གནས་ས་ངོ་སྤྲོད།


མ་རྒྱུད་བདེ་མཆོག་འཁོར་ལོ་སྡོམ་པའི་རྒྱུད་ནས་གསུངས་པའི་སྣོད་བཅུད་བྱིན་གྱིས་བརླབས་པའི་སྐོར།

༈ ཨེ་དབྱིངས་སྟོང་གསལ་ཤེས་རབ་པདྨོའི་མཁའ། །ཝཾཾ་ཡིག་ཐབས་མཆོག་རྡོ་རྗེ་ནོར་བུ་ཡི། །ཟུང་འཇུག་རོལ་པའི་ལྷན་སྐྱེས་བདེ་བ་ཆེ། །དགྱེས་མཛད་དཔའ་བོ་ཆེན་པོར་རྣམ་ཀུན་འདུད།

དེ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ངེས་པ་ལྔ་ལྡན་གྱི་སྟོན་པ་རྣམ་པར་སྣང་མཛད་ཅེས་བྱ་བའི་ངོ་བོར་སངས་རྒྱས་ཤིང༌། དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་སུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཞེས་གྲགས་ཤིང༌། ཡན་ལག་བདུན་ལྡན་ནི་གཟུགས་སྐུ་མཚན་དཔེས་སྤྲས་པའི་ཡན་ལག རང་སྣང་རིག་མར་ཁ་སྦྱོར་བའི་ཡན་ལག ཐུགས་ནི་བདེ་བ་ཆེན་པོའི་ངང་ལ་གནས་པའི་ཡན་ལག བདེ་བ་དེ་རང་བཞིན་མེད་པར་རྟོགས་པའི་ཡན་ལག སྙིང་རྗེས་ཞི་མཐའ་སྤངས་པའི་ཡན་ལག སྐུ་ཡི་རིགས་འདྲ་ཆད་པ་མེད་པའི་ཡན་ལག འཕྲིན་ལས་འགོག་པ་མེད་པའི་ཡན་ལག་གོ །ཞེས་གསུངས་པ་ལྟར་ལགས། ལོངས་སྤྱོད་རྫོགས་སྐུར་བསྟན་ནས་བྱང་སེམས་ས་བཅུ་པ་རྣམས་ལ་འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་སྟོན་ཅིང་བཞུགས་སོ། །དེའི་རྗེས་སུ་བསྐལ་བ་འདི་ཉིད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་ཀྱང༌། ཚངས་པའི་འཇིག་རྟེན་ནས་དམྱལ་བ་མནར་མེད་ཀྱི་བར་རིམ་པར་ཆགས་སོ། །དེ་ཡང་བསྐལ་བ་བཟང་པོ་འདིར། རྫོགས་ལྡན་ཚེ་ལོ་དྲུག་ཁྲིའི༼༦༠༠༠༠༽དུས། དེ་བཞིན་གཤེགས་པ་འཁོར་བ་འཇིག་སངས་རྒྱས་སྟོང་གི་ཐོག་མར་བྱོན། གཉིས་ལྡན་ཚེ་ལོ་བཞི་ཁྲིའི༼༤༠༠༠༠༽དུས། འཇིག་རྟེན་སྒྲོན་མེ་གསེར་ཐུབ་བྱོན། གསུམ་ལྡན་ཚེ་ལོ་ཉིས་ཁྲིའི༼༢༠༠༠༠༽དུས། བདེ་གཤེགས་སངས་རྒྱས་འོད་སྲུང་བྱོན། རྩོད་ལྡན་ཚེ་ལོ་བརྒྱ་༼༡༠༠༽པའི་དུས། བདག་ཅག་སྟོན་པ་ཤཱཀ་ཐུབ་བྱོན། དེ་ནས་རྫོགས་ལྡན་དང་གཉིས་ལྡན་གསུམ་ལྡན་རྣམས་རིམ་གྱིས་རྫོགས་ཤིང༌། རྩོད་ལྡན་དུས་སུ་བབ་པ་ན་ལྷ་དབང་ཕྱུག་ཆེན་པོའི་སྤྲུལ་པ་དྲག་པོ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་དང༌། དེས་ཆུང་མ་དུས་མཚན་མ་གཉིས་འཛམ་བུ་གླིང་གི་ཡུལ་དབུས་མ་ག་དྷར་གནས་བཅས་ནས་འདུག་གོ །དེའི་ཚེ་ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་འཛམ་བུ་གླིང་དུ་བབས་ནས། ལྷ་ཐོད་པའི་དུམ་བུས་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཆུ་ཀླུང་གི་གནས་པུལླི་ར་མ་ཡ་སྤྱི་བོ་ཞེས་བྱ་བ་བཟུང༌། ལྷ་ཀེང་རུས་ཆེན་པོས་རྒྱ་གར་དང་ཁ་ཆེའི་བར་རྡོ་རྗེ་གདན་གྱི་ནུབ་བྱང་རྡ་ོལ་མེ་འབར་བའི་གནས་ཛ་ལན་དྷ་ར་ཚངས་བུག་ཅེས་བྱ་བ་བཟུང༌། ལྷ་ཀེང་རུས་ཅན་གྱིས་རྒྱ་གར་ནུབ་བྱང་རྒྱལ་པོ་ཨིཎྜ་བྷུ་ཏི་བྱུང་བའི་ཡུལ་ཨོ་རྒྱན་རྣ་བ་གཡས་ཞེས་བྱ་བ་བཟུང། ལྷ་མཆེ་བ་རྣམ་གཙིགས་ཀྱིས་རྒྱ་གར་ལྷོ་ཕྱོགས་རི་དབུས་མཐོ་ལ་མཐའ་དམའ་བ་འབྲང་རྒྱས་འདྲ་ཞིང་མཐའ་ནགས་ཚལ་སྟུག་པོས་བསྐོར་བ་ཨརྦུ་ཏ་ལྟག་པ་ཞེས་བྱ་བ་བཟུང༌། དྲི་ཟ་ལྷ་དགྲས་བལ་པོའི་ཡུལ་དང་ཉེ་བ་ལ་ཕྱི་གངས་ར་འམ་གཽ་དྷཱ་ཝ་རི་རྣ་བ་གཡོན་ཞེས་བྱ་བ་བཟུང༌། དྲི་ཟ་འོད་དཔག་མེད་ཀྱིས་རྒྱ་གར་ལྷོ་ཕྱོགས་མཐའི་རྒྱ་མཚོའི་འགྲམ་གྱི་ཡུལ་ར་མེ་ཤྭ་ར་སྨིན་མཚམས་ཞེས་བྱ་བ་བཟུང༌། དྲི་ཟ་རྡོ་རྗེ་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཝ་རེནྡྲའི་ཡུལ་དང་ཉེ་བ་གནས་དེ་ཝཱི་ཀོ་ཊ་འམ་ཙཱ་རི་ཊ་མིག་གཉིས་ཞེས་བྱ་བ་བཟུང༌། དྲི་ཟ་རྡོ་རྗེ་སྐུས་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་གླིང་ཕྲན་མ་ལ་ཝ་ཕྲག་པ་ཞེས་བྱ་བ་བཟུང་བ་སྟེ་དེ་བརྒྱད་ཀྱི་མིང་ལ་མཁའ་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ།།

ཡང་གནོད་སྦྱིན་བཞི་དང་སྲིན་པོ་བཞིས་ས་སྟེང་ནས་འཛམ་བུ་གླིང་དུ་ཡོང་སྟེ་དེ་ཡང་གནོད་སྦྱིན་མྱུ་གུ་ཅན་གྱིས་ཆུ་བོ་ལུ་ཧེ་ཏ་དཀྱིལ་ནས་འབབས་པའི་ས་རྒྱ་གར་ཤར་ཕྱོགས་ཀྱི་སྒྲུབ་གནས་ཀཱ་མ་རུ་པ་མཆན་ཁུང་ཞེས་བྱ་བ་བཟུང༌། གནོད་སྦྱིན་རྡོ་རྗེ་རལ་བ་ཅན་གྱིས་རྒྱ་གར་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ཨོ་ཊེ་བི་ཤ་ནུ་མ་གཉིས་ཞེས་བྱ་བ་བཟུང༌། གནོད་སྦྱིན་དཔལ་ཆེན་པོས་རྒྱ་གར་ནུབ་ཕྱོགས་སྟག་གཟིག་གི་ཡུལ་ཆུ་བོ་གངྒཱ་དང་གནྡྷི་དང་ས་རུ་པ་གསུམ་གྱི་འདུས་མདོ་ཏྲི་ཤ་ཀུ་ནི་ལྟེ་བ་ཞེས་བྱ་བ་བཟུང༌། གནོད་སྦྱིན་རྡོ་རྗེ་ཧཱུཾཾ་མཛད་ཀྱིས་རྒྱ་གར་ཡུལ་དབུས་ཀོ་ས་ལའི་མཉན་ཡོད་ཀྱི་སྒྲུབ་གནས་ཀོ་ས་ལ་སྣ་རྩེ་ཞེས་བྱ་བ་བཟུང༌། སྲིན་པོ་རབ་ཏུ་བཟང་པོས་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཀ་ལིང་ཀ་ཁ་ཞེས་བྱ་བ་བཟུང༌། སྲིན་པོ་རྡོ་རྗེ་བཟང་པོས་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་ནས་ཅུང་ཟད་ཤར་དུ་ཕྱིན་པའི་གནས་ལམ་པཱ་ཀ་མགྲིན་པ་ཞེས་བྱ་བ་བཟུང༌། སྲིན་པོ་འཇིགས་བྱེད་ཆེན་པོས་རྒྱ་གར་ལྷོ་ཕྱོགས་སློབ་དཔོན་ཆོས་གྲགས་འཁྲུངས་པའི་ཡུལ་ཀཏྲ་ག་གམ་ཀཉྩི་ཡུལ་སྙིང་དང་ཉེ་བ་ཞེས་བྱ་བ་བཟུང༌། སྲིན་པོ་མིག་མི་བཟང་གིས་བྱང་ཕྱོགས་ཧེ་མ་ལ་ཡ་འམ་རི་བོ་གངས་ཅན་གྱི་ཏི་སེ་གངས་འདོམ་འབྲས་ཞེས་བྱ་བ་བཟུང༌། དེ་བརྒྱད་ཀྱི་མིང་ནི་ས་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ།།

ཡང་ཀླུ་བཞི་དང་ལྷ་མིན་བཞི་ས་འོག་ནས་འཛམ་བུ་གླིང་དུ་ཡོང་སྟེ། དེ་ཡང་ཀླུ་སྟོབས་པོ་ཆེས་བྱང་ཕྱོགས་ཁ་བ་ཅན་གྱི་བྱེ་བྲག་གུ་གེའི་ཡུལ་གྱི་གནས་པྲེ་ཏ་པུ་རི་མཚན་མ་ཞེས་བྱ་བ་བཟུང༌། ཀླུ་རིན་ཆེན་རྡོ་རྗེས་ལི་ཡུལ་ལྕང་ར་སྨུག་པོ་དང་ཉེ་བའི་གནས་གྲྀ་ཧ་དེ་བ་བཤང་ལམ་ཞེས་བྱ་བ་བཟུང༌། ཀླུ་རྟ་མགྲིན་གྱིས་རྒྱ་གར་ལྷོ་ནུབ་ཀྱི་ཡུལ་སཽ་རཥྚ་བརླ་གཉིས་ཞེས་བྱ་བ་བཟུང༌། ཀླུ་ནམ་མཁའི་སྙིང་པོས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་སུ་ཝརྣ་དྭེ་པ་བྱིན་པ་གཉིས་ཞེས་བྱ་བ་བཟུང༌། ལྷ་མིན་ཁྲག་འཐུང་གིས་རྒྱ་གར་བྱང་ཕྱོགས་ནཱ་ག་རའི་ཡི་གེ་འབྱུང་བའི་ཡུལ་ནཱ་ག་ར་སོར་མོ་ཞེས་བྱ་བ་བཟུང༌། ལྷ་མིན་པདྨ་གར་དབང་གིས་རྒྱ་གར་ལྷོ་ཕྱོགས་ཆུ་བོ་སིནྡྷུ་འབབ་པའི་ཡུལ་སིནྡྷུ་རྐང་བོལ་གཉིས་ཞེས་བྱ་བ་བཟུང༌། ལྷ་མིན་རྣམ་སྣང་མཛད་ཀྱིས་ཁ་ཆེ་ཛ་ལེན་དྷ་རའི་བྱང་ཕྱོགས་ཀྱི་གནས་མ་རུ་མཐེ་བོང་ཞེས་བྱ་བ་བཟུང༌། ལྷ་མིན་རྡོ་རྗེ་སེམས་དཔས་ཁ་ཆེའི་བྱང་མཐའ་ཉུང་དྷིའི་ཡུལ་གྱི་གནས་ཀུ་ལུད་ཏ་པུས་མོ་ཞེས་བྱ་བ་བཟུང་བ་བཅས། དེ་བརྒྱད་ཀྱི་མིང་ལ་ས་འོག་སྤྱོད་ཀྱི་གནས་བརྒྱད་ཅེས་གྲགས་སོ

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*