བོད་མིས་འཛམ་གླིང་ལ་བཞག་པའི་བྱས་རྗེས་ཆེན་པོ་བདུན།

བོད་མིས་འཛམ་གླིང་ལ་བཞག་པའི་བྱས་རྗེས་ཆེན་པོ་བདུན།

གཅིག ༼བཀའ་བསྟན་འགྱུར་༽གྱིས་གཙོ་བྱས་པའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་གཞུང་མང་པོ་བསྡུ་ཉར་བྱས་པ་ཆེས་མང་པའི་མི་རིགས་ཤིག་སྟེ། དུས་རབས་བདུན་པ་ནས་བཟུང་། ལོ་ངོ་བརྒྱ་ཕྲག་ལྷག་རིང་སངས་རྒྱས་ཀྱི་བཀའ་བསྟན་མང་པོ་བོད་ཡིག་ཏུ་བསྒྱུར་ནས་དེར་ཞིབ་འཇུག་དང་སློབ་སྦྱོང་ཡག་པོ་བྱས་ཏེ་ནང་བསྟན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་བྱས་རྗེས་རླབས་པོ་ཆེ་བཞག

གཉིས། བོད་ཀྱི་ ༼གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽ནི་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་ཤོས་དེར་གྱུར་ཞིང་། དེ་ནི་བོད་ཀྱི་རིག་གནས་ཀུན་གསལ་མེ་ལོང་ལྟ་བུར་བགྲང་ཆོག་ལ། དེར་གནའ་བོའི་གདོད་མའི་སྤྱི་ཚོགས་ནས་ད་ལྟའི་བར་གྱི་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས། དཔལ་འབྱོར་སོགས་ཕྱོགས་སོ་སོའི་ཆ་འདུས་ཡོད།

གསུམ། བོད་ནི་འཛམ་གླིང་ལས་བོན་ཆོས་རིག་གནས་ཆ་ཚང་བདག་སྐྱོང་བྱེད་མཁན་དེར་གྱུར་ཡོད། བོན་པོའི་ཆོ་ག་དང་ཕྱག་ལེན། བསམ་བློ་དང་འདུ་ཤེས། ད་དུང་བོན་གྱི་ལོ་རྒྱུས་སོགས་ཅུང་ཆ་ཚང་བ་ཞིག་རྒྱུད་འཛིན་བྱེད་ཐུབ་པ་བྱུང་ཡོད་པས། འཛམ་གླིང་གི་བོན་ཆོས་རིག་གནས་ཀྱི་ལྟེ་བར་གྱུར་ཡོད།

བཞི། བོད་མི་རིགས་ནི་འཛམ་གླིང་སྟེང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དར་སྤེལ་དང་འཛིན་སྐྱོང་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པ་སྟེ། དཔེར་ན། འདུལ་ཁྲིམས་ཡོངས་སུ་བསྲུངས་པའི་དགེ་འདུན་པའི་སྡེ་ཡོད་པ་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྤྲུལ་སྐུའི་ལམ་ལུགས་ཡོད་པ། ཆོས་ལ་སློབ་སྦྱོང་བྱེད་པའི་གོ་རིམ་ཆ་ཚང་ཡོད་པ་སོགས་རང་གི་ཁྱད་ཆོས་དུ་མ་ལྡན་པས། གདོད་མའི་ཆོས་ལུགས་དང་བོན་ཆོས། སངས་རྒྱས་ཆོས་ལུགས་སོགས་ཀྱིས་བོད་མིའི་ཐུན་མོང་མིན་པའི་རིག་གནས་འདི་གྲུབ་ཡོད། དེ་བས་བོད་ཀྱི་རིག་གནས་སྙིང་སྟོབས་ཁྲོད་ལྷག་བསམ་དང་སྙིང་རྗེ། གཞན་ཕན་སོགས་ཀྱི་འདུ་ཤེས་མང་པོ་ལྡན་པས། འཛམ་གླིང་སྟེང་གི་མི་རིགས་སོ་སོར་མིག་དཔེ་ཡག་པོ་བཞག

ལྔ། བོད་ཀྱི་ས་བབ་མཐོ་བའི་གསོ་རིག་གསར་དུ་བཏོད་ཡོད་ཅིང་། ཐུན་མོང་མིན་པའི་བོད་ཀྱི་གསོ་བ་རིག་པའི་ཁྲོད་དུ་སྔོན་བྱོན་མི་རིགས་སོ་སོའི་གསོ་བ་རིག་པའི་ཉིང་བཅུད་དང་ཤེས་བྱ་མི་ཉུང་པ་འདུས་ཡོད་པས་འཛམ་གླིང་གི་གསོ་རིག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

དྲུག རྩ་རླུང་སོགས་རླུང་གི་སྦྱོར་བའི་རིག་གནས་མ་ཉམས་གོང་སྤེལ་བྱས་ཡོད་པས་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་དང་རླུང་སྦྱོར་རིག་གནས་དར་སྤེལ་གཏོང་བར་རང་གི་བྱས་རྗེས་བཞག

བདུན། བོད་མི་རིགས་ནི་མདོ་དབུས་མཐོ་སྒང་ན་འཚོ་བ་རོལ་བཞིན་ཡོད་པས། ས་བབ་མཐོ་བའི་ས་གནས་སུ་འཚོ་བ་རོལ་ཐབས་དང་། ཐོན་སྐྱེད་བྱེད་ཐབས་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད།

རྩོམ་སྒྲིག་པ། གངས་གཤོག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*