མི་མ་ཡིན་ལ་བྱམས་པ་དང་སྙིང་རྗེ་བསྒོམ་དགོས།
བཀའ་སློབ་གནང་མཁན། ༸རྗེ་ལམ་འབྲས་པ་འཇམ་དབྱངས་སེངྒེ།
དེ་ཡང་། ཀླུ་དང་། གཞི་བདག་ས་བདག་བཅས་ལ་བསང་དང་ཀླུ་གཏོར། དབང་ཆེན་འཁྲུགས་བཅོས། གཞན་རྣམས་ལ་ཡང་སོ་སོའི་མཆོད་ཐབས་ལྟར་འབུལ་དགོས་ཏེ། སྤྱིར་སེམས་ཅན་ཐམས་ཅད་ཕ་མ་མ་བྱས་པ་མེད་ལ། ཁྱད་པར་འདྲེ་དང་། རྒྱལ་པོ་བཙན་དང་། ཐེའུ་རང་འདི་རྣམས་རང་གི་ཨ་ཕྱི་དང་། ཨ་མྱེ། ཁང་བདག་དང་། ཞིང་བདག་སོགས་སེར་སྣའི་དབང་གིས་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་ལུས་སུ་གྱུར་ནས་ང་རང་ཚོའི་གནས་སུ་འོང་ཞིང་། དེ་དག་ལ་གནོད་སེམས་མེད་ཀྱང་ལས་ངན་པའི་དབང་གིས་མི་ལ་ན་ཚ་དང་། ཕྱུགས་ལ་གོད་ཁ་སོགས་མི་འདོད་པ་སྣ་ཚོགས་པ་ཞིག་ངང་གི་འབྱུང་བ་ཡིན་པས། སྙིང་རྗེས་ཀུན་ནས་བསླངས་ཏེ་གསུར་དང་། གཏོར་མ་སོགས་སྦྱིན་དགོས། དེ་ལས་གཞན་ཞེ་སྡང་གིས་ཐུན་རྫས་ཀྱིས་བྲབ་པ་དང་། སྦྱིན་སྲེག་གི་མེ་ལ་བསྲེག་པ་དང་། ས་འོག་ཏུ་གནས་པ་དང་། ཕུར་བུས་བརྡེག་པ་སོགས་བྱེད་མི་ཉན་ལ། དོན་གྱི་ངོས་ནས་བཤད་ན། རང་གི་ཞེ་སྡང་གི་རང་གཟུགས་ཕོ་གདོན་རྒྱལ་པོ་ལྟ་བུ་དང་། འདོད་ཆགས་ཀྱི་རང་གཟུགས་མོ་གདོན་འདྲེ་མོ་ལྟ་བུ་དང་། གཏི་མུག་གི་རང་གཟུགས་ཀླུ་གདོན་ཐེའུ་རང་ལྟ་བུ་འདི་རྣམས་ཆགས་སྡང་རྨོངས་གསུམ་གྱི་རང་གཟུགས་ཡིན་པས་ཆགས་སྡང་སོགས་མེད་ན། གཟུགས་མེད་པའི་གྲིབ་མ་བཞིན་འོང་དོན་མེད། དེས་ན་མནན་བསྲེག་སོགས་བྱེད་དགོས་དོན་མི་འདུག གཟུགས་ཡོད་བཞིན་དུ་གྲིབ་མ་ལ་གྲི་དང་། སྟྭ་རེ་བརྒྱབ་ནས་བཅད་གཏུབ་ག་ཚོད་བྱས་ཀྱང་ཆོས་པའི་དུས་མེད། ད་ནི་རང་གཟུགས་ལ་བདག་འཛིན་དང་བདེན་འཛིན་སྤང་རྒྱུ་མ་གཏོགས་ཐབས་གཞན་གང་ཡང་རྙེད་ཀྱི་མི་འདུག་པས། བདག་འཛིན་སྤང་བའི་ཐབས་ལ་འབད་དགོས། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱིས་རྩིས་ཟིན་ཞིང་རྒྱས་བཏབ་པའི་མནན་བསྲེག་སོགས་བྱས་ན། བསྒྲལ་བྱ་དེའང་ལས་ངན་གྱི་སྒྲིབ་པ་བྱང་། ལུས་ངན་གྱི་རྟེན་དང་བྲལ། བསྒྲལ་བ་པོ་ལའང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ཀྱང་། ང་རང་ཚོ་ལ་དེ་འདྲ་འོང་དཀའ་མོ་རེད། བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་བསུར་དང་། གཏོར་མ་སོགས་བྱིན་ན། ཁོ་རང་ཡང་ངོམས་ཤིང་ཚིམས་ནས། གཞན་གྱི་སྲོག་གཅོད་པ་དང་། དབུགས་ལེན་པ། མདངས་འཕྲོག་པ་སོགས་བྱེད་མི་དགོས་པས་རང་གཞན་གཉིས་ཀ་ལ་ཕན་པ་ཡིན། འདི་དག་ལ་ཕར་གནོད་པ་བྱས་ན་ཚུར་གནོད་ལན་བསྐྱལ། ཕར་ཕན་བཏགས་ན་ཚུར་ཡང་ཕན་སེམས་བྱེད་འོང་། ཐ་ན་དུད་འགྲོ་ཁྱི་ལྟ་བུ་ཞིག་ལ་མཚོན་ན་ཡང་ཕར་ཟན་སྦྱིན་པ་སོགས་ཕན་བཏགས་ན་ཚུར་ཡང་འདྲིས་ཡོག་བྱེད། ཕར་རྡོ་དང་དབྱུག་པ་སོགས་ཀྱིས་བརྡེག་ན། ཁྱི་ཕོ་ཞེ་འགྲས་སུ་གྱུར་ནས་ཚུར་ཡང་རྨུག་འོང་པས། སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ཙམ་ལའང་གནོད་མི་སྐྱེལ་བ་ཕན་ཅི་ཐོགས་ཉམས་ལན་གྱི་མཐིལ་བྱེད་དགོས།
རང་རྒྱུད་ཀྱི་ཆགས་སྡང་དགྲ་བོ་ཐུལ་ན་གཞན་དངོས་ཤེས་བཤད་རྒྱུ་དང་། རྡོ་བཅངས་པ། ལྕགས་འདུད་པ་སོགས་ངོ་མཚར་བའི་རྣམ་པ་ཅི་འདྲ་བས་ངོ་མཚར་ཆེ། སངས་རྒྱས་ཀྱིས་ཆོས་གསུང་པ་དང་། རྗེས་འཇུག་རྣམས་ཀྱིས་ཐོས་བསམ་གྱི་སྒོ་ནས་ཉམས་སུ་ལེན་པའི་དགོས་པ་ནི་གདུལ་བྱ་རང་རྒྱུད་ཀྱི་བདག་འཛིན་ཆགས་སྡང་གི་འཁྲུལ་རྟོག་འདི་འདུལ་བའི་ཆེད་དུ་ཡིན་གྱི། མངོན་ཤེས་དང་གྲུབ་རྟགས་ཀྱི་ཆེད་དུ་མ་ཡིན།།
ཅེས་ཕ་བླ་མ་རྡོ་རྗེ་འཆང་༧འཇམ་དབྱངས་སྨྲ་བའི་སེངྒེས་ཇི་ལྟར་གསུང་པ་བཞིན་ཁྲི་ཨ་མཚར་ནས་སྤེལ།
Leave a Reply