བཅོམ་ལྡན་འདས་ཀྱི་ཡོན་གནས་ཐོག་མ།
རྒྱལ་པོ་གཟུགས་ཅན་སྙིང་པོས (BIMBISARA) སྔོན་ཚུད་ནས་རང་གི་རྒྱལ་སྲིད་ཀྱི་ཕྱེད་ཀ་དགེ་སྦྱོང་གོ་ཏ་མ་ལ་ཕུལ་ཡོད་ན་ཡང་། དེ་དུས་ཁོང་གིས་སངས་རྒྱས་ཀྱི་གོ་འཕང་འཚོལ་བཞིན་པའི་སྐབས་ཡིན་སྟབས་ཞལ་བཞེས་མ་གནང་། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དྲང་སྲོང་གོ་ཏ་མ་ལ་འདི་ལྟར། འོ་ན་ཁྱེད་ཀྱིས་མ་འོངས་པ་གང་འཚོལ་བཞིན་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ན། ཕྱིར་རྒྱལ་པོའི་ཁབ་ (RAJAGAHA) ཏུ་བྱོན་ནམ་ཁོ་བོ་ལ་དེའི་གདམས་པ་གནང་བར་ཞུ་ཞེས་ཞུ་སྐུལ་ཞུས།
དེ་ལྟར་དགེ་སྦྱོང་གོ་ཏ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་འོག་ཏུ་ཁོང་གིས་དེ་སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། ང་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཕྱིར་རྒྱལ་པོའི་ཁབ་ཏུ་འབྱོན་པར་བྱའོ། །ཞེས་ཞལ་བཞེས་དམ་བཅའ་གནང་བ་དག་ཐུགས་ཀྱིས་མ་བསྙེལ་བར། འཁོར་སློབ་ཚོགས་དུ་མ་དང་བཅས་རྒྱལ་པོའི་ཁབ་ཏུ་ཕེབས་རྒྱུའི་ཐུགས་ཐག་བཅད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་སྙན་གྱི་གྲགས་པ་དཀར་པོ་གྲོང་ཁྱེར་ཡོངས་ལ་ཁྱབ་སྟེ་མཐར་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྙན་གྱི་བུ་ག་རུ་འབྱོར། རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་གྱི་རྒྱ་སྒོ་ན་ཕེབས་འདུག་པ་གསན་པས། ཁོང་གིས་འཁོར་འབངས་གཞི་རྒྱ་ཆེ་བ་ཞིག་ཁྲིད་དེ་སངས་རྒྱས་བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་པ་གདན་འདྲེན་ཞུ་བར་ཕྱིན་ནས། སངས་རྒྱས་བཅོམ་ལྡན་འདས་ལ་དད་གུས་ཀྱིས་བཀུར་སྟི་ཚད་མེད་ཞུས།
དེ་ལྟ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དང་འོད་སྲུང་ཆེན་པོ (KASSAPA) གཉིས་ཆོས་ཀྱི་སློབ་དཔོན་བླ་ན་མེད་པ་རེ་ཡིན་སྟབས། རྒྱལ་པོ་གཟུགས་ཅན་སྙིང་པོའི་འཁོར་འབངས་ཁ་ཤས་ཀྱིས་འོད་སྲུང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚངས་སྤྱོད་དུ་ཞུགས་ཏེ་འཚོ་བ་ཡིན་ནམ། ཡང་ན་དེ་ལས་ལྡོག་སྟེ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཆེན་པོའི་ཚངས་སྤྱོད་དུ་ཞུགས་ཏེ་འཚོ་བ་ཡིན་ཆ་མ་འཚལ་བས། ཁོང་རྣམ་གཉིས་ལས་གུས་བཀུར་ཞུ་སའི་གཙོ་བོ་དེ་སུ་ཡིན་ནམ་སྙམ་ཙ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་ཁོང་ཚོས་བསམ་པ་མཁྱེན་ཏེ་ཉན་ཐོས་ཆེན་པོ་འོད་སྲུང་ལ་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་ཞུགས་འབུལ་ལམ་སྦྱིན་སྲེག་གི་ཆོ་ག་སྤངས་པ་ཡིན། ཞེས་བཀའ་འདྲི་གནང་བར། ཉན་ཐོས་ཆེན་པོ་འོད་སྲུང་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་འདྲི་དེ་ཡི་རྒྱབ་ལྗོངས་རྣམས་མཁྱེན་ཏེ་ན་རེ། མགོན་པོ་ལགས། ངས་སྙིང་པོ་མེད་པའི་འདོད་ཡོན་གྱི་ཆོ་ག་ལ་ལོངས་སུ་སྤྱོད་པ་ལས་བྱང་གྲོལ་གྱི་ཐར་པའི་གོ་འཕང་དོན་དུ་གཉེར་བ་ལ་ཡིད་སྤྲོ་བ་ལགས། ཞེས་ཞུས་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་པད་མོ་ལ་མགོ་བོས་གཏུགས་ཏེ་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ནི་ངའི་སྟོན་པའོ། །ང་ནི་ཁོང་གི་ཉན་ཐོས་སོ་ཞེས་གསུངས་པས། དད་ལྡན་སྐྱེ་བོའི་ཚོགས་ཀྱིས་འོད་སྲུང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སུ་གྱུར་པའི་གནས་ཚུལ་ཤེས་ནས་དགའ་ཞིང་མགུ་བར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེར་ཡོད་སྐྱེ་བོའི་ཚོགས་ལ་གསུང་ཆོས་ཀྱི་གདམས་པ་གནང་བས། རྒྱལ་པོ་གཟུགས་ཅན་སྙིང་པོས་འཕགས་ལམ་གྱི་ཐོག་མ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཤིང་། རིམ་བཞིན་བསྟན་པའི་གནད་ཡོངས་སུ་རྫོགས་པ་རྟོགས་རྗེས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་ལྟར། ཀྱེ། ཡབ་རྗེ་དམ་པ་ལགས། དེ་སྔོན་རང་ཉིད་རྒྱལ་སྲས་ཡིན་སྐབས་ང་ལ་སྨོན་པའི་གཞི་མི་འདྲ་བ་ལྔ་མཆིས་ནའང་། ད་ལྟའི་ཆར་དེ་རྣམས་ལེགས་པར་གྲུབ།
དེས་ན་ངའི་སྨོན་པའི་གཞི་དང་པོ་ནི། མངའ་འབངས་ལ་དབང་བསྒྱུར་ཏེ་རྒྱལ་སྲིད་སྐྱོང་རྒྱུ། སྨོན་པའི་གཞི་གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཁོ་བོའི་རྒྱལ་ཕྲན་དུ་གདན་འདྲེན་ཞུ་རྒྱུ། སྨོན་པའི་གཞི་གསུམ་པ་ནི། རང་ཉིད་སངས་རྒྱས་བཅོམ་ལྡན་འདས་དང་འགྲོགས་འདྲིས་བྱེད་རྒྱུ། སྨོན་པའི་གཞི་བཞི་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡོངས་རྫོགས་ང་ལ་གསུང་རྒྱུ། སྨོན་པའི་གཞི་ལྔ་བ་ནི། ངས་སངས་རྒྱས་ཀྱི་བསྟན་པའི་གནད་ཡོངས་རྫོགས་རྟོགས་ཐུབ་རྒྱུ་བཅས་ཡིན་ནའང་། ད་ལྟའི་ཆར་སྨོན་པའི་གཞི་ལྔ་བོ་ལེགས་པར་གྲུབ་པ་ལགས་ཞེས་ཞུས་སོ། །
རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ལ་དེ་ལྟ་བུའི་ཉམས་རྟོགས་ཀྱི་སྐྱེས་ཆེན་གནང་བའི་དྲིན་ལན་འཇལ་ཕྱིར། སངས་རྒྱས་བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་པར། འོད་མའི་ཚལ་ཞེས་བྱ་བ་ཧ་ཅང་གི་ཁ་ཁུ་སིམ་ཞིང་རབ་ཏུ་ཕྱུག་པའི་སྙུག་སྡོང་གིས་ལེགས་པར་བརྒྱན་པའི་སྐྱེད་ཚལ་དེ་ཕུལ་བས། སངས་རྒྱས་བཅོམ་ལྡན་འདས་སྐྱེད་མོས་ཚལ་དེར་བསྟུད་མར་དབྱར་གནས་ཐེངས་གསུམ་ལ་བཞུགས་པར་མ་ཟད། ཕྱིས་སུ་ཡང་བསྐྱར་སྐྱེད་ཚལ་དེ་ནས་དབྱར་གནས་ཐེངས་གསུམ་ལ་བཞུགས་ཏེ། ཁྱོན་བསྡོམས་སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་དུ་དབྱར་གནས་ཐེངས་དྲུག་ལ་བཞུགས་སོ། །
དེ་ལྟར་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ནས་གསུང་ཆོས་ཀྱི་གདམས་པ་མང་དུ་གསན་ཏེ། ཆེས་ཕུལ་དུ་བྱུང་བའི་ཆོས་ལྡན་གྱི་རྒྱལ་པོ་ཞིག་ཏུ་གྱུར་ན་ཡང་། ཚེ་རབས་སྔོན་མའི་ལས་ངན་གྱི་དབང་གིས། རང་ཉིད་ཀྱི་སྲས་མ་སྐྱེས་དགྲ་ཡིས་ཁོང་ཡ་ང་བའི་མནར་གཅོད་འོག་དུས་མིན་གྱི་འཆི་ལམ་ལ་བརྫངས་སོ། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།