དཔལ་ས་སྐྱའི་ལྷ་ཁང་མཁན་ཆེན་ཁྲི་རབས་ཞེ་བདུན་པ་བྱམས་པ་མཐུ་སྟོབས་སེངྒེའི་ངང་ཚུལ་ཅུང་ཟད་བརྗོད་པ་སྲིད་གསུམ་ཞིང་དུ་སྙན་པའི་སྒྲ་དབྱངས།
རྩོམ་པ་པོ། གསང་ཕུ་ཀུན་དགའ།
རབ་མཛེས་ཡིད་འོངས་མུ་ཏིག་དཀར་པོའི་ཞལ། །
བརྩེ་བས་འགྲོ་ལ་རྗེས་ཆགས་ཟུར་མིག་གཡོ། །
འཇམ་མཉེན་ཕྱག་གི་པི་ཝང་ཆོས་སྒྲ་འབྱིན། །
མཚོ་བྱུང་དབང་མོས་ངག་རིག་སྒོ་བརྒྱ་དབྱེ། །
དེ་ལྟར་སྡེབ་ལེགས་སྙན་པའི་སྦྱོར་བ་ཡི། །
བསྟོད་ཚིག་ཅོ་གའི་དབྱངས་ཀྱིས་མདུན་བསུས་ཏེ། །
འདི་ན་མཁས་ཤིང་མཁས་པའི་མཆོག་གྱུར་པའི།
སྐྱེས་བུ་ཞིག་གི་ངང་ཚུལ་བརྗོད་པར་སྤྲོ། །
ས་ཆེན་མཁས་པ་འཇམ་དབྱངས་བདུན་བརྒྱུད་གཙོས། །
སྔོན་བྱོན་དམ་པའི་རྣམ་ཐར་ལྷུར་ལེན་པར། །
མཐུ་སྟོབས་ནུས་པའི་དབང་ཕྱུག་སེང་གེའི་མཚན། །
བསམ་བཞིན་ཞིང་འདིའི་ཆེད་དུ་བྱོན་པ་བཞིན། །
ལྷན་སྐྱེས་བཞིན་རས་ཉ་གང་ཟླ་བའི་དཔལ། །
མཐོན་མཐིང་སྨིན་མ་པིར་གྱིས་བྲིས་པ་བཞིན། །
དཀར་ནག་མ་འདྲེས་མཛེས་པའི་སྤྱན་མིག་ཟུང་། །
དུས་ཀུན་འགྲོ་བའི་དོན་དུ་ཟུམ་པ་མེད། །
ཚེམས་དཀར་མུ་ཏིག་ཕྲེང་བ་བསྒྲིགས་པ་ཡི། །
ཁྱོད་ཞལ་ཨུད་པལ་དམར་པོས་མཚན་པའི་སྒོར། །
སྲབ་མཉེན་ལྗགས་ལེགས་གཡོ་བའི་འཕྲུལ་འཁོར་གྱིས། །
ལེགས་བཤད་འཆད་རྩོད་དབྱངས་སྙན་བར་མེད་བསྒྲོགས། །
ཁྱོད་ཀྱི་ཕྱག་ཞབས་དཀར་ལ་རྒྱས་པ་དང་། །
ལུས་ཀྱི་སྟོད་སྨད་དྲང་ཞིང་མཛེས་པ་སོགས། །
ལྷན་སྐྱེས་དག་པའི་རྒྱན་གྱིས་མཛེས་པའི་སྐུ། །
སྐྱེ་དགུའི་མིག་ན་འཆར་བའི་སྟོན་པ་དངོས། །
མཛེས་པའི་ཞི་ཞལ་བལྟས་པས་ངོམས་པར་མེད། །
ལེགས་བཤད་འཆད་པའི་དབྱངས་ལ་ཚིམས་དུ་མེད། །
དད་དང་དགའ་བ་ལྷན་ཅིག་སྐྱེ་བྱེད་པ། །
འགྲོ་བའི་ས་མཁན་ཁྱོད་ཉིད་མིན་ལས་སུ། །
ཁྱོད་ནི་ཆུང་ཆུང་བྱིས་པའི་གནས་སྐབས་ནས། །
ལྷན་སྐྱེས་བྱམས་བརྩེས་སེམས་པའི་རྒྱུད་རབ་བརླན། །
དད་བརྩོན་ཟུང་གི་སྦྱོར་བ་ཀུན་ལས་ལྷག །
ལེགས་ཉེས་འབྱེད་པའི་བློ་གྲོས་གཞན་ལས་མྱུར། །
རྣམ་དག་འདུལ་བའི་བསླབ་པ་རིན་པོ་ཆེ། །
བཅུ་གསུམ་གཞོན་པའི་སྐབས་སུ་བླངས་པ་ནས། །
ཉེས་ལྟུང་དྲི་མའི་རྡུལ་ཚོགས་རིང་དུ་སྤངས། །
ཚངས་སྤྱོད་ཚུལ་ཁྲིམས་གཙང་མས་ཐུགས་རྒྱུད་ཕྱུག །
དེ་ནས་ཐུན་མོང་ཤེས་བྱའི་གནས་ཀུན་དང་། །
མདོ་སྔགས་རྒྱུན་ཁྱེར་ཞལ་འདོན་རིམ་པ་སོཊ། །
མ་ལུས་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་ཏེ། །
འདུས་པའི་ཚོགས་ཀྱི་སྐྱོར་དཔོན་ལེགས་པར་གནང་། །
དེ་རྗེས་ལམ་འབྲས་ཆ་ལག་བཅས་གསན་པས། །
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ། །
བགྲོད་པའི་རྣམ་དཔྱོད་བློ་གྲོས་ཆེར་རྒྱས་སྟབས། །
གནས་དེར་འདུན་པ་རྩེ་གཅིག་ཕྱོགས་པར་གྱུར། །
དེའི་ཚེ་མདོ་སྔགས་རིག་པའི་འབྱུང་གནས་ཆེ། །
རྫོང་སར་ལེགས་བཤད་ཆོས་གྲྭར་ཐོག་མ་ཕེབས། །
སྡེ་སྣོད་གསུམ་དང་འཕགས་བོད་གཞུང་སོགས་ལ། །
ཉིན་མཚན་བརྩོན་པའི་ངལ་བ་དང་དུ་བླངས། །
རྣམ་དཔྱོད་རྐྱང་ཤེས་ཤུགས་དང་ལྡན་པ་ལ།
བརྩོན་པའི་ལྕགས་ཀྱིས་ཡང་ཡང་བསྐུལ་བྱས་ཏེ། །
གནས་དེར་བགྲང་བྱ་གསུམ་ཙམ་སོང་བ་ནས། །
ཁྱོད་ཉིད་སློབ་དཔོན་ཞེས་པའི་སྙན་པ་འབར། །
རིས་མེད་ཆོས་ཀྱི་བཤད་གྲྭ་ཆེར་དག་ནས། །
སྣ་ཚོགས་ཤེས་བྱའི་འོ་ཆུ་མངར་མོ་ཀུན། །
གསར་མྱུར་ཟབ་པའི་མཁྱེན་པས་ཧུབ་ཀྱིས་བཞེས། །
མདོ་སྔགས་རིག་གཞུང་རྒྱ་མཚོའི་ཕ་མཐར་ཕྱིན། །
དེ་ནས་དཔལ་ལྡན་ས་སྐྱའི་གདན་ས་ཆེར། །
གཙུག་ལག་བཤད་གྲྭའི་མཁན་ཁྲི་མཐོན་པོར་ཕེབས། །
ཡུལ་དུས་འགྱུར་བའི་ཆོས་ཉིད་གཟིགས་པ་བཞིན། །
བསྟན་འགྲོར་ཕན་པའི་ཕྱག་ལེན་ལེགས་པར་གནང་། །
གདུལ་བྱའི་བློ་གྲོས་གསར་པའི་རིན་ཆེན་སྣོད། །
མདོ་སྔགས་གཞུང་བརྒྱའི་ནོར་གྱིས་ཕྱུར་བུར་བཀང་། །
གཙུག་ལག་རྟེན་དང་བརྟེན་པ་བཅས་པའི་ནོར། །
ས་གསུམ་རྒྱན་དུ་འོས་པ་ཁྱོད་ཀྱིས་བཞེངས། །
པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེར། །
སློབ་སྤྱིའི་ཚོགས་གཞོན་གསར་པའི་འགན་བཞེས་གནང་། །
གསར་རྙིན་བོན་བཅས་རིས་མེད་བཤེས་གཉེན་དག །
མདུན་བསྐྱོད་བླང་དོར་གསལ་བའི་ལམ་བཟང་བསྟན། །
སྟོན་མཆོག་ཐུགས་ཀྱི་བཞེད་པ་གཅིག་པའི་ལུགས། །
རྒྱ་བོད་ནང་བསྟན་མཁས་མང་ཚོགས་པའི་དབུས། །
ཐུགས་བརྩེས་བཀའ་སློབ་གྲོས་གཞི་གནང་བ་སོགས། །
ཐུབ་བསྟན་ཆུ་གཏེར་འཕེལ་བའི་མཐུན་ལམ་སྤེལ། །
བསླབ་གསུམ་ཉམས་ལེན་རང་དོན་ཉམས་རྟོགས་འཕེལ། །
འཆད་རྩོད་རྩོམ་པས་གཞན་དོན་ལྷུན་གྱིས་གྲུབ། །
རང་གཞན་དོན་གཉིས་ངང་གིས་འབྱོར་གྱུར་པ། །
ལེགས་བྱས་ས་ཆེན་གཙུག་ན་མངོན་པར་མཐོ། །
ཐུན་མོང་མཛད་དཀར་ལྦུ་བ་དཀར་པོ་ཡིས། །
སྐྱེ་དགུའི་ཡིད་ཀྱི་རེ་བའི་ས་བོན་གསོས། །
ཐུན་མིན་རིམ་གཉིས་སྒོམ་པའི་རྣལ་འབྱོར་གྱིས། །
ལྷན་སྐྱེས་སེམས་ཀྱི་ཉམས་རྟོགས་གོང་དུ་སྤེལ། །
དེ་ལྟར་ཡོན་ཏན་བྱེ་བའི་ཆ་ཤས་ཙམ། །
དྭངས་བས་བརྗོད་པའི་རྣམ་དཀར་ས་བོན་གྱིས། །
ཁྱོད་སྐུ་པད་མོ་ཡུན་དུ་བརྟན་པ་དང་། །
མཛད་བཟང་ཡར་ཟླའི་དཔལ་ལ་འགྲན་པར་སྨོན། །
Leave a Reply