ཡི་གེའི་སྦྱོར་ཚུལ།

སྭསྟི། ཡང་དག་ལམ་ལ་རབ་འབད་ནས། །
ས་ལམ་ཐམས་ཅད་ཐར་མཛད་ནས། །
བདག་ལ་མ་ཆགས་གཞན་ཕན་མཛད། །
དམ་པ་ལགས་པར་བདག་འཚལ་ལགས། །

ཅི་ཕྱིར་ཉིད་ཀྱིས་ཇི་བཞིན་གཟིགས་ཤིང་སྒྲིབ་གཉིས་ཞི། །
དུས་གསུམ་ཀུན་ཏུ་དུག་གསུམ་བདུད་འདུལ་སྐུ་གསུམ་གྲུབ། །
བདེ་གཤེགས་མཁྱེན་བརྩེ་དཔེ་མེད་ལེགས་བརྙེས་དགེ་ལེགས་གཏེར། །
སྐྱོབ་མཆོག་མགོན་པོ་གཙོ་བོ་ཁྱོད་བསྟོད་མཆོག་སོགས་སྩོལ། །

ཡི་གེའི་སྦྱོར་ཚུལ་འདི། །
གཞན་གྱིས་ཤེས་བྱའི་ཕྱིར། །
དགེ་སློང་བློ་གྲོས་ཀྱིས། །
རྣམ་པར་སྦྱར་བ་ཡིན། །

རྩོམ་ཡིག་འདི་བཞིན་མི་ལོ་བདུན་བརྒྱའི་གོང་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ལྗགས་རྩོམ་མཛད་ཡོད། འདིས་མི་ལོ་བདུན་བརྒྱའི་གོང་གི་བོད་མི་རིགས་ཀྱི་སྲོལ་རྒྱུན་རྩོམ་རིག་གི་གནས་བབས་ཞིག་ངོ་སྤྲོད་བྱ་ཐུབ་པ་མ་ཟད། རྩོམ་རིག་འདི་བྱ་དཀའ་བའི་ལམ་ནས་མཛད་ཡོད་ཅིང་། བོད་ཡིག་དབྱངས་ལྔར་ངེས་པའི་དགོངས་གཞི་ལྟར་གྱི་བརྩམས་ཆོས་ཤིག་ཡིན། ཚིགས་བཅད་ཤླཽཀ་དང་པོས་སྒྲ་མེད་ཀྱི་དབྱངས་ཨར་སྦྱར་ནས། སྙན་གཞུང་གི་བྱ་དཀའ་བ་དབྱངས་ཨ་ལ་ངེས་པ་ཞེས་པའི་རྩོམ་ལུགས་དང་། ཤླཽཀ་གཉིས་པས་སྒྲ་ལྡན་གྱི་དབྱངས་བཞི་པོ་ཚིགས་རྐང་རེ་རེར་སྦྱར་ཏེ་བྱ་དཀའ་བའི་རྩོམ་ལུགས་ཀྱི་བརྩམས་པར་མཛད་ཡོད། ཤླཽཀ་གསུམ་པས་ཚིག་ཁྱིམ་ལྔ་པའི་ལམ་ནས་དགོས་པའི་དོན་བསྟན་ཡོད་པ་སོགས་བོད་ཀྱི་སྲོལ་རྒྱུན་སྙན་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཤེས་བྱ་ཞིག་ར་སྤྲོད་མཛད་ཡོད།

འགྲོ་མགོན་ཆོས་རྒྱལ་འཕགས་པ།

འགྲོ་མགོན་འདི་ཕྱི་ལོ་༡༢༣༥པ་ཤིང་མོ་ལུག་ལ་འཁྲུངས། དགུང་ལོ་བཅུར་ཕེབས་སྐབས་ས་པཎ་དང་ལྷན་རྒྱ་ནག་ལ་ཕེབས། དགུང་ལོ་བཅུ་གཉིས་པའི་སྐབས་སུ་རྒྱལ་པོའི་ཕོ་བྲང་དུ་འབྱོར། དགུང་ལོ་བཅུ་བདུན་དུ་ཕེབས་སྐབས་ཆོས་རྗེ་ས་པཎ་ཞི་བར་གཤེགས། དགུང་ལོ་བཅུ་དགུའི་སྐབས་སུ་ཧོར་རྒྱལ་པོ་སེ་ཆེན་གན་ལ་དབང་བསྐུར་ཞིང་དབང་ཡོན་དུ་ཁྲི་སྐོར་བཅུ་གསུམ་ཕུལ་ཞིང་། དགུང་ལོ་སོ་བཞི་པའི་ཐོག་རྒྱལ་པོ་ལ་དབང་བསྐུར་མཛད་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ། དེས་ན་སྐབས་འདིར་བོད་ཀྱི་ཆབ་སྲིད་ལ་གཞི་རིམ་གྱི་འགྱུར་བ་ཞིག་སོང་ཡོད་པ་ནི་བཙན་པོའི་བརྒྱུད་པའི་སྲིད་དབང་དེ་ཡང་ཧྲིལ་གྱིས་ས་སྐྱ་པར་ཐོབ་པ་དེ་ཡིན། དགུང་ལོ་ཞེ་དྲུག་བཞེས་པའི་ལྕགས་ཕོ་འབྲུག་གི་ལོ་སྟེ་ཕྱི་ལོ་༡༢༨༠པ་གཤེགས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*