་རྒྱུ་མཚན་རེ་རེ་བཞིན་བཀོད་ན།
1 མཁས་པ་མི་གསུམ་དང་དུས་ཚིགས་མི་འགྲིག་པ།
༨༩༢ལ་འཁྲུངས་ཤིང་དགུང་གྲངས་གྱ་བཞིར་བཞུགས་པར་བྱས་ཚེ་འདས་ལོ་༩༨༧ལ་ཁེལ། འདི་ལྟར་ན་བླ་ཆེན་དགུང་གྲངས་བཅོ་ལྔ་༩༠༦ནས་རབ་ཏུ་བྱུང་ཚེ་བསྟན་པ་བསྣུབས་ནས་ལོ་དྲུག་ཅུ་རེ་ལྔ་སོང་། དེ་ནས་ལོ་ལྔ་སོང་བ་བླ་ཆེན་པོའི་དགུང་གྲངས་ཉི་ཤུ་ལོན་པ་༩༡༡ན་བསྙེན་པར་རྫོགས་རྒྱུའི་དབང་དུ་བྱས་ཚེ་དེ་དུས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་སོང་། བསྟན་པ་བསྣུབས་སྐབས་མདོ་སྨད་དུ་བྲོས་བྱོལ་དུ་ཕེབས་ཤིང་བླ་ཆེན་པོ་བསྙེན་པར་རྫོགས་མཁན་གྱི་མཁས་པ་མི་གསུམ་བསྟན་བསྣུབས་ལྕགས་བྱའི་སྐབས་འདུལ་འཛིན་ཡིན་པ་ཙམ་དུ་མ་ཟད་མཁས་པ་ཡང་ཡིན་པ་དང་། བསམ་ཡས་སུ་སྒོམ་སྒྲུབ་གནང་བཞིན་ཡོད་པས་མ་མཐའ་དགུང་གྲངས་སུམ་ཅུ་ཡན་ཆོད་ཡིན་དགོས་པས། བླ་ཆེན་པོ་བསྙེན་པར་རྫོགས་སྐབས་མཁས་པ་མི་གསུམ་དགུང་གྲངས་བརྒྱ་ཙམ་ཟིན་གྱི་ཡོད་པས་མི་བདེ་བ་ཡིན།
2 ཀླུ་མེས་ཀྱི་དུས་ཚིགས་དང་མི་འགྲིག་པ།
ལོ་རྒྱུས་མང་པོར་ཀླུ་མེས་སོགས་བསམ་ཡས་བཙན་པོ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱིས་མདོ་སྨད་དུ་བཏང་བར་བཤད་པ་དང་། ཡང་ལོ་རྒྱུས་ཁག་ཞལ་མཐུན་དུ་ཀླུ་མེས་འཁོར་བཅས་དབུས་སུ་ཐོག་མར་ཕེབས་དུས་བསམ་ཡས་བཙན་པོ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱི་སྲས་མངའ་བདག་ཁྲི་བས་སྣེ་ལེན་བྱས་པར་བཤད། དེ་ལྟར་ན་བཙན་པོ་ཚ་ལ་ན་༩༧༧ལ་འདས་པར་བཤད་པ་ལྟར་ན་དེའི་ཕྱི་ལོ་ཙམ་ནས་ཀླུ་མེས་འཁོར་བཅས་དབུས་སུ་ཕེབས། མེ་སྦྲུལ་༡༠༡༧ལ་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཀླུ་མེས་བཀའ་བཀོད་ལྟར་སོལ་ནག་ཐང་པོ་ཆེ་བཏབ་པར་གསུངས་པས་ཀླུ་མེས་༡༠༢༠ཡར་མར་བར་དུ་བཞུགས་འདུག་ཅིང་། ཚོད་དཔག་བྱས་ན་༩༥༢ཡར་མར་ཙམ་ལ་འཁྲུངས་ཤིང་དགུང་གྲངས་བདུན་ཅུ་སྟོད་སྨད་ཙམ་བཞུགས་པ་ཤེས་ཐུབ། དེ་བཞིན་ཀླུ་མེས་བླ་ཆེན་ལ་ཐུག་མིན་གྱི་བཤད་ཚུལ་འགའ་ཡོད་ཀྱང་། དེང་གི་མཁས་པ་མང་པོས་གཟིགས་པའི། ཀླུ་མེས་ཉིད་ཀྱིས་མཛད་པའི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་སུ། བླ་ཆེན་པོའི་དངོས་སློབ་མཁས་བཙུན་མི་དྲུག་གི་ནང་ཚན་སྤ་གོང་ཡེ་ཤེས་ལས་གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་བསྙེན་རྫོགས་ཞུས་ཤིང་། གྲུམ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་དབུས་གཙང་གི་མཁས་པ་མི་བཅུས་བསྙེན་པར་རྫོགས་པར་བཤད་འདུག་གསུངས་ཤིང་། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ལས་ཀྱང་ཀླུ་མེས་བླ་ཆེན་པོ་ལ་མ་ཐུག་པར་གསུངས་པ་དང་། གཞན་ཡང་སྡོམ་རྒྱུན་འདེད་སྐབས་ཀྱང་ལོ་རྒྱུས་ཚད་ལྡན་མང་ཆེ་བས་བླ་ཆེན་ལ་མ་གཏུགས་པས་ཀླུ་མེས་ཚུལ་ཁྲིམ་ཤེས་རབ་ནི་བླ་ཆེན་པོའི་མཁན་བུའི་མཁན་བུ་ཡིན་དགོས། དེ་ལྟར་བྱས་ཚེ་བླ་ཆེན་པོ་༨༩༢ལ་འཁྲུངས་པ་ཡིན་ན་༩༧༥བར་དུ་བཞུགས་དགོས་པ་ཡིན་དགོས་ཤིང་། ཀླུ་མེས་སོགས་མདོ་སྨད་ལ་ཕེབས་དུས་བླ་ཆེན་པོ་ད་རུང་བཞུགས་ཡོད་པས་བླ་ཆེན་པོའམ་དེའི་མཁན་བུ་ལས་བསྙེན་པར་མ་རྫོགས་པར་བླ་ཆེན་པོའི་མཁན་བུའི་མཁན་བུ་ལ་བསྙེན་པར་རྫོགས་པ་མི་འགྲིག་པ་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།