དབེན་པའི་གནས་མཆོག

རྩོམ་པ་མོ། མཁན་མོ་ངེས་དོན་སྒྲོལ་མ།

མཐོ་མཐོ་རི་བོས་ཁ་བའི་དབུ་ཞྭ་གསོལ།།
ལྡེམ་ལྡེམ་འཁྲི་ཤིང་ལོ་མའི་ན་བཟའ་ཀླུབ།།
མཛེས་མཛེས་པདྨའི་དྲི་བསུང་ཕྱོགས་སུ་འཐུལ།།
རྒྱང་རིང་བཙུན་མའི་སེམས་པ་དབེན་རིར་འཁོར།།

མཁའ་དབྱིངས་དབུས་ནས་དབྱར་རྔའི་སྒྲ་དབྱངས་སྒྲོག།
ཆུ་འཛིན་ཀློང་ནས་སྦྲང་ཆར་ཟིམ་ཟིམ་འབབ།།
ཁུ་བྱུག་སྔོན་མོའི་གསུང་སྐད་རྣ་བར་འཇེབས།།
དབེན་གནས་བཙུན་མའི་སེམས་ལ་ངལ་སོ་ཐོབ།།

ཡིད་འོང་སྤང་ལྗོངས་གཡུ་ཡི་མཎྜལ་སྟེང་།།
བག་ཕེབས་ཤ་བ་མ་བུས་རྩེ་བྲོ་རྡུང་།།
རྐང་དྲུག་བུང་བའི་དབྱངས་རྟ་མཁའ་ལ་སྤུར།།
ཁེར་རྐྱང་བཙུན་མའི་རྣམ་ཤེས་ཁྱོད་ལ་ཐེམ།།

རྗེ་བཙུན་བླ་མའི་ཞལ་གསུང་སྙིང་ལ་སིམ།།
ཞི་དུལ་དམར་སེར་དགེ་འདུན་མིག་ལ་མཛེས།།
ཉམས་དགའི་ལྔ་རིག་ཆོས་ཀྱི་དགའ་ཚལ་ན།།
ཉམ་ཆུང་མི་ཚེའི་སྙིང་པོ་འདི་ནས་འཚོལ

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*