༄༅། །གནས་ཆེན་རྩྭ་རིའི་གནས་བཤད་འབར་བ་རྒྱན་མཚན་བཞུགས་སོ། །
ནཱ་མོ་གུ་རུ།
རྡོ་རྗེ་འཆང་སོགས་རྩ་རྒྱུད་བླ་མ་དང༌། །
རྒྱུད་བཞི་ཡི་དམ་ལྷ་ཚོགས་འཁོར་ལོ་སྡོམ། །
ཟག་མེད་བདེ་སྟེར་རྡོ་རྗེ་རྣལ་འབྱོར་མ། །
རྩ་གསུམ་དཀྱིལ་འཁོར་རབ་འབྱཾཾས་རྒྱ་མཚོར་བསྟོད།།
ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །
དཔལ་ཆེན་འཁོར་ལོ་སྡོམ་པའི་ཕོ་བྲང་མཆོག །
ལྷ་མིའི་འགྲོ་བ་ཀུན་གྱི་ཕྱག་མཆོད་རྟེན། །
དག་པའི་ཞིང་མཆོག་དཔལ་གྱི་རྩྭ་རིར་འདུད། །
གནས་མཆོག་རྩྭ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་ལམ་ཡིག་ལས། བི་མའི་ལམ་ཡིག སློབ་དཔོན་ལམ་ཡིག མཁའ་འགྲོའི་ལམ་ཡིག ཇོ་བོ་རྗེའི་ལམ་ཡིག གྲུབ་ཐོབ་མཉྫི་ཤྲིའི་ལམ་ཡིག རྒྱལ་པོའི་ལམ་ཡིག བཙུན་མོའི་ལམ་ཡིག གཉོས་ཀྱི་འབར་བ་རྒྱན་མཚན་སོགས་ལམ་ཡིག་མང་བར་བཞུགས་སོ། །གཞན་ཡང་གྲུབ་ཐོབ་རིམ་བྱོན་རྣམས་ཀྱི་གསུངས་བའི་གནས་བསྟོད་དང་གསོལ་འདེབས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐོག་མར་བི་མའི་ལམ་ཡིག་ནི།
དཔལ་ལྡན་འཁོར་ལོ་སྡོམ་པར་དམ་པ་རྗེ་བཙུན་མཁའ་འགྲོའི་ཚོགས་ཀྱི་འཁོར་གྱིས་བསྐོར། །
བདེ་ཆེན་ལམ་དུ་སློང་བའི་རྗེ་བཙུན་མཁའ་འགྲོའི་གནས་ན་དཔའ་བོ་ངོ་བོ་འཛིན། །
ཤིན་ཏུ་བཟང་མོའི་གནས་ན་རྡོ་རྗེ་འཆང་གིས་རྡོ་རྗེ་ཕག་མོ་མཉེས་མཛད་པ། །
དམ་པ་རྗེ་བཙུན་ཧེ་རུ་ཀ་དཔལ་མཁའ་འགྲོོའི་གཙོ་མོ་ཉིད་ལ་ཕྱག་འཚལ་བསྟོད། །
བདེ་བཤེགས་རིག་འཛིན་དངོས་གྲུབ་ཐོབ་པའི་གནས། །མཁའ་འགྲོའི་གནས་འབྱེད་ལམ་ཡིག་ཀུན་ལས་ནི། །
དུར་ཁྲོད་གདན་ཉིད་མན་ངག་ཧེ་རུ་ཀའི། །གནས་བཅུ་དུར་ཁྲོད་ཐམས་ཅད་ཁྱད་དུ་འཕགས། །
གསང་སྔགས་ནང་གི་གནས། དཔལ་ཧེ་རུ་ཀ་སྐུའི་མཁའ་འགྲོ་མ་ཐམས་ཅད་དང། དཔའ་བོ་དང་དཔའ་མོ་ངེས་པར་འདུས་བའི་གནས། སྔོན་གྱི་སློབ་དཔོན་གྲུབ་ཐོབ་ཐམས་ཅད་ཉམས་རྟོགས་སྤེལ་བས། རྣལ་འབྱོར་པ་ལས་དང་སྐལ་བ་ལྡན་པ་རྣམས་ལ་བྱིན་གྱིས་བརླབས་ཤིང༌། དངོས་གྲུབ་ཐམས་ཅད་ཐོབ་པའི་གནས་ནི་རྩྭ་རི་རྩ་གོང་ཞེས་བྱ་བ། རྒྱ་དང་བོད་ཀྱི་མཚམས་ན་ཡོད་ཀྱི། དེ་ལ་རྡོ་རྗེ་གདན་ནས་ལྷོ་ནུབ་ཀྱི་མཚམས་དཔག་ཚད་ལྔ་བརྒྱ་འདས་པ་ན། དུར་ཁྲོད་ཆེན་པོ་བསིལ་བའི་མཚལ་ཞེས་བྱ་བ་ཡོད་དེ། མཐའ་སྐོར་དུ་དཔག་ཚད་ཕྱེད་དང་བཅུ་གཉིས། རི་ཡི་ལྟེ་བ་ལྷུར་འཁོད་སྙོམ་པ། ཐང་ལག་མཐིལ་ལྟར་མཐའ་དབུས་མེད་པ་དེ་ཉིད་ཀྱི་དབུས་དྲང་པོར་གནས་པ། ལྷ་ལས་བབས་པའི་མཆོད་རྟེན་རྒྱུ་ཟངས་ལས་གྲུབ་པའི་གསེར་གྱིས་བྱུག་པ། གདུགས་ཆར་ཁེབས་དང་བཅས་པ་ཤར་བ། དྲིལ་བུ་གཡེར་ཁའི་སྒྲ་འབྱིན་པ། ཕྱོགས་བཞི་ན་སྟོན་པའི་སྐུ་རྟེན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། བྱང་ཤར་ན་དཔག་བསམ་གྱི་ཤིང་བྷི་བྷི་ས་ལ་བྱ་བར་དུར་བྱའི་ཚོགས་དཔག་ཏུ་མེད་པ་བབས་ཤིང་གནས་སོ། །དེ་ན་རྟེན་གྱི་ལྷ་དགའ་བྱེད་དབང་ཕྱུག་ཞེས་པ་སེང་གེ་ནག་པོ་ལ་བཞོན་ནས་མདུང་རྩེ་གསུམ་ཐོགས་པ། དར་དམར་པོ་མགོར་གསོལ་བ། འགྲོ་བའི་སྲོག་དབུགས་ལེན་པ་ལ་ཐོགས་པ་མེད་པ། འཁོར་བྱེ་བ་དུ་མ་དང་བཅས་པ་གནས་སོ། །དེ་རྣམས་རྣམ་པ་ཀུན་ཏུ་ཡང་མཁའ་འགྲོ་མའི་སྤྲུལ་པ་འགྱེད་ཅིང༌། ལུས་ལ་རྒྱན་གྱིས་བརྒྱན་ཅིང་སྟག་དང་གཟིག་ལ་བཞོན་པ། ལ་ལས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་ལུས་ལ་རྒྱན་གྱིས་བརྒྱན་ཅིང་སྟག་གཟིག་ལ་བཞོན་པ། ལ་ལས་ལུས་ལ་མི་རོ་ཐོགས་ཤིང་སེང་གེ་ལ་བཞོན་པ། ལ་ལས་མདུང་རྩེ་གསུམ་ལ་མི་རོ་བཀལ་ནས་ལྕེ་སྤྱང་ལ་བཞོན་པ། ལ་ལས་ཁྲག་གི་རྒྱ་མཚོ་རྔུབ་ཅིང་ཁྲོ་མོའི་ཞལ་བཅོ་ལྔ་སྟོན་པ། ལ་ལས་རྒྱུ་མ་ཟ་ཞིང་ཁྱུང་ལ་བཞོན་པ། ལ་ལ་ལག་པ་དཔག་ཏུ་མེད་པ་ན་སེམས་ཅན་རྣམ་པ་སྣ་ཚོགས་སྟོན་པ། ལ་ལས་རང་གི་མགོ་བཅད་ནས་ལག་ན་ཐོགས། ལ་ལས་རང་གི་སྙིང་ཕྱུང་ནས་ལག་པར་ཐོགས། ལ་ལས་རང་གི་རྒྱུ་མ་བཟུང་ཞིང་ཟ་བ། ལ་ལས་རྟ་དང༌། གླང་པོ། བ་གླང༌། མ་ཧེ༌། ཁྱུང་ལ་སོགས་པ་བཞོན་ནས་སྐུལ་འདེབས་བྱེད་ཅིང་སྒྲོགས་པ་སྟོན་པ་དང༌། གཞན་ཡང་དུར་ཁྲོད་དུ་གནས་པའི་སེམས་ཅན་བྱ་དང༌། གཅན་གཟན་ལྕེ་སྤྱང༌། སྦྲང་བུ། སྦྲུལ་གདུག་ཅན་མ་རུང་པ་ཡོད་པའི་དབུས་ན་དགའ་བྱེད་ཀྱི་ཚོགས་ཡོད་དོ། །དུར་ཁྲོད་དེ་ནི་འཇིགས་ཤིང་སྐྱི་བུན་པ་ཉིན་མོ་དུ་བ་དང༌། མཚན་མོ་མེ་འབར་བ་རྔམ་པའི་ང་རོ་སྒྲོག་པ། འགྲོ་བ་གཞན་གྱིས་སྐད་གཅིག་ཀྱང་རྒྱུ་བར་མི་ནུས་ཏེ། མཁའ་འགྲོ་རྣམས་ཀྱིས་དངོས་གྲུབ་ཐོབ་ཅིང་དངོས་གྲུབ་ལེན་ནས་ཟ་བར་བྱེད་དོ། །དེ་ཡང་སློབ་དཔོན་སྤྲུལ་སྐུ་རིག་འཛིན་རྣམས་ཀྱིས་མཆོད་རྟེན་ལ་རྒྱབ་རྟེན། མཁའ་འགྲོ་མ་རྣམས་ལ་ཆོས་བསྟན་ཏོ། །དུར་ཁྲོད་དེ་ཡི་བྱང་ངོས་ན། ཤིང་བྷི་བྷི་ས་ལའི་ཚལ་རབ་ཏུ་སྟུག་པ་གཅིག་ཡོད་དོ། །ཚལ་དེ་ཡི་བར་མ་ཆད་པ་ཉིད་ན། དུར་ཁྲོད་ཆེན་པོ་རྔམ་པ་སྒྲ་སྒྲོག་ཅེས་བྱ་བ་ཡོད་དོ། །བྲག་དང༌། གཡང་དང༌། ཅོང་རོང༌། རི་ཐམས་ཅད་ཁྲོས་པ་འདྲ་བ། བྲག་ནག་པོ་ཟུར་གསུམ་གྱེན་དུ་ལངས་པ། སྒོ་དེ་ལ་མི་རོ་ཐལ་བ་འདྲ་བ། རྩི་ཤིང་ཐམས་ཅད་རྐང་ཐང་འདྲ་བ། ཆུ་དར་དཀར་འཕྱར་བ་ལྟ་བུར་རླུང་གིས་བསྐྱོད་པ་ལ། འུར་བ་དང་ལྡིང་བ་བང་བ་འབར་བ་འུར་འུར་ཞེས་པའི་སྒྲ་དང༌། གཞན་ཡང་ཧཱུཾ་ཧཱུཾ། ཕཊ་ཕཊ། ཕཾཾ་ཕཾཾ། བཾཾ་བཾ། མུག་མུག་ཞེསདང༌། ཕཊ་ཕཊ། བྷྱོ་བྷྱོ། ཞེས་པའི་སྒྲ་དང་རོ་གསར་རྙིང་མང་པོའི་ཆར་བབས་པ་དང༌། རི་དྭགས་གཅན་གཟན་གྱི་ཚོགས་དཔག་ཏུ་མེད་པ་གནས་པ་ན། མཁའ་འགྲོ་མ་དང་གནོད་སྦྱིན་དང་སྲིན་པོའི་ཚོགས་དང༌། བདུད་དང་གཤིན་པོ་རོ་ལངས་སྣ་ཚོགས་གཏུམ་པོ་གདུག་པ་ཅན་ཐམས་ཅད་ཀྱིས་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ཡོད་དོ། །དུར་ཁྲོད་དེ་ཡི་དབུས་ཉིད་ན་རང་བྱུང་གི་མཆོད་རྟེན་མེ་ཤེལ་ལས་གྲུབ་པ། ཀེང་རུས་མ་བརྒྱད་ཀྱི་རང་བྱོན་དངོས་སུ་གྲུབ་པ་ཡོད་དོ། །དེའི་ཤར་ཕྱོགས་ངོས་སུ་རི་མུ་མན་བྱ་བར་གཡུ་ཡི་མཚོ་ན། ཆུ་སྲིན་ལ་སོགས་གདུག་པ་ཅན་གནས་པ། དེ་ཡི་ལྷོ་ནུབ་ན་འཇིག་རྟེན་གྱི་རྟེན་ངོ་མཚར་ཅན་གནས་པ། ཤིང་ནག་པོ་ན་བསྐོར་བ་བྱ་བ་འཇིག་རྟེན་པའི་ལྷ་ཀུན་དགའ་གཞོན་ནུ་སེང་གེའི་གདོང་པ་ཅན། ཕྱག་བཞི་རལ་གྲི་དང་མི་མགོ་མདུང་རྩེ་གསུམ་ལ་མི་རོ་བཀལ་ནས་འཛིན་པ། ཐོད་ཕྲེང་གིས་ལུས་བརྒྱན་ཅིང་དར་ནག་པོའི་འཇོ་བེར་གསོལ་བ། འཁོར་གསོད་བྱེད་ཕོ་མོ་འབུམ་གྱིས་བསྐོར་བ། རབ་ཏུ་ཁྲག་ལ་དད་པ་ཡོད་དོ། །དེ་ན་ཡེ་ཤེས་མཁའ་འགྲོ་མ་དཔག་ཏུ་མེད་པ་ཡོད་དོ། །ལྷ་མོ་རྣམས་མགོ་བརྙན་དཔག་ཏུ་མེད་པ་སྣ་ཚོགས་བསྩལ་ནས། མཚོན་ཆ་སྣ་ཚོགས་འཛིན་པ་དང༌། སེང་གེ་ལ་བཞོན་ནས་སྒྲ་སྒྲོག་ཅིང་ཐོད་ཕྲེང་དགུ་རྩེགས་ཀྱི་རྒྱལ་མཚན་འཕྱར་ནས། ལུས་གཅིག་ལ་མགོ་བཅུ་ཡོད་པའི་དོན་སྙིང་ཟ་བ་དང༌། བུད་མེད་ནག་མོ་རལ་པ་སྙེལ་ནས་ཁ་ནས་སྒྲ་སྣ་ཚོགས་འབྱུང་བ་དང༌། མི་ཡི་ལུས་ལ་གཤོག་པ་ནམ་མཁར་ལྡིང་ཞིང་གནམ་ལྕགས་འབེབས་པར་བྱེད་པ། ལ་ལ་བུ་མེད་སྟག་གིས་རྒྱལ་མཚན་ཐོགས་པ་དང༌། ལ་ལ་ལུས་སྟོད་སྨད་འབྲེལ་ཞིང་དོན་སྙིང་འདོན་པ་དང༌། ལ་ལ་ཕག་གི་མགོ་ལ་སེང་གེའི་གཟུགས་ཀྱིས་སྐད་སྣ་ཚོགས་སྟོན་པའི་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་ཡོད་དོ། །ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་དུར་ཁྲོད་དག་ན་དུར་བྱའི་ཚོགས་དང༌། དུར་ཕག་དུག་སྦྲུལ་སྤྱང་ཀི་ལྕེ་སྤྱང༌། ཀ་ལིང་ཀ་དང༌། སྟག་དང༌། གཟིག དོམ། དྲེད། འཕར་བ། མིག་མང་སོགས་གཅན་གཟན་འཇིགས་རུང་ཐམས་ཅད་གནས་སོ། །རོ་གསར་རྙིང་མང་པོ་དང༌། ཁྲག་གི་རྒྱ་མཚོ་དང་རོ་ཤིང་མཚོན་ལ་བཀལ་བ་ཆེན་པོ་རེ་རེས་བསྲུང༌། ཐོད་སྐམ་གྱི་ཁར་བུ་རེ་རེ་ལ་རྣལ་འབྱོར་གྱི་དབང་ཕྱུག་རེ་རེ་གནས་སོ། །དུར་ཁྲོད་དེ་ཉིད་ཀྱི་སྟོད་ན་དཔལ་རྩྭ་རི་རྩ་གོང་ཞེས་བྱ་བར་མཁའ་འགྲོ་རང་བཞིན་གྱི་འདུ་བའི་གནས། དུར་ཁྲོད་ཆེན་པོ་དངོས་གྲུབ་ཤིན་ཏུ་ཉེ་བའི་གནས་ཡོད་དོ། །དེ་ཡང་དཔལ་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པས། ཧེ་རུ་ཀའི་གནས་ལས་ཅིག་པར་བསྟན། དཔལ་ཡེ་ཤེས་ཀྱིས་མཁའ་འགྲོ་མ་ཐམས་ཅད་ངེས་པར་འདུ་བའི་གནས་དེར། ཤིང་ལྗོན་ཚལ་རབ་ཏུ་ཆེ་བ་དང༌། གནས་དེ་ཉིད། ལུང་ལས་གནས་བརྒྱ་རྩ་བརྒྱད་ཁ་དོག་སྣ་ཚོགས་ཡོད་པ། མཐའ་མ་འདུ་བ་སྣ་ཚོགས་ཀྱི་བྲག་གིས་བསྐོར་བ་དང༌། འབྲས་བུ་ཅན་གྱི་ཤིང་སྨན་སྣ་ཚོགས་དང༌། དུར་ཁྲོད་གྱི་གནས་ན་བྱ་གཅན་རི་དྭགས་སྣ་ཚོགས་འདུ་བའི་དབུས་ན། བྲག་གླང་ཆེན་ཉལ་བ་འདྲ་བའི་སྟེང་ནས་སྣ་ཚོགས་ཀྱི་ཁ་ནས་སྒྲ་སྒྲོགས་པ། ལྷོར་རྒྱ་སྟག་སེར་པོ་ལངས་པ་འདྲ་བ་ཙན་དན་གྱི་དྲི་འཐུལ་བ། ནུབ་ཏུ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ་རྒྱན་གྱི་ཕྲ་བཀོད་པ། བྱང་དུ་ཁྱུང་སེང་གེ་གནམ་དུ་འཕྱོ་བ་འདྲ་བར་བྱ་རྒྱལ་གྱི་ཚང་འཆའ་བ། ཤར་ལྷ་ཡི་གཞལ་ཡས་ཁང་ལྟ་བུའི་བྲག་དང་ཤིང་དགོས་འདོད་འབྱུང་བ་ཡོད་དོ། །
དེ་དང་ཉེ་བའི་གནས་ན་མཁའ་འགྲོ་གསང་བ་བླ་མེད་ཀྱི་རང་བཞིན་གནས་ཞེས་བྱ་བ་ཡོད། དྷ་ར་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་ཡོད་དོ། །བཀྲ་ཤིས་སྒོ་མང་གི་རི་རབ་ལ་སྒོ་མོ་བདུན་བཅུ་རྩ་བདུན་ན། མགོན་པོ་བདུན་བཅུ་རྩ་བདུན་གྱི་སྐུ་ཤེལ་ལས་གྲུབ་པ་ཡོད། པདྨའི་ཕྲེང་བ་བཞི་བཅུ་རྩ་གཉིས་ཀྱིས་བརྒྱན་ཡོད་པ། བང་རིམ་འོག་མ་ལ་ཁྲག་འཐུང་གི་ལྷ་དགུ་བཅུའི་དཀྱིལ་འཁོར་ཡོད་པ་སྟེ། བང་རིམ་གཉིས་པ་འཇམ་འབྱངས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཡོད། བང་རིམ་གསུམ་པར་མོ་རྒྱུད་ཀྱི་ལྷ་ཚོགས་དང༌། བཞི་པར་ཕ་རྒྱུད་ཀྱི་ལྷ་ཚོགས། ལྔ་པར་གསང་སྔགས་ཕྱི་ནང་གི་ལྷ་ཚོགས། བུམ་པར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར། བྲེ་ལ་གསང་བ་འདུས་པའི་དཀྱིལ་འཁོར། བྱ་རུ་གདུགས་དང་བཅས་པར་སངས་རྒྱས་དང་བྱང་ཆུབ་སེམས་པའི་སྐུ་བཞུགས་སོ། །བྱིན་རླབས་རང་བྱུང་གི་མཐའ་ཀུན་ན་ཡང༌། རིན་ཆེན་སྣ་ཚོགས་ཀྱི་མེ་ཏོག་དོ་ར་དང་ཁ་དོག་སྣ་ཚོགས་འབྱུང༌། རི་བྲག་ལྷ་ཡི་གཞལ་ཡས་ཁང་འདྲ་བ་དང༌། ཤེལ་གྱི་རི་དང་ཤེལ་གྱི་མཆོད་རྟེན་དང༌། དེ་ཉིད་དུས་བཟང་ཉིན་མོ་ལ་མཁའ་འགྲོ་མ་རྣམས་ཀྱིས་ཙན་དན་དཀར་པོའི་ཆར་འབེབས་སོ། །དུས་བཟང་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་བསྟི་སྟང་བྱའོ། །ལྷ་རྣམས་ཀྱིས་ཀྱང་མཆོད་པ་བཀུར་སྟི་དང་རིམ་འགྲོ་བསྟི་སྟང་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱང་དེར་འདུའོ། །རྣལ་འབྱོར་པའི་དུས་བཟང་པོའི་དུས་སུ་མཆོད་གཏོར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ། གཞན་ཡང་ལུང་པ་དེ་ཕུའི་ཆུ་འབབ་རེ་རེར་ཡང་མཁའ་འགྲོ་རེ་རེ་ཡོད། གནས་དེ་དག་རྔམ་པ་སྒྲ་སྒྲོག་ནས་རིམ་གྱིས་བཟུང་སྟེ་གཟུགས་སྣ་ཚོགས་དང་སྒྲ་སྣ་ཚོགས་སྟོན་པའི་གནས། དང་པོ་ཡིད་མི་འཇུག་པ་སྣ་ཚོགས་སྟོན། དེ་ནས་ཡིད་དུ་འོངས་བ་སྣ་ཚོགས་སྟོན། ཧ་ཧ། ཧེ་ཧེ། ཧོ་ཧོ། ཧཱུཾཾ་ཧཱུཾཾ། ཕེཾ་ཕེཾ། ཛ་ཛ། བྷྱོ་བྷྱོ། བཾཾ་བཾཾ། འུར་འུར་བ། ཤང་ཤང་བ་དང༌། གཅན་གཟན་དང་བྱ་བྱིའུ་ལ་སོགས་པས་སྐད་སྣ་ཚོགས་སྟོན་པ། ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེད་པར་བྱེད། བདུག་སྤོས་ཙན་དན་གྱི་དྲི་ཐུལ་བར་བྱེད་པ་དང༌། ནུས་པ་ཐོབ་པར་བྱེད་པའི་གནས་བྲག་ནག་པོ་ཟུར་གསུམ་པ་ཚེ་རིང་བ་ཁྲོ་མོའི་གནས་ཡིན། མེ་ཏོག་བཀོད་ལེགས། ལོངས་སྤྱོད་འཕེལ་བར་བྱེད་པའི་གནས་རིན་ཆེན་སྤུང་པ་འདྲ་བ་དང༌། སྨན་སྣ་ཚོགས་སྐྱེ་བ་ངོ་མཚར་གྱི་གནས་དང༌། རྫིང་བུ་མིག་སྨན་གྱི་གནས། རྐང་མགྱོགས་ཀྱི་ཚལ་མེ་རླུང་གི་སྒྲ་དང་ས་འོག་བྱ་སྐད་སྙན་པ་མངོན་ཤེས་ཀྱི་རི་མཐོ་ལ་ཁམས་བདེ་བ་དང༌། རི་ཡི་རྩེ་ལ་མཁའ་སྤྱོད་ཀྱི་གནས་དང་སྒྲིབ་ཤིང་གི་གནས་འཕྲིན་ལས་དྲག་པོའི་གནས་ཁྲ་སྤྱང་གི་གདོང་ལྟར་ཁྲོས་པ་འདྲ་བ་དང༌། དམར་རྒྱས་པ་འབྲས་འཕེལ་བ་འདྲ་བ་དང༌། ཞི་བ་སྒྲུབ་པའི་གནས་དང་རྩི་ཤིང་མཐུག་པ་མཆོག་གི་དངོས་གྲུབ་ཐོབ་པའི་གནས་བརྒྱ་རྩ་བརྒྱད་རེ་རེར་ཡང་མཁའ་འགྲོ་མ་སྟོང་ཕྲག་རེ་རེ་གནས་ཏེ། ལ་ལ་ཁྲག་གི་རལ་པ་ཉིལ་ཞིང་ཐོད་ཁྲག་འཐུང་བས་ཚུལ་དང༌། ལ་ལ་གླང་ལ་བཞོན་ནས་གཡུ་ཡི་རལ་པ་ཉིལ་བ། ལ་ལས་ལག་ན་མི་རོ་འཛིན་ཅིང་རྒྱུ་མ་འདྲེན། ལ་ལས་རུས་པའི་རྒྱན་ཆས་ལུས་སྟོད་སྨད་བཅས་པ་རྒྱན་ནས་གར་ཕག་གི་སྐད་གདངས་སྣ་ཚོགས་པ་སྒྲོག ལ་ལ་གཅན་གཟན་སྣ་ཚོགས་ལ་བཞོན་ནས་གཅེར་བུ་ཐལ་ཆེན་གྱིས་བརྒྱན་ཅིང༌། གར་སྟབས་གནས་ཀུན་ཏུ་རྒྱུགས་ཅིང་ཀ་ལིང་ཀ་ལིང་ཟེར། ལ་ལས་སེམས་ཅན་རིགས་སྣ་ཚོགས་ལ་བཞོན་ནས་སྤྲུལ་པ་སྣ་ཚོགས་འགྱེད། ལ་ལས་ལག་ན་རིན་ཆེན་བུམ་པ་ཐོགས་ནས་སུ་ལུ་སུ་ལུ་ཞེས་ནོར་དང་ལོངས་སྤྱོད་སྣ་ཚོགས་པ་སྟོན་ཅིང་ཁ་ནས་མཛེས་ཕོ་ཞེས་སྒྲོག ལ་ལ་སྲིན་པོ་རལ་པ་ཉིལ་ནས་བདུད་ལས་རྒྱལ་ཞེས་འཇིགས་པའི་སྒྲ་སྒྲོགས་པ། ལ་ལ་གཅེར་བུ་སྐྱེས་པ་ལ་ཞེན་ནས་འཁོར། ལ་ལས་ཕོ་མོའི་མཚན་མ་སྟོན་པ་དང༌། ལ་ལ་འཇིགས་པའི་གཟུགས་ཀྱི་སྒྲ་ཡི་ང་རོ་རོལ་མོ་སྣ་ཚོགས་སྟོན། ལ་ལས་ཤུས་འདེབས་པ་དང༌། སྐད་འབྱིན་པ། ལ་ལ་འཇིགས་པའི་གཟུགས་སུ་སྟོན་ཅིང་ངུ་བ་དང་རྒོད་པ་སྨྱོ་བ་དང་སྡིགས་པར་བྱེད་པ་དང༌། ལ་ལས་གླུ་ལེན་པ་དང་བྲོ་བརྡུང་བ་དང་སྤྲུལ་པ་སྣ་ཚོགས་སྟོན་པ་ཡོད་དོ། །གནས་དེ་དག་དུར་ཁྲོད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཀུན་བྱོན་ཞིང་སྤྱོད་པ་མཛད་པས་དངོས་གྲུབ་མཐའ་དག་ཐོགས་པ་མེད་པ་ཐོབ་པའི་གནས་ཉིད་ཡོད་དོ། །གནས་འདི་གའི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་གི་ཤིང་དང་ཤིང་འབྲས་ལ་ལོངས་སྤྱོད་པས་ཤ་ཁྲག་ལ་མི་དད་དོ། །རྣལ་འབྱོར་པ་ཡང་ཤིང་འབྲས་དང་སྦྲང་ཆང་དང་འབྲས་ཟན་གྱི་ཚོགས་ཀྱི་འཁོར་ལོར་མཉེས་པར་བྱའོ། །དུས་བཟང་ལ་གུས་པས་འབད་ན་དངོས་གྲུབ་འགྲུབ་བོ། །དེ་ལྟར་ཡང་འཛམ་བུ་གླིང་འདི་ན་མཁའ་འགྲོ་མ་འདུ་བའི་གནས་བརྒྱ་དང་བརྒྱད་ཅུ་ཡོད་པ་ལས། རྒྱ་གར་ན་སུམ་ཅུ་རྩ་གཉིས་ཡོད། དེ་ལ་སྤྱོད་པ་བྱེད་པའི་གནས་དྲུག ཉམས་མྱོང་སྐྱེད་པའི་གནས་བཅུ་གཉིས། བདེན་ཚིག་སྐྱོང་བའི་གནས་བརྒྱད། འདོད་ཅིང་འདུན་པ་སྐྱེ་བའི་གནས་བཞི་སྟེ། སུམ་བཅུ་རྩ་གཉིས་ལས་རང་བྱུང་དུར་ཁྲོད་དངོས་གྲུབ་ཅན་གྱི་རོ་སྐྱེལ་བ་དང༌། རང་བཞིན་གྱི་མཁའ་འགྲོ་འདུ་བའི་གནས་བརྒྱད་ཡོད་དོ། །དེ་ལྟར་བརྒྱད་ན་ཆུ་ཆེན་པོ་རེ་རེ། རླུང་ཆེན་པོ་རེ་རེ། མེ་ཆེན་པོ་རེ་རེ། མཆོད་རྟེན་ཆེན་པོ་རེ་རེ། ཤིང་ཆེན་པོ་རེ་རེ། ལྷ་དྲག་པོ་རེ་རེ། དངོས་གྲུབ་ཅན་གྱི་རོ་རེ་རེ། ཐོད་སྐམ་དང་ཀེང་རུས་ཀྱི་ཁང་པ་ན་སློབ་དཔོན་རེ་རེ། ཀླུ་ཆེན་པོ་རེ་རེ། མཁའ་འགྲོ་མའི་གཙོ་མོ་རེ་རེ་བཅས་གནས་སོ། །དེ་ལ་འདོད་པའི་དོན་རེ་རེ་ཡོད་དོ། །ཨུ་རྒྱན་གྱི་ཡུལ་ན་མཁའ་འགྲོ་མ་འདུ་བའི་གནས་བརྒྱད། ཁ་ཆེའི་ཡུལ་ན་མཁའ་འགྲོ་མ་འདུ་བའི་གནས་བཅུ། ལི་དང་ཧོར་གྱི་ཡུལ་ན་མཁའ་འགྲོ་མ་འདུ་བའི་གནས་ལྔ། ཚ་བ་དང་དམར་ཐག་ད་རུང་གི་ཡུལ་ན་གནས་ལྔ། མི་ཉག་དང་ཧོར་གྱི་ཡུལ་ན་མཁའ་འགྲོ་འདུ་བའི་གནས་བཅུ། བོད་ཀྱི་ཡུལ་ན་མཁའ་འགྲོ་མ་ངེས་པར་འདུ་བའི་གནས་ཕྱེད་དང་གཉིས་ཡོད། གཞུ་སྟོད་ཏི་སྒྲོ་བྲག་དཀར་པོའི་ལོགས་ལ་ལས་ཀྱི་མཁའ་འགྲོ་བདུན་རེས་བདུན་རེས་གནས་སོ། །དེ་ཡང་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་མཚམས་ན་རི་བོ་ཆེན་པོ་མ་ཏི་འདུ་ཏ་ཞེས་བྱ་བ་བལྟས་བས་རི་ཤིན་ཏུ་མཐོ་བ་ནོར་བུ་འདྲ་བ་གངས་ཀྱིས་གཡོག་པ་ཡོད་དོ། །དེ་ཉིད་ཀྱི་གོང་ལ་འབྲས་ཟན་མེ་ཏོག་གིས་བརྒྱན་པའི་གཏོར་མ་མཁའ་འགྲོའི་འཁོར་དང་བཅས་པ་ལ་བཏང་སྟེ། ཀླུ་བཙན་ལ་བཀའ་བསྒོས་ཏེ་འགྲོ་བར་བྱའོ། །ལ་བརྒལ་བ་དང་མཁའ་འགྲོ་མའི་གནས་བྲག་དམར་པོ་ཐུར་དུ་དཔྱང་པ་འདྲ་བ་ཝ་ཕུག་དང་བཅས་པ་སྒྲུབ་པའི་རྣལ་འབྱོར་པའི་གནས་ཡོད་དོ། །དཔག་ཚད་གཅིག་ན་རི་ནག་པོ་གླང་པོ་ཆེ་ཉལ་བ་འདྲ་བའི་སྟེང་ན་ཁ་དོག་སྣ་ཚོགས་པའི་མཚོ་ཆུ་འབབ་ཡོད་པ། རི་ཡི་རྩེ་མོའི་ཕྱོགས་ཀུན་ན་ཙན་དན་གྱི་དྲི་ཐུལ་བ་དང༌། སྤང་སྤོས་མེ་ཏོག་གི་ཚོགས་བཀོད་པ་འདྲ་བ་མཆོད་རྟེན་གྱིས་བརྒྱན་ཅིང༌། རི་དྭགས་དང་གཅན་གཟན་གྱི་ཚོགས་མང་པོ་གནས་པ། དེ་ནི་མཁའ་འགྲོ་མ་ཕྱི་ཡི་གནས་ཏེ་རྣལ་འབྱོར་ལས་དང༌། སྐལ་བར་ལྡན་པའི་ཚོགས་འཁོར་རྒྱ་ཆེན་པོར་བཤམས་ཏེ་གསོལ་བ་བཏབ་ན་ལུང་བསྟན་འབྱུང་ངོ༌། །ལུང་བསྟན་འབྱུང་ན་དེ་ཉིད་དུ་སྒྲུབ་བར་བྱའོ། །དེ་ནས་ཤར་དུ་དཔག་ཚད་གསུམ་ན་རི་ནག་པོ་ཟུར་གསུམ་པ་གཅིག་ཡོད་དོ། །དེ་ཉིད་ནས་ཐག་མི་རིང་བར་བྲག་དང་རི་དང་ཤིང་ཐམས་ཅད་ལྷ་ཡི་གཞལ་ཡས་ལྟ་བུར་མཆོད་རྟེན་འདྲ་བ་དུ་མ་མེ་ཤེལ་གྱི་རི་དང༌། ཤེལ་གྱི་མཆོད་རྟེན་སྣང་བ་ནི་དེ་དག་ཀུན་གྱི་རྩེ་ལ་ཡོད། མཚོ་ཡི་དབྱིབས་ལས་ཁ་དོག་སྣ་ཚོགས་འབྱུང་བ་ཡོད་དོ། །དེ་ནི་དངོས་གྲུབ་ཉེ་བ་ན་ནང་གི་གནས་ཡིན་ཏེ་རྣལ་འབྱོར་པ་དད་པ་དང༌། བརྩོན་འགྲུས་ལྡན་པ་སློབ་དཔོན་དམ་པའི་ལུང་གིས་བཟིན་པ། ལུང་དང་མན་ངག་དང་ལྡན་པ་ཉམས་སུ་བླངས་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་ཐོབ་བོ། །དེ་ནས་ལ་རྩེར་ཐོན་པ་ན་རི་མཐོན་པོ་གསུམ་གྱི་རྩེ་ན་ཤེལ་གྱི་མཆོད་རྟེན་སྐུ་དང་བཅས་པ་ཡོད་དོ། །དེའི་དབུས་སུ་མཁའ་འགྲོ་མ་གསང་བ་ཆེན་མོའི་མཛོད་ཞེས་བྱ་བར་རང་བཞིན་དུར་ཁྲོད་ཀྱི་གནས་ཁྲུས་བྱ་བའི་མཚོ་མེ་ལོང་ལྟ་བུ་ལ་སྔོ་དམར་གྱི་རིས་ཡོད་པ། འོད་ཟེར་སྣ་ཚོགས་འཕྲོ་བའི་དབུས་ཉིད་ན་དཔལ་རང་བྱུང་གི་མཆོད་རྟེན་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པ། ཁ་དོག་གོང་ལྟར་བསྟན་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་དེ་ཉིད་ན་བཞུགས་པའོ། །སྐུ་ཡི་རྟེན་ཡང་སྣང་ལ་རང་བཞིན་མེད་པ། ཕྱི་ནང་མེད་པ་ཟང་ཐལ་བ་ལྷམ་མེ་ལྷང་ངེ་ལྷན་ནེའོ། །དེ་ཡང་བག་ཆགས་ཆེ་བའི་སྡིག་སྒྲིབ་ཅན་དམ་ལ་མི་གནས་ཞིང་ཐེ་ཚོམ་དང་ཡིད་གཉིས་ཅན་གྱི་སྐལ་བ་མ་ཡིན་ནོ། །རང་གི་ཚེ་སྲོགས་ལ་བར་ཆད་འགྱུར་བས་དང་པོ་ནས་མཆོག་ཏུ་མ་བརྩམ་པ་དགའོ། །དེར་ཕྱིན་ཀྱང་ས་རྡོ་དང་རི་བྲག་ཡིད་ལ་མི་མཐད་པ་བཞིན་དུ་སྣང་ངོ༌། །འདི་ནི་ལས་འཕྲོ་དང་སྐལ་བ་ལྡན་པ་བླ་མ་དམ་པའི་ལུང་བསྟན་ཐོབ་པ། དད་པ་དང་བརྩོན་འགྲུས་ལྡན་པ་ལུས་དང་སྲོག་ལ་མི་ལྟ་བ། ཕྱི་མའི་བདེ་བ་དང་དུ་ལེན་པ་འབའ་ཞིག་གིས་ཕྱིན་ན་ལུང་སྟོན་པ་འབྱུང་བ་དང༌། དེ་ཉིད་དུ་ཕྱིན་ཏེ་མཚོའི་ཟམ་བར་རྙེད་ནས་ཕྱག་དང༌། བསྐོར་བ་ལེན་གསུམ་བྱས་པ་ཙམ་གྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཞན་ཡང་བྱིན་རླབས་རང་བྱུང་གི་མཆོད་རྟེན་ཆེན་པོ་དེའི་བྱང་ན། ལས་ཀྱི་མཁའ་འགྲོ་མ་ཁྲུས་བྱེད་པའི་གནས་བརྒྱ་རྩ་བརྒྱད་ཡོད་དོ། །དེ་དག་ཀུན་ཡང་དངོས་གྲུབ་སྣ་རེ་རེ་ཐོབ་པའི་གནས་ཡོད། དེ་ཡི་ཤར་ན་ཆུ་བོ་ཆེན་པོ་ཞིག་རྒལ་བ་ན། མཁའ་འགྲོ་མ་གསང་བའི་གནས་ཡོད་དོ། །བྲག་དང་རི་དང་ཕ་བོང་མཚན་མ་འདྲ་བ་ཡོད་པ་དེ་ནི། རླུང་སེམས་ཀྱིས་དངོས་གྲུབ་སྒྲུབ་པའི་གནས་ཡིན་ནོ། །བྱིན་རླབས་རང་བྱུང་གི་མཆོད་རྟེན་གྱི་ཤར་ན། ལྷའི་དྲང་སྲོང་དམོད་པ་འདོར་བའི་གནས་ཞེས་བྱ་བ་མངོན་པར་སྤྱོད་པ་སྒྲུབ་པའི་གནས་ཡིན། བྱང་ཤར་ན་གཤིན་རྗེའི་འདུ་ཁང་འཇིགས་སུ་རུང་བའི་གནས་ཡོད་དོ། ཤར་ལྷོ་ན་མཁའ་འགྲོ་མའི་འདུ་ཁང་ཞེས་བྱ་བ་དཔའ་བོ་དཔའ་མོ་འདུ་བའི་གནས་ཡོད་དོ། །ལྷོ་ན་མཛེས་བྱེད་ཀྱི་ཚལ་ཡིད་དུ་འོངས་བ་ཡོད་དོ། །ལྷོ་ནུབ་ན་རྒོད་སོ་རྩེ་གསུམ་གནས་ཞེས་བྱ་བ་དཔའ་བོ་འདུ་བའི་གནས་ཡོད་དོ། །ནུབ་ན་རྩྭ་རི་པར་པ་ཏ་ཞེས་བྱ་བ་རྣམ་པར་མི་རྟོག་པའི་གནས་ཡོད། ནུབ་བྱང་ན་ཤིང་གི་ལྷ་མོ་སྐྲ་འཁྲུ་བའི་གནས་ཞེས་བྱ་བ་རི་རྡོ་ནས་འབྲས་སྤུངས་པ་འདྲ་བ་ལ་བཀྲ་ཤིས་པའི་གནས་ཡོད། དེ་ལྟར་ན་མཁའ་འགྲོ་མའི་གནས་བརྒྱ་དང་རྩ་བརྒྱད་པོ་དེ་དག་གང་དུ་བསྒྲུབ་ཀྱང་དངོས་གྲུབ་རིགས་མི་གཅིག་པ་རེ་རེ་ཐོབ། དཔྱིད་ར་སྟོན་རར་བྱེད་པའི་གནས་དང༌། སྒྲ་སྒྲོག་པའི་གནས་འདི་དག་ནི་ཕལ་ཆེར་སྒྲ་སྒྲོག་པར་བྱེད་པའི་གནས་ཡིན་ནོ། །སྒྲ་ཡང་དང་པོ་མི་སྙན་པ་དང་སྡིགས་པའི་སྐད་དུ་མ་རྣལ་འབྱོར་པ་ཉམས་སྐྱེ་བའི་དུས་སུ་འབྱུང་ལ། ཐ་མལ་པ་ལ་གང་ཡང་མི་འབྱུང་ངོ༌། །ཉམས་གོང་ནས་གོང་དུ་འཕེལ་བ་ན་སྙན་པ་ཡིད་དུ་འོངས་བ་དང༌། ཀླུ་དང་གར་དང་རོལ་མོའི་སྒྲ་སྣ་ཚོགས་པ་སྟོན། དེ་ཡང་གནས་དེ་དག་ན་སྒྲ་མི་གཅིག་པ་རེ་ཡོད། ལ་ལ་ནི་ཁྱིའི་སྐད་དང༌། ལ་ལ་ནི་བོང་བུའི་སྐད། ལ་ལ་ནི་ཉ་དང་རྔ་མོང་སྐད་དུ་སྒྲོག སྐད་རིགས་དེ་དག་ཉམས་སུ་ལེན་པའི་ཚེ། མཁའ་འགྲོ་མ་དཔག་ཏུ་མེད་པ་འདུ་བའི་གནས། ལོངས་སྤྱོད་སྣ་ཚོགས་པར་སྟོན་ཅིང་ཉམས་དང་བྲོ་བ་ཉུལ། སྐབས་སྐབས་སུ་ཉམས་འཕེལ་བར་བྱེད། སྐབས་སྐབས་སུ་བྱིན་གྱིས་རློབས་པར་བྱེད། སྐབས་སྐབས་སུ་མི་སྡུག་པའི་འདོད་ཡོན་ལྔ་སྟོན་པར་བྱེད། སྐབས་སྐབས་སུ་ཆོས་སྟོན་པར་བྱེད། དེ་དག་ནི་དངོས་དང་ཉམས་དང་རྨི་ལམ་ནང་དུ་འབྱུང་ངོ༌། །དེ་དག་དགོངས་པ་དང་ཉམས་ཀྱིས་མ་ཟིན་ན། བར་ཆད་དུ་གྱུར་ནས་ལུས་ངག་ཡིད་གསུམ་མ་རུང་བར་འགྱུར་རོ། །དེ་དག་ངོ་ཤེས་ནས་སྤྲོ་བཏང་བཅས་ནས་ཉམས་དང་ལྡན་ན་དངོས་གྲུབ་ཆེན་པོར་འགྱུར་རོ། །དེ་ལྟར་སྐལ་ལྡན་གྱི་མཁའ་འགྲོ་འདུ་བའི་གནས་དེ་དག་ངོ་ཤེས་པར་བྱས་ནས། ཉམས་དང་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་བ་བྱེད་པའི་དོན་དུ། འཇིག་རྟེན་གྱི་བྱ་བ་དེ་དག་ཐམས་ཅད་བཏང་སྟེ། གནས་དེ་དག་ཏུ་རྒྱུ་ཞིང་ཉམས་སུ་བླངས་ནས། མཁའ་འགྲོ་ཐམས་ཅད་དངོས་སུ་བྱུང་ནས། བདེ་བ་ཆེན་པོའི་མཁའ་འགྲོ་མ་དེ་དག་དང་ཉམས་བསྡུར་ཞིང༌། རང་གི་རིག་པའི་ཡེ་ཤེས་ལ་ལྟ་བའི་དོན་དུ་གནས་དེ་དག་ཏུ་གནས་པར་གཅེས། ཡང་མཁའ་འགྲོ་མའི་གནས་དེ་དག་རྣལ་འབྱོར་པ་མོས་པ་སྤྱོད་དུས་འབྱུང་ངོ༌། །ཇི་ལྟར་སྣང་དུ་འབྱུང་བའི་དུས་མ་ཡིན། རྣལ་འབྱོར་པ་ལས་དང་སྐལ་བ་ལྡན་ཞིང་སྙིང་པོའི་དོན་ལ་འབེབས་ཤིང་བརྩོན་པའི་ཚེ། ལྷ་སྣ་ཚོགས་པས། གཟུགས་སྣ་ཚོགས། སྐད་སྣ་ཚོགས། གཟུགས་སྒྲ་དྲི་རོ་རེག་བྱ། །རྔམ་པའི་གད་མོ་དང་འབུར་ཚུགས་སུ་ལྟ་བ་དང༌། གླུ་དང་རྒྱན་ཆ་དང༌། ལུགས་སྣ་ཚོགས་པ་དང༌། ཀླུ་སྲིན་གྱིས་འབྱུང་བའི་ཆོ་འཕྲུལ་སྣ་ཚོགས་འཇིགས་སུ་རུང་བ་སྟོན་པར་བྱེད་པའི་དུས་ནི། ཁྱད་པར་ཅན་བཞི་འམ་བདུན་ལ་སོ་སོར་སྟོན་པས། རྣལ་འབྱོར་པ་ཉམས་མྱོང་རྒྱུ་ལ་སྨིན་པ་རེ་བའི་ཚེ་ན་སྟོན་ཅིང༌། བྱིན་རླབས་འཇུག་པར་བྱེད། འདི་ནི་ཡིད་ཆོས་ལ་འཇུག་པའི་དོན་དུ་ལམ་གྱི་ཡི་གེ་འདི་ཉིད་དང་དུ་བླངས་བར་བྱའོ། །དེ་ཡང་སྐྱེས་བུ་དད་པ་ཅན་འཁོར་བའི་ཆོས་ལ་བློ་བྲེང་ཙམ་ཡང་མེད་པ། སྙིང་པོའི་དོན་ཉམས་སུ་ལེན་པས། དང་པོ་བླ་མ་དམ་པ་ལས་དབང་བཞི་ཐོབ་པར་བྱས་ཏེ་རྟོགས་པ་ཐམས་ཅད་ཕུལ་ལ། སྔོན་དུས་འཁོར་འདས་ཤན་དུ་འབྱེད་པར་བྱས་ཏེ། དེ་ནས་དངོས་གཞི་མན་ངག་ཉམས་སུ་བླངས་ནས། དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་བྱེད་པའི་གནས་ཡིན་ནོ། །དེ་ནས་བདེ་བར་གཤེགས་པའི་བྱིན་རླབས་རང་བྱུང་གི་མཆོད་རྟེན་མཐོང་བ་ཙམ་གྱི། ཟག་བཅས་སུ་མི་གནང་བར་སངས་རྒྱས་པ་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །ཡང་རང་བྱུང་གི་མཆོད་རྟེན་རྩྭ་རི་འདི་ན་བཞུགས་པའི་བྱིན་རླབས་ཀྱིས། གནས་ཀྱི་རྣལ་འབྱོར་ཀུན་ཀྱང་དགའ་བ་དང་སྤྲོ་བ་དང་བར་ཆད་མི་འབྱུང་ངོ༌། །འཇིག་རྟེན་པའི་སྐྱེ་བོ་ཀུན་གྱིས་ཀྱང་གནས་དང༌། ས་ཕྱོགས་དང༌། ལོ་རྒྱུས་མཚན་ཉིད་ཐོས་པ་ཙམ་གྱིས་དགའ་བ་དང༌། སྤྲོ་བ་དང་ཡིད་དུ་འོང་བ་འབྱུང་བ་དེ་ནི་རང་བྱུང་གི་མཆོད་རྟེན་གྱིས་བྱིན་རླབས་ཤེས་པར་བྱའོ། །འདི་ལྟར་རངབྱུང་གནས་ཀྱི་ངེས་པ་ནི། སྐལ་ལྡན་ལས་ཅན་བདེ་བླག་ཉིད་དུ་ཡང་ཤེས་པར་བྱ་ཕྱིར་ལམ་ཡིག་གསལ་བར་བཀོད་པའོ། །
སྐལ་ལྡན་ལས་ཅན་ཀུན་དང་འཕྲད་ནས་ཀྱང༌། །གནས་འདི་ཉིད་དུ་འབྲས་བུ་མཆོག་ཐོབ་ཤོག སློབ་དཔོན་བི་མ་མི་ཊའི་ལམ་ཡིག་རྫོགས་སོ།། །།
Leave a Reply