སྒ་ཨ་གཉན་དམ་པ་ལ་དཔྱད་པ་བདེན་དོན་རིན་པོ་ཆེ༽ཞེས་པའི་དེབ་གསར་མྱུར་དུ་འཐོན་ལ་ཉེ་བའི་མཚམས་སྦྱོར།
ཡིག་འབྲུ་ཁྲི་ཉེར་བདུན་ལྷག་ཡོད་པའི་དཔྱད་བརྗོད་འདིས་སྒ་ཨ་གཉན་དམ་པས་བོད་ཆོས་སྲིད་གཉིས་སུ་བགྲང་དུ་རི་བའི་མཛད་རྗེས་རྣམས་ལས། ཕྲན་གྱིས་ལོ་གྲངས་དུ་མར་བོད་རྒྱ་ཡིག་རྙིང་མང་པོ་དང་ངག་རྒྱུན་ཚད་ལྡན་དག་ལ་དཔྱད་ཞིབ་ནན་ཏུར་བསྐྱར་ཏེ་དྲང་བདེན་དམིགས་ཀྱིས་བཙིར་བའི་དཔྱད་ཡིག་ཞིག་ཏུ་བརྩོན་ཚུལ་ཡིན། འོན་ཀྱང་སོ་སྐྱེ་ཆགས་སྡང་རང་མཚན་གྱི་དབང་གིས་སྐྱོན་ཡོན་འདྲེས་མ་ཡིན་པའི་རྒྱུ་མཚན་གྱིས་ཕྱོགས་འཛིན་དང་འཐེན་ཁྱེར་ལོག་བཤད་རྣམས་གཟུར་གནས་བློ་ཡིས་སྙིགས་དོར་བཅུད་ལེན་དགོས་བསྐུལ་དང་བཟོད་གསོལ་ཞུ་བའང་ལགས། ལུང་ཁུག་གི་ཨུ་ཚུགས་ཅན་གྱི་ཆོས་པ་འགའ་དང་། ལུགས་སྲོལ་ལ་སྙིང་པོ་འཛིན་པའི་རྨོངས་དད་ཅན་འགའི་ལྟ་ཚུལ་ལས་བརྒལ་ཏེ། རང་གི་དད་པ་དང་དག་སྣང་ཁོ་ན་སྙིང་པོ་མ་བཟུང་བ་དྲང་བདེན་དང་གནས་ལུགས་འབའ་ཞིག་དོན་པོ་དགོས་པའི་བསྐུལ་མ་ཡང་ཡང་ཞིག་གིས། ཡིག་ཆ་འདིར་མནའ་དེང་གི་ལེགས་ཆ་བཏུས་པའི་རེ་བ་བྱས་ཀྱང་མ་འདང་ས་དང་མ་ཤེས་ས་མང་པོ་ཡོད་པའང་ཤིན་ཏུ་ནས་ཀྱང་ངེས་ལ། སྐབས་འདིར་ཨ་གཉན་དམ་པ་མི་རང་མཚན་པ་གཞིར་བཞག་གིས་ལྟ་ཚུལ་རྩལ་བཏོན་གྱིས། ཧོར་བོད་ཀྱི་ས་ཕྱོགས་དུ་མར། ཆོས་ཕྱོགས་ནས་དགོན་སྡེ་བརྒྱ་རྩ་བརྒྱད། ནང་གི་རྟེན་གསུམ་རྩ་ཆེན། དེ་འཛིན་པའི་དགེ་འདུན་གྱི་སྡེ་དང་སྦྱིན་བདག་བཅས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཛད་འཕྲིན་མང་རབ་ཅིག་དར་སྤེལ་བཏང་ཚུལ་དང་། སྲིད་ཕྱོགས་ནས་སོག་གོང་མ་ལྔ་པ་སེ་ཆེན་ཧན་དང་། དྲུག་པ་ཨོལ་ཇ། བདུན་པ་གོ་ལུག་རྒྱལ་བློན་བཙུན་མོ་སྐུ་དྲག་སོགས་ཕོ་བྲང་ནང་འཁོར་གྱི་དབུ་བླ་མཛད་དེ་བོད་ཀྱི་ས་གནས་རང་ཆུས་རང་བདག་གིས་དབང་སྒྱུར་བཏང་འཛིན་བྱས་པའི་བཀའ་དྲིན་བསམ་བརྗོད་ལས་འདས་ཚུལ་སོགས་ཤོག་གཉིས་ཀ་ནས་གླེང་སློང་བྱས་པའི་ཡིག་ཆ་འདིའི་ཐོག་མཐའ་བར་གསུམ་དུ་དངོས་ཤུགས་བརྒྱུད་དེ་གབ་སྦས་མངོན་སྟོན་གྱི་དྲོ་བ་མྱོང་ཐུབ་པའི་རེ་བ་བཏོན་པ་ཡིན་པས་རྟོན་པ་བཞིས་བློ་ལྡན་ཁྱེད་ཅག་གི་སེམས་ཁ་བསྐངས་བའི་བཅུད་ལྡན་བདུད་རྩི་རུ་གྱུར་ཐུབ་མིན་ནི་ཀློག་པ་པོའི་ཤེས་རབ་ཀྱི་རྩལ་ཁ་རྣོ་མིན་ལ་རག་ལས་པའོ། །
བོད་རྒྱལ་ལོ༢༡༤༥ལོའི་རྒྱལ་ཟླ་བའི་ཚེས༡ཉིན་ཆོས་རྗེ་ཁུ་དབོན་དང་དམ་པ་ཡབ་སྲས་རྣམས་ཀྱིས་ལུགས་གཉིས་སྤེལ་བའི་གནས་མཆོག་ལང་གྲུའི་གྲོང་ཁྱེར་ནས་བསོད་ནམས་ཉི་མས་བྲིས།
2018/1/15
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།