དགེ་རྒན་ཞེས་པའི་ཚིག་སྡུད་ཇི་ལྟར་བྱེད་དགོས་མིན་ལ་དཔྱད་པ།
རྩོམ་པ་པོ། ཤེས་རབ་བསྟན་དར།
དགེ་རྒན་ཞེས་པའི་ཐ་སྙད་འདིའི་གོ་དོན་སུས་ཀྱང་ཤེས་ངེས། འོན་ཀྱང་ལྷ་ས་བས་དེ་བསྡུས་ནས“རྒན་ལགས”ཞེས་འབྲི་བའམ“རྒན་ག་གེ་མོ”ཞེས་འབྲི་བཞིན་པ་དང་། དེ་རིམ་བཞིན་ཨ་མདོར་ཁྱབ་ནས་དགོན་པ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ“རྒན་ག་གེ་མོ”ཞེས་སྤྱོད་བཞིན་འདུག །ལ་ལས“རྒན”ཞེས་པའི་སྤྱོད་སྟངས་འདིར་སོམ་ཉི་སྐྱེས་ཏེ“དགེ་ག་གེ་མོ”ཞེས་འབྲི་བཞིན་འདུག
དོན་དུ“དགེ”འམ“རྒན་ག་གེ་མོ”ཞེས་སྤྱད་རུང་ངམ་ཞེ་ན་ཐོག་མར་ང་ཚོས“དགེ”འམ“རྒན”ཞེས་གོ་དོན་ལ་བལྟ་བར་བྱ་སྟེ། 《དག་ཡིག་གསར་བསྒྲིགས》ལས“རྒན(རྒྱན་ཚིག)ལོ་ན་ཆེ་བའི་མི་དང་སྲོག་ཆགས་ཀྱི་སྤྱི་མིང་སྟེ། རྟ་རྒན་མི་རྒན།ཞེས་པ་ལྟ་བུ། བོངས་ཚོད་ཆེ་བའམ་ཡུན་རིང་བའི་དོན་ཏེ། སྡོང་རྒན། རྡོ་རྒན་ཞེས་པ་ལྟ་བུ①”ཞེས་གོ་དོན་གཉིས་གསུངས་པ་ལས་དགེ་རྒན་གྱི་གོ་དོན་གཏན་ནས་མེད་ཅིང་རྒན་གྱི་གོ་དོན་ལས་བལྟས་ན“དགེ་རྒན”ལ“རྒན”ཞེས་བརྗོད་ན་གོ་བ་ག་ལ་འགྱུར་རམ། དཔེར་ན་རྒན་བློ་བཟང་ཞེས་བརྗོད་དུས་རྒན་པོ་བློ་བཟང་གི་དོན་ལས་འདས་མེད་པས“དགེ་རྒན་བློ་བཟང”ཞེས་བཙན་གྱིས་འགྲེལ་བ་ནི་སྣ་འཐེན་རུང་ཁ་ནང་དུ་སླེབས་དཀའ་བའི་དཔེའོ། །
ལྷག་པར་རྒྱ་ཡིག་དགེ་རྒན་ལ“རྒྱ་རྒན”དང་། བོད་ཡིག་དགེ་རྒན་ལ“བོད་རྒན”དབྱིན་ཇིའི་དགེ་རྒན་ལ“དབྱིན་རྒན” གྲྭ་བའི་དགེ་རྒན་ལ“གྲྭ་རྒན”ཞེས་བྲིས་ན་གོ་བ་ལོག་པའི་ཉེན་ཁ་ཤིན་ཏུ་ཆེ་ལ་སྡིགས་མོའི་ཚིག་ཏུའང་འགྱུར་རོ། །
དེ་བཞིན“དགེ”ཞེས་པ་ལའང་འཇུག་ཚུལ་གསུམ་ལས་དགེ་རྒན་ལ་འཇུག་ཚུལ་མེད་དེ《དག་ཡིག་གསར་བསྒྲིགས》ལས།“དགེ་བཟང་བའམ་ལེགས་པའི་དོན་ཏེ། ཁ་ལས་དགེ་བ། དགེ་ལེགས་ལྟ་བུ②” ཆོས་ལུགས་པའི་བླང་བྱའམ་བསྲུང་བྱའི་མིང་ལ་དགེ་བ་ཟེར། དགའ་བདེའི་སྣང་བའི་མིང་སྟེ། ན་ཟུག་ཞི་བས་དགེ་བ་ཐོབ་ལྟ་བུ་འབྱུང་ལ ། དེ་ལས་བསམ་ན“དགེ་རྒན”ལ“དགེ”ཞེས་བྲིས་ཆོག་མིན་ཁ་གསལ་མིག་མཐོང་གི་དཔེ་ལྟར་མངོན་གསལ་དུ་མཐོང་འོང་ངོ་། །
འོ་ན། ནོར་འཁྲུལ་འདི་རིགས་ཇི་ལྟར་བྱུང་བ་ཡིན་ནམ། དེ་ནི་མཁས་དབང་དམུ་དགེ་བསམ་གཏན་གྱིས“ཚིག་སྡུད་བྱེད་ཚེ་མིང་གི་ཆ་ཤས་ཀྱི་གཙོ་ཕལ་ཤེས་དགོས་ཏེ། དེ་མ་ཤེས་ན་ཚིག་སྡུད་ལ་སྐྱོན་འབྱུང③”ཞེས་གསུངས་པ་ལྟར། ཚིག་སྡུད་མ་ཤེས་པའི་རྐྱེན་གྱིས་ཡིན་ཏེ། སྤྱིར་མིང་ལ་མིང་གི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་ཡོད་པའི་རིགས་དང་གཙོ་ཕལ་མེད་པའི་རིགས་གཉིས་ཡོད་ལ ། སྔ་མ་ལའང་ཆ་ཤས་སྔ་མ་གཙོ་བ་དང་ཕྱི་མ་གཙོ་བ་གཉིས་ཡོད་ལ་ཕྱི་མ་ལའང་ཆ་ཤས་སྔ་ཕྱི་གཉིས་ཀ་ལ་མིང་གི་དོན་ཡོད་པའི་རིགས་དང་། ཆ་ཤས་གཉིས་ཚོགས་མ་གཏོགས་རེ་རེས་མིང་གི་དོན་དེ་སྟོན་མི་ཐུབ་པའི་རིགས་གཉིས་ཡོད། དེ་ལས་བལྟས་ན“དགེ་རྒན”ཞེས་པ་བསྡུས་ནས“དགེ”ཞེས་འབྲི་བ་ནི་ཆ་ཤས་སྔ་མ་གཙོ་བོར་བཟུང་བ་ཡིན་ལ“རྒན”ཞེས་འབྲི་བ་ནི་ཆ་ཤས་ཕྱི་མ་གཙོ་བོར་བཟུང་བ་ཡིན། གཉིས་ཀས་ཆ་ཤས་སྔ་ཕྱི་གཉིས་ཀ་གཙོ་ཕལ་མེད་ཀྱང་ཆ་ཤས་གཉིས་ཚོགས་མ་གཏོགས་རེ་རེས་དོན་སྟོན་མི་ཐུབ་པས་གནད་དེར་འདང་རྒྱག་མ་ཐུབ་པས་སྐྱོན་དེ་བྱུང་བ་ཡིན། དེ་ཡང་གསལ་བར་བཤད་ན་ཚིག་གི་ཆ་ཤས་སྔ་མ་གཙོ་བོ་ནི་ཉི་མ་དང་། ཟླ་བ། བུམ་པ། ཁང་བ། རིག་གནས་ལྟ་བུ་ཡིན་ཏེ་དེ་དག་སྡུད་ཚེ་སྔ་མ་བཞག་ནས་ཕྱི་མ་དགོས་པ་ཡིན་ཏེ་ཉི་འོད། ཟླ་ཟེར། གསེར་བུམ། གསེར་ཁང་། ཚན་རིག་ལྟ་བུ་དང་། ཕྱི་མ་གཙོ་བ་ནི་ཆབ་སྲིད། དཔལ་འབྱོར། བསིལ་གདུགས། རྒྱ་མཚོ་ལྟ་བུ་སྟེ། དེ་དག་སྡུད་ཚེ་སྲིད་གཞུང་དང་། འབྱོར་ལྡན། གདུགས་མཆོག འོ་མཚོ་ལྟ་བུ་ཡིན། འདི་དག་གི་གཙོ་ཕལ་ནི་མིང་གི་ཆ་ཤས་དེས་མིང་དེ་དོན་བསྟན་ཐུབ་མིན་གྱིས་ཡིན་ཏེ་དཔེར་ན་ཆ་ཤས་སྔ་མ་གཙོ་བོའི་ཉི་མ་ཞེས་བསྡུས་པའི་ཉི་ཟེར་ཞེས་པའི་ཉི་དེས་ཉི་མ་བསྟན་ཐུབ་ལ་འབྱོར་ལྡན་ཞེས་པའི་འབྱོར་དེས་དཔལ་འབྱོར་ཇི་མ་ཇི་བཞིན་བསྟན་ཐུབ་པས་དེ་བཞིན་བསྡུས་ན་འོས་པ་ལས་དགེ་རྒན་ཞེས་པའི་དགེ་དང་རྒན་གཉིས་ལ་གཙོ་ཕལ་ཅི་ཡང་མེད་ལ་ཡོད་ན“དགེའམ”“རྒན”གང་རུང་གིས་དགེ་རྒན་གྱི་གོ་དོན་བསྟན་དགོས་མོད་དེས་སྟོན་མི་ཐུབ་པས་དགེ་རྒན་བསྡུས་ན“དགེ”འམ“རྒན”ཞེས་འབོད་མི་རུང་བ་གསལ་བོར་ཤེས་སོ། །
གཞན་མིང་གི་ཆ་ཤས་སྔ་ཕྱི་གང་རུང་བསྡུ་བ་ལ་ཆ་ཤས་སྔ་ཕྱི་གཙོ་ཕལ་མེད་ན་ཡང་སྔ་ཕྱི་གཉིས་ཀའི་དོན་གཅིག་སྟོན་པའི་རིགས་ཡིན་ན་གང་བསྡུས་ནའང་མི་ཆོག་པ་མེད་དེ་ཚུལ་ཁྲིམས་ཞེས་པ་ལྟ་བུ་བསྡུས་ནས་ཚུལ་ལྡན་ཞེས་པའམ་ཡང་ན་ཁྲིམས་ལྡན་ཞེས་གང་སྦྱར་ན་ཆོག་མོད་དགེ་རྒན་ཞེས་པའི་མིང་སྔ་ཕྱི་གཉིས་ཀ་རེ་རེས་ནས་དགེ་རྒན་ཞེས་པའི་དོན་གཏན་ནས་མི་སྟོན་པས“དགེ”ཞེས་པའམ“རྒན”ཞེས་བསྡུས་གཏན་ནས་མི་རུང་། དེ་བས་དགེ་རྒན་ཞེས་པ་བསྡུས་ན“དགེ་ག་གེ་མོ”འམ“རྒན་ག་གེ་མོ”ཞེས་འབྲི་བ་ནི་ཚིག་སྡུད་མ་ཤེས་པའི་སྐྱོན་ཆེན་པོ་ཞིག་ཡིན་པས་ང་ཚོས་ཚིག་སྡུད་དུས་ངེས་པར་མིང་གི་ཆ་ཤས་ལ་གཙོ་ཕལ་ཡོད་མེད་དང་། མེད་ན་མིང་དེ་གོ་ཐུབ་པའི་ཆ་ཤས་ཡིན་མིན་ལ་བསམ་གཞིག་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ། ང་ཚོ་ཚང་མས་ཤེས་གསལ་བཞིན་དགེ་རྒན་ཞེས་པའི་མིང་འདི་ནི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་མེད་པའི་རིགས་ཡིན་ཏེ་ཆ་ཤས་དེ་གཉིས་ཚོགས་ཀྱིས་མིང་དེ་གྲུབ་པར་སྟོན་པ་ལས་རེ་རེ་ནས་སྟོན་མི་ཐུབ་པས་ཆ་ཤས་གཉིས་ཀ་གཅིག་ཏུ་བསྡུ་དགོས་པའི་རིགས་ཡིན་ཏེ། དཔེར་ན། སྒོ་ང་། ཤེས་རབ། བྱི་རུ། རྒྱ་མཚོ། ཚུ་རོལ། ཕ་རོལ། ལྟ་བུ་ཡིན་ཏེ། དེ་དག་བསྡུས་ན་བྱ་སྒོང་། ཤེར་བསྟན། གཡུ་བྱིར། བསྟན་རྒྱམ། ཚུར་ཤོག ཕར་སོངས་ཞེས་བསྡུ་དགོས་པ་ལས་བྱ་སྒོ་དང་། ཤེས་ཕྱིན། བསྟན་རྒྱ། ཚུ་ཤོག ཕ་སོངས་ཞེས་གཏན་ནས་བསྡུ་མི་རུང་བ་བཞིན་ནོ། །
དེའི་ཕྱིར། དགེ་རྒན་ཞེས་པའི་མིང་འདི་ཚིག་སྡུད་བྱེད་ཚུལ་ཡང་སྒོ་ང་སོགས་དང་འདྲ་བར་ཆ་ཤས་སྔ་མ“དགེ”ཞེས་པ་དང་ཕྱི་མ“རྒན”ཞེས་པ་གཉིས་གཅིག་ཏུ་བསྡུ་དགོས་ཤིང་། དེ་སྡུད་ན་དགེ་རང་སར་བཞག་པར་ཚིག་སྡུད་ཀྱི་དབང་གིས་རྒན་ནུས་མེད་དུ་སོང་བས་ནའི་རྗེས་འཇུག་གསལ་དུ་ཐོན་པར་དགེ་དང་འབྲེལ་བས“དགེན”དུ་གྱུར་པ་ཡིན་པས། “དགེན”ཞེས་པ་འདི་དགེ་རྒན་གྱི་ཚིག་སྡུད་དུ་འགྲོ་བ་འདི་རིག་པའི་གཞུང་ལུགས་ཀྱི་སྟེང་ནས་ར་སྤྲོད་འབྱུང་ལ་ལྷ་སའི་སྐད་ཀྱི་དགེ་རྒན་གྱི་ཚིག་བསྡུས་པ་ཡང“དགེན”ཡིན་པ་ལས“རྒན”མིན་ལ་དགའ་ལྡན་བྱང་རྩེའི་བློ་རིག་པར་བྱང་དུ།“དགའ་བྱང་དགེན་བློ་བཟང་བཀྲ་ཤིས། དགེན་བློ་བཟང་རྒྱ་མཚོ། དགེན་བློ་བཟང་། ”④ཞེས་བྲིས་ཡོད། དེ་བས “རྒན”ཞེས་བྲིས་པ་ནི“དགེན”དང་སྒྲ་གདངས་འདྲ་བའི་དབང་གིས་ནོར་བ་རྒྱུན་འབྱམས་སུ་སོང་བ་ལས་ཚིག་སྡུད་ཀྱི་གཞུང་ལུགས་དང་འགལ་བའི་སྣང་ཚུལ་འདི་ བྱུང་བ་རེད། ལ་ལས་ཁྱོད་ཀྱིས་དགེན་ཞེས་བསྡུས་པ་ནི་དབུ་མེད་ཀྱི་སྐུང་ཡིག་ལ་ནོར་བ་སྟེ་དབུ་མེད་ཀྱི་སྐུང་ཡིག་ལ་དགེན་ཞེས་འབྲི་བས་སོ་ཟེར་ན་དེ་ནི་ཚིག་སྡུད་ལ་བློ་ཁ་མ་ཕྱོགས་པའི་གཏམ་ཡིན་ཏེ་དབུ་མེད་ཀྱི་སྐུང་ཡིག་ལ་དེ་ལྟར་འབྲི་བས་ཚིག་སྡུད་ལ་མི་རུང་ན་ཤེར་བསྟན། གཡུ་བྱིར། བསྟན་རྒྱམ། ཚུར་ཤོག ཕར་སོངས་སོགས་ཀྱང་མི་རུང་བར་འགྱུར་ཏེ་དབུ་མེད་ཀྱི་སྐུང་ཡིག་ལ་དེ་ལྟར་འབྲི་བས་སོ། །དེ་བས་བདག་གིས་བཤད་འདོད་པ་ནི་ཚིག་སྡུད་དང་དབུ་མེད་ཀྱི་སྐུང་ཡིག་ལ་རིགས་པ་ཕྱོགས་འདྲ་བ་མང་བས་ཆེད་དུ་བསམ་པར་རིགས་སོ། །
“དགེན”ཞེས་པ་འདི་མང་བོ་ཞིག་གི་མིག་ལམ་དུ་ལོབ་དཀའ་ན་ཡང་དེ་ནི་ང་ཚོས་རྒྱུན་དུ་གོམས་འདྲིས་མེད་པ་ཙམ་ལས་ལུང་རིགས་ཀྱི་དཔུང་བས་བདེན་པ་ར་འཕྲོད་འབྱུང་བ་ཞིག་ཡིན་ཞིང་། དེ་བས་བརྡ་སྤྲོད་སྨྲ་བ་མི་ཉག་བུ་ཕྲུག་གི་ཕྱག་རྩོམ་དུ།“ དགེན་འཇམ་རྡོར⑤”སོགས་བྲིས་པ་ནི་ཚིག་སྡུད་ལ་ནང་བྱན་ཆུད་པའི་རྟགས་ཡིན་ནོ། །དེ་བས་ཁམས་ཕྱོགས་ཀྱི་བརྡ་སྤྲོད་མཁས་པས་ཀྱང་དགེན་འདི་དགེ་རྒན་གྱི་བསྡུས་མིང་དུ་དགོངས་པ་མངོན་པར་གསལ། གནད་འདི་ཤེས་ན་ཆོས་ཀྱི་དགེ་རྒན་ལ“ཆོས་དགེ”དང་། “རིག་གནས་དགེ་རྒན་ལ“རིག་རྒན”“དགེ་རྒན་ཆེན་མོ་ལ“དགེ་ཆེན” ཞེས་འདྲི་མི་འོས་པའི་གནས་ལུགས་དེ་ཤེས་འོང་ལ། རིམ་བཞིན“ཆོས་དགེན”“ རིག་དགེན”“དགེན་གཞོན”ཞེས་བསྡུ་དགོས་པའི་ཚུལ་དེ་གསལ་ཐག་ཆོད་པ་ཡིན་ནོ། །
གོང་དུ་བརྗོད་པ་ནི“དགེ་རྒན”ཞེས་པའི་ཚིག་སྡུད་བྱེད་ཚུལ་ཡིན་ནའང་འདི་ལས་ཚིག་སྡུད་ཀྱི་གནད་ཁ་ཤས་ལ་འགྲེལ་བཤད་དང་དབྱེ་ཞིབ་ཅུང་གསལ་བོ་བྱས་ཡོད་ཅིང་འདི་ལ་བརྟེན་ནས་མིང་གི་སྡུད་ཚུལ་དག་ཆིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་བཤད་ཁུལ་བྱས་པ་འདི་ལ་ནོངས་པ་ཅི་མཆིས་ཤེས་ལྡན་དག་གི་སྤྱན་སྔར་འཆགས་སོ། །
མཆན།
①བསམ་གཏན་སོགས། 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤ 153
②བསམ་གཏན་སོགས། 《དག་ཡིག་གསར་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤ 135
③དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན 》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ 79
④དགའ་ལྡན་བྱང་རྩེའི་བློ་རིག་པར་མའི་དཔར་བྱང་དུ་གསལ།
⑤མི་ཉག་བུ་ཕྲུག་གི་གསུང་རྩོམ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔར་སྐྲུན་ཁང་། ཤ 338
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།