སློབ་དཔོན་པདྨས་མཛད་པའི་ལམ་ཡིག མཁའ་འགྲོའི་ལམ་ཡིག ཇོ་བོ་རྗེའི་ལམ་ཡིག

སློབ་དཔོན་པདྨས་མཛད་པའི་ལམ་ཡིག་བཞུགས་སོ། །

ན་མོ་རཏྣ་གུ་རུ། རང་བྱུང་བྱིན་རླབས་ཅན་གྱི་གནས་རྩྭ་རི་ཞེས་བྱ་བ་ནི། ཕྱི་ལྟར་རྟ་བབས་སུ་འདུག་པ། ནང་དཀྱིལ་འཁོར་ཕོ་བྲང་དུ་འདུག་པ། གནམ་འཁོར་ལོ་རྩེ་བརྒྱད། ས་པདྨ་འདབ་བརྒྱད་དུ་ཡོད། ལོགས་ཐམས་ཅད་བཀྲ་ཤིས་རྫས་བརྒྱད་དང༌། གཟུགས་དུ་མ་འཆར་བ། བྲག་ཐམས་ཅད་སྲིན་མོའི་རལ་པ་གཟེངས་པ་འདྲ་བ། ཆུ་ཐམས་ཅད་དར་དཔྱང་ཡོལ་བ་འཕྱར་བ་འདྲ་བ། ཤིང་ཐམས་ཅད་མི་ལངས་པ་འདྲ་བ། ཕེཾ་ཕེཾ་དང༌། ཕཊ་ཕཊ་ཀྱིས་སྒྲ་འབྱིན་པ། དཔའ་བོ་དང༌། དཔའ་མོ་ཐམས་ཅད་རང་བཞིན་གྱི་འདུས་པ། བཀྲ་ཤིས་པའི་རྫས་སྣ་ཚོགས་སྐྱེས་པ། མ་སྒོམ་ཡང་རིག་པ་འཆར་བའི་གནས། ཌཱ་ཀིས་དངོས་སུ་ཆོས་སྟོན་པའི་གླིང༌། སྐལ་བ་མེད་པ་རྣམས་ཀྱི་ཚེ་ལ་བར་དུ་གཅོད་ཅིང༌། སྐལ་ལྡན་དངོས་གྲུབ་ལེན་པའི་གནས་རྒྱ་གར་ལ་ལྟ་བ་ཕྱག་ན་རྡོ་རྗེའི་སྒོ། སྒོ་སྲུང་བདུད་རྩི་འཁྱིལ་བ་ལ་སྟེར། ཤར་ཀློ་བོ་ལ་གཏད་པ་འཕགས་པ་འཇམ་དཔལ་གྱི་སྒོ སྒོ་སྲུང་གཤིན་རྗེ་གཤེད་ཀྱིས་བྱེད། བྱང་བོད་ལ་ལྟ་བའི་སྒོ། སྒོ་སྲུང་རྟ་མགྲིན་གྱིས་བྱེད། ནུབ་མོན་ལ་ལྟ་བ་ཇོ་མོ་སྒྲོལ་མའི་སྒོ། སྒོ་སྲུང་ཨེ་ཀ་ཛཱ་ཊིས་བྱེད། སྒྲུབ་གནས་མཆོད་རྟེན་དེ་ན་ཁྱད་པར་གྱི་གནས་ཡུལ་བུ་ཆུང་བྱ་བ་ཡོད། མཚན་མོ་མེ་འབར། ཉིན་མོ་ནི་བུ་ཡུག་འཚུབ། ནངས་ནུབ་ནི་དུ་བ་འཐུལ། མ་མོ་བདུད་ཀྱི་བདག་བྱེད་པའི་དངོས་གྲུབ་གཅིག་ཡོད་དོ། །དེ་ལེན་པར་འདོད་ན་ཌཱ་ཀི་མའི་སྤྲུ་ཆ་དང༌། ཚོགས་དང་བ་ལིང་ལ་བརྩོན་པར་བྱའོ། །དམར་མོ་ཟེ་ཆེན་ཕུག་དང༌། སྲིན་མོ་ནིའུ་རིང༌། སྲིན་མོ་མཆུ་སྡེར་ཅན་དང་སྤུ་རི་སྤོ་ཐོན་དང༌། པར་པ་ཏ་ཨེ་ཀ་ཛཱ་ཊི་དང༌། དཀར་ལ་དུང་མཚོ་དང༌། གཡུ་མཚོ། སྐྱོག་མོ་ཌཱ་ཀི་ལ་སོགས་པར་གསོལ་བ་བཏབ་པར་བྱའོ། །དངོས་གྲུབ་ཆེན་པོའི་ལམ་ཡིག་སློབ་དཔོན་པདྨས་མཛད་པའོ།།།།

མཁའ་འགྲོའི་ལམ་ཡིག་བཞུགས་སོ། །

བླ་མ་དང་ཌཱ་ཀིི་རྣམས་ལ་ཕྱག་འཚལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་འདོད་ན། ཞིང་སྐྱོང་གི་གནས་མགོན་པོ་བྱམས་པ་མངོན་པར་རྫོགས་པའི་སངས་རྒྱས་པ་ལ། རྩྭ་རི་རྩ་གོང་པར་པ་ཏ་ན་བཅོམ་ལྡན་བདེ་མཆོག་གི་དཀྱིལ་འཁོར་བཞུགས་པ་སྒྲུབ་པར་བྱ་སྟེ། དེ་ཡང་དེར་འགྲོ་བའི་ཌཱ་ཀི་མ་ཀ་མ་ལ་པི་གྷིས་སློབ་དཔོན་ལ་ཝ་ལ་དངོས་སྒྲུབ་སྦྱིན། ལ་ཝ་པ་སངས་རྒྱས་གྲགས་ཀྱིས། ཨུ་རྒྱན་ན་བདེ་མཆོག་དངོས་སུ་བཞུགས་པས། ང་ལྟར་འགྲོ་བྱས་པའི་ལྷ་ཡི་གཞལ་ཡས་མཐོང་ན་ཀུན་ལ་འགྲུབ། དེ་ཡང་སྒྲུབ་ཆེན་བརྒྱད་ནི་ས་འོག་རལ་གྲི་ལུས་དང༌། ཤིང་ལྷམ་བུམ་པ་བཟང་དང་ནོར་སྦྱིན་མོ། བཅུད་ཀྱི་ལེན་དང་མིག་སྨན་བཟང་པོ་ཡང༌། གནས་འདི་ལ་མྱུར་དུ་སྐྱེ་བར་འགྱུར། ཅེས་གསུངས་སོ། །ལུང་པའི་འདུག་སྟབས་བསྟན་པ་ནི། ཕུ་རྒྱབ་མདའ་ཤར་ལྷོ། ལྷོ་བྲག་ཆེ་བ་རྡོ་རྗེ་གདན་དང་ཐད་ཀར་ཕུ་ནས་འགྲོ་བའི་གཡས་ན་བྱར་གཉལ་ལོ་གསུམ་དང༌། གཡོན་ན་དཀར་ལེ་རྣམ་གསུམ་དང་ཀློ་བོ། དེ་ཡི་ཕྱི་ཏོ་ན་ཀོང་པོ་ཡོད། དཀར་ལེ་གོང་གསུམ་རྒྱ་དང་ནུབ་མཚམས་ན་མཁའ་འགྲོའི་གྲོང་ཡོད། དེ་ཡི་སྣང་བ་དག་པས་གྲོང་ཁྱེར་རྒྱ་གྲོང་ཆེན་པོའི་བཞི་མདོར་མཐོང༌། འབྲིང་གིས་ལ་མའི་མཁར་བུ། ཐ་མས་འདྲ་བ་མཐོང༌། དེར་བརྟེན་མོས་པ་ཅི་བྱ་གང་ནས་འགྲོ་ཡང་དེར་འགྲོ་དགོས། ལུང་པའི་ཕུ་ན་བོད་ཁག་གསུམ་ཡོད། དེ་ནས་མར་ཕྱིན་པ་ན། ཐང་ཟད་པའི་ས་ན་བྲག་ནག་པོ་ཡོད། དེ་ཡི་ཆུ་འབབ་པའི་ས་ན་གསེར་མཚོ་གྲུ་བཞི་གཅིག་ཡོད་པ་དུག མཚོ་ཡིན་པས་ཀླུ་གདུག་པ་ཅན་ཡོད། དྲི་མ་གཏང་དུ་མི་ཉན། རུང་དུ་མི་ཉན་ནོ། །དེ་ཡི་མཐའ་མ་ཟླ་གམ་དུ་ཡོད། དེའི་གཡོན་ན་དུག་མཚོ་གྲུ་གསུམ་དམར་པོ་མཐོང་བས་སྙིང་མི་དགའ་བ་གཅིག་ཡོད། དེ་ལ་དྲི་མ་སོང་དུ་མི་རུང༌། རུང་དུ་མི་རུང་ངོ༌། །མཐའ་མའི་དབྱིབས་ཟླུམ་པོར་ཡོད། དེ་ལ་ཟུར་དུ་འགྲོའོོ། །དེ་ནས་རྩྭ་རི་རྩ་གོང་ཡོད། གཡུ་མཚོ་ཟླུམ་པོའི་མཐའ་མ་ན་བྱེ་མ་ལ་གསེར་གཡུ་ཡོད། དེ་ཡི་ཕྱི་རུ་ཚེར་མ། དེ་ནས་ཤེལ་ཡོད་དོ། །ཤེལ་དེ་རྒྱང་ནས་བལྟས་ན་གངས་འདྲ། ཤེལ་གྱི་རི་མཐོང་ནས། ཇི་སྙེད་སུ་དག་འདོན་ཅིང་གསོལ་བ་བཏབ་པས། ནམ་མཁའ་ལ་འཇའི་གདུགས་གཅིག་འོང༌། བྲག་སྟེང་དུ་འོང་ཡང་སྲིད། མཚོ་དཀྱིལ་དུ་འོང་ཡང་སྲིད། གར་བྱུང་ཡང་དེར་མཆོད་རྟེན་འོང་བའི། དེར་ཕྱིན་ནས་མཆོད་པ་ཕུལ་ཞིང་གསོལ་བ་སྨོན་ལམ་གདབ་བོ། །དེ་ན་ཤིང་ཐོག་ཨ་འབྲས་ཡོད་པས་སྔོ་སྨྱུག་རྩི་བྱུང་བ་ཡིན། སེར་པོ་བྱུང་ན་དར་བའི་ཟ་རྒྱུ་ཡིན། བོད་ནས་འགྲོ་བའི་ལམ་ཁ་གོང་ན་ཡོད་དེ། གཡས་གཡོན་གཉིས་ཀར་ལམ་ཡོད། བྱར་ནས་འགྲོ་ན་ཀློ་བོའི་ཐད་ཀ་ནས་བསྐོར་འགྲོ དྭགས་ནས་འགྲོ་ན་ཀློ་བོའི་ཕྱོགས་ནས་འགྲོ ཟླ་བའི་ཞལ་ནས་ཨུ་རྒྱན་པས་ཀྱང༌། བྱིན་རླབས་ཆེ་བའི་བྱང་ཕྱོགས་མཐའ་འཁོབ་ན་ཡོད་དེར་སོང་གསུངས། དེར་ཕྱིན་པས་མཚོ་སྨུག་པས་ཐེབས་ནས་མ་མཐོང༌། ལོགས་ནས་མ་མཐོང་ཞུས་པས། ངས་གྲོགས་བྱ་གསུངས་ནས་སློབ་དཔོན་དང་འགྲོགས་ནས་ཕྱིན་པས། སློབ་དཔོན་བྲག་ཕུག་གཅིག་ཏུ་བཞུགས། ཤར་ཕྱོགས་ལ་ཝ་པ་ཆེན་པོས་རང་གི་ཉེ་གནས་ལ་འདི་ལྟར་གསུངས་ཏེ། ཁྱོད་གྲོང་མ་གིར་སོང་ལ། བུ་མོ་གླུ་གཞས་བྱེད་པ་ཁ་ཤས་བཞུགས་པས། དེ་ཡི་དབུས་མ་དེ་ཁྲིད་ཤོག་གསུངས། ཉེ་གནས་བྷུ་སུ་ཀུས་སྤོས་ཕོར་ཐོགས་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་འདྲེན་གྱིན་ཕྱིན་པས། གྲོང་ཁྱེར་ཆེན་པོ་གཅིག་གི་དཀྱིལ་དུ་ཕྱིན་པས། གླུ་ཞིག་ཐོས་ནས། ཁྱིམ་དེར་ཕྱིན་པས་བུ་མོ་ཉི་ཤུ་ཙམ་ཞིག་འདུག དབུས་མའི་བུ་མོ་དེ་ལག་པས་བཟུང་པས། དུས་ཨན་ཙམ་ཞིག་ལོན་ནས་དེའི་ལག་པའི་ནང་ན་དེ་འདྲའི་བུ་མོ་དེ་ནི་ལ་ཕུག་ལྟ་བུ་ཞིག་ཏུ་གྱུར་པས། ཉེ་གནས་བྷུ་སུ་ཀུས་དེ་འཁྱེར་ནས་རང་གི་སློབ་དཔོན་ལ་ཕུལ་བས། ལ་ཕུག་དེ་ཆུ་ལ་ཁྲུས་ནས་ཞོར་ལ་ཚོས་གསུངས། ཉེ་གནས་ཀྱིས་ལེགས་པར་བཙོས་ནས། མཐར་རང་གི་སློབ་དཔོན་ལ་ཚོས་འདུག་ཞུས་པས། ང་ལ་ཡང་ཕོར་པ་གང་དྲོངས༌། ཁྱོད་རང་ཡང་འཐུང་གསུངས། དེར་སློབ་དཔོན་ལ་ཕོར་པ་གང་དྲངས༌། ཉེ་གནས་ཁོ་རང་གིས་བསམ་པར། འདི་མི་ཤ་ཡིན་བསམ་ནས་ཁོ་རང་གིས་མ་འཐུང་པར། སློབ་དཔོན་ལ་ཕོར་པ་གང་དྲངས་ནས། ལ་ཕུག་བཀྲུས་པའི་ཆུ་དང་མཉམ་དུ་ལ་ཕུག་བཙོས་མ་ཅུང་ཟད་ཁྱི་ཞིག་ལ་བྱིན་པས། སློབ་དཔོན་དང་ཁྱི་གཉིས་རྩྭ་རིའི་མཁའ་སྤྱོད་རིའི་རྩེ་ལ་འཕུར་ནས། མཐར་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་པས། ཉེ་གནས་ཁོ་རང་ཤུལ་དུ་ལུས་པས་སེམས་ཤིན་ཏུ་སྐྱོ་བའི་སྒོ་ནས་མང་དུ་ངུས་པས་མཐར། ང་ཐུགས་རྗེས་བཟུང་བྱས་པས། སློབ་དཔོན་ཆེན་པོ་དེ་ཉིད་སླར་ལོག་སྟེ། རང་གི་མགོ་བོ་ནས་བཟུང་ནས་བྲང་ཡན་ཆད་ཀྱི་པགས་པ་བཤུས་ནས་གནང་བས། ཉེ་གནས་ཀྱིས་དེའི་ངོས་སུ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཀྲ་ལམ་མེར་མཇལ། དེའི་ལྷོ་ཕྱོགས་ཌཱ་ཀིས་བསྲུང་ནས་གྲོང་ཁྱེར་རྡ་ར་ན་བཞུགས་སོ། །དེ་ནས་ཨ་ཏི་ཤ་བྱོན་ཁར་སློབ་དཔོན་ལ་ཝ་པ་ལ་དཀྱིལ་འཁོར་ཞལ་སྟོན་པ་ཞུ་ཞུས་པས། ལམ་བསྟན་ནས་མདོ་མ་ན་མཐའ་འཁོབ་ཀྱིི་ཡུལ་ན་སྒྲུབ་གནས་ཡོད་དེར་སོང་གསུངས། དེར་ཡོན་ཏན་ཅི་འདོད་ཞུས་པས། ཡོན་ཏན་རྣམ་པའི་རང་བཞིན་ཏེ། ཤར་ཕྱོགས་ན་ལྷ་མོ་ནི་མཐུ་ཆེའོ། །ལྷོ་ཕྱོགས་སྒྲོལ་མ་ལ་གསོལ་བ་བཏབ་པས་ཚེ་དང་ནོར་འཕེལ། ནུབ་ཕྱོགས་ཁ་སར་པ་ཎི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཟུངས་ཏིང་ངེ་འཛིན་ཐོབ། བྱང་ཕྱོགས་སུ་བློན་པོ་ནི་རླུང་སེམས་ཀྱི་དངོས་གྲུབ་ཐོབ། འགྲོ་ཙ་ན་སྔོན་ལ་དཔལ་ལྡན་ལྷ་མོ་ཅན་དུ་འགྲོ དེ་ན་སོ་ཕག་གི་མཆོད་རྟེན་ཡོད། བྲག་ཁ་ན་སྐུ་ཁྲུས་ཀྱི་ཆུ་འབབ་ལ་ཁྲུས་བྱས་ན་མཐོ་རིས་ཡོན་ཏན་བདུན་ཐོབ། ཆུ་སྣ་སྒྲོལ་མ་དཀར་མོས་བསྒྱུར་བ་ལ་མཐོ་རིས་ཀྱི་ཡོན་ཏན་བདུན་ཐོབ། དེ་ཡི་སྟེང་ན་ཤེལ་གྱི་མཆོད་རྟེན་རང་བྱོན་གསུམ་ཡོད། དེ་ལ་ཞག་སྐོར་བྱས་ན་གྲུབ་ཆེན་ཐོབ། ཡང་བདུན་བྱས་ན་ཐུན་མོང་གི་དངོས་གྲུབ་ཐོབ། ཡང་བདུན་བྱས་ན་མཆོག་ཐོབ། མཆོད་རྟེན་སྲུང་ངོ༌། །འཇིགས་པ་གསུམ་ཡོད་དོ། །ཀུན་འོད་ཟེར་ཅན་གྱིས་སྲུང་ངོ༌། །ཇོ་བོ་བོད་དུ་བྱོན། ཡར་ཀླུང་ནས་ལན་གསུམ་གཟིགས། དེ་ཡིས་བསངས་ཕུལ་བ་ལ། དེས་སྒོམ་སྲུང་བླ་མ་ལ། དེས་དགོང་མོ་རྗེ་བཙུན་སྤྱན་མངའ་བ་ལ་བཤད། དེས་བྱ་ཡུལ་བ་ལ་བཤད། དེས་སྐུ་གཉེར་བ་ལ་བཤད། དེས་བླ་མ་རིན་པོ་ཆེ་ལ་བཤད་དོ། །དགེའོ། །མཁའ་འགྲོའི་ལམ་ཡིག་རྫོགས་སོ།། །།

ཇོ་བོ་རྗེའི་ལམ་ཡིག །

༄༅། །རྒྱ་གར་སྐད་དུ། རྩྭ་རི་རྩ་གོང་ཤེལ་རི་པར་པ་ཏ། བོད་སྐད་དུ་དཔལ་རི་བོ་ཆེན་པོ་ལུ་བའི་ཁོང༌། ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སྤྱིར་འཛམ་བུ་གླིང་ན་ཌཱ་ཀི་མའི་གནས་ཉི་ཤུ་རྩ་བཞི་ཡོད་པ་ལ། བོད་ལ་གཉིས་ཡོད། གཅིག་མངའ་རིས་ན་ཡོད། གཅིག་འདི་ཡིན། ལམ་ནི་འདི་ལྟར་ཡོད་བྱས། ཤར་ལམ་དང་ནུབ་ལམ་གཉིས་གཉིས་ཡོད་པ་ལ། ནུབ་ལམ་ནི་ཀར་ལེ་གོང་གསུམ་བྱ་བར་ཡོད། དེ་ནས་ཉིན་ཕྱེད་ཕྱིན་པའི་ས་དེ་ན་ལམ་སྲུང་གི་མཚོ་མངོན་ཏེ། དང་པོ་ཁོ་ནའི་ལམ་སྲུང་ཀླུ་ཡིན་ནོ། །དུག་མཚོ་སྒྲིལ་མ་དང༌། ཟུར་གསུམ། འཁོལ་མ་བཅས་གསུམ་ཡོད། དེ་རེག་པ་དང༌། མཐོང་བ། སེམས་པ་ཁ་རླངས་ཀྱི་དུག་ཅན་ནོ། །དང་པོ་ལ་ཁ་ནས་ཡར་ཡོང་ཙ་ན། སྤོས་ལ་ཞེས་བྱས་པའི་པུ་ཤེལ་ཙི་ལ་སོགས་པའི་ཀླུ་སྨན་འབྱོར་ཚད་དང༌། བ་དམར་ར་དཀར་གྱི་འོ་མས་ལྡེ་གུ་བྱས་ལ་ཀླུ་གཏོར་གཏང༌། ཀླུ་བྱང་ཆུབ་སེམས་པ་རྣམས་དངོས་གྲུབ་ལེན་པ་ལ། བར་ཆད་མི་འབྱུང་བའི་གསོལ་གཏབ་བདེན་པ་བདར། དེ་ནས་གཏོར་མ་གཉིས་བཅོས་ལ། གཅིག་དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འབུལ། གཅིག་འཇིག་རྟེན་བསྟན་མ་རྣམས་ལ་འབུལ། གཏོར་མ་ཐམས་ཅད་ཁ་འབར་མས་འབུལ། བྱིན་རླབས་ཤིན་ཏུ་ཆེ་གསུངས་སོ། །དེ་ནས་རང་ལ་སྲུང་བ་འདི་རྣམས་གདགས་ཏེ། རྨ་བྱའི་མདོངས་གཉིས་གཡས་གཡོན་གཉིས་སུ་བཟུང༌། དེ་ལ་འགྲོ་བ་བྱ་ཁྱུང་གི་གཟུགས་གཉིས་བྱས་ལ་རབ་གནས་བྱས་ལ་གཏང༌། རྨ་བྱའི་མདོངས་གཅིག་ཚོགས་མར་འཛུགས། ལུས་བྱིངས་ཐམས་ཅད་ལ་གླ་རྩི་བྱུགས། མིག་རས་ལ་གླ་རྩི་བྱུགས་ལ་དགབ། གཞན་ཡང་ཀླུ་ཡི་སྲུང་བ་རྙེད་ཚད་གདགས། མཚོ་རྣམས་ཀྱི་ནང་ནས་མ་འཇིགས་པ་དང༌། བྲག་བག་ཚ་བ་མེད་པར་མིག་གཡས་གཡོན་དུའང་མི་བལྟ་བར། ཅི་ཟེར་ཡང་ལན་མི་སྟེར་བར་འགྲོའོ། །དེ་ནས་མར་ཕྱིན་པ་ན་འཇིག་རྟེན་གྱི་ཌཱ་ཀིའི་ལམ་སྲུང་ཡོད། བུ་མོ་ཤར་མོ་ཚན་ཅིག་ལག་པ་སྦྲེལ་ནས་ཤོན་བྲོ་འཁྲབ་པ་ཐོན། དེ་འཇིག་རྟེན་གྱི་བསྟན་མ་ཡིན། དེ་ཡི་དབུས་སུ་དཀར་གཏོར་དང༌། དམར་གཏོར་གཅིག་བཤམ་སྟེེ། གཅིག་ཆོས་སྐྱོང་ལ་འབུལ། དངོས་གྲུབ་ལེན་པ་ལ་བར་ཆད་མི་བྱེད་པ་གསོལ་བ་བཏབ། གཅིག་ནི་འཇིག་རྟེན་གྱི་བསྟན་མ་ལ་ཕུལ་ལ་གསོལ་བ་གོང་ལྟར་བཏབ། བདེན་པ་བདར་ནས་གཡང་རོང་ཞིག་ནས་མར། འདོད་ཆགས་ཞེ་སྡང་མེད་པ་གཏམ་ཅི་ཟེར་ཡང་ལན་མི་སྦྱིན་པ་ཤེད་ཀྱིས་འགྲོ སྒབ་དེར་ཕྱིན་པ་དང་བུ་མོ་དེ་རྣམས་ཚུབ་ཏུ་སྐྱ་རིང་ཚེར་འགྲོ དེ་ནས་མར་ཕྱིན་པ་ན་མི་ཁྱིམ་བདུན་པའི་གྲོང་ཞིག་ཡོད། གཙོ་བོ་བརྒྱ། ཤར་ཕོ་བརྒྱ། བུ་མོ་བརྒྱ། རྒན་མོ་བརྒྱ། ཁྱི་བརྒྱ། བརྒྱ་བརྒྱ་ཡོད་དེ་མཐོང་བའི་དུས་སུ་གཏོར་མ་ལ་སོགས་སྔར་དང་འདྲ། དེ་ནས་གྲོང་དེ་ལ་གཡོན་ཕྱོགས་ནས་བསྐོར་བ་བདུན་བྱས་ལ། གཏམ་ཅི་ཟེར་ཡང་ཆགས་པ་མེད་པར་ལན་མི་སྦྱིན་པར་འགྲོའོ། །ཡང་དེ་ནས་ཕར་ཕྱིན་པས་རྡོ་རི་དྭགས་ཤོར་བའི་རྔོན་པ་དང༌། སྟག་དང་གཅན་གཟན་གདུག་པ་ཅན་སོགས་ཡོད་དེ། དེ་རྣམས་ཀྱི་སྲུང་བ་ལྷ་མོ་འོད་ཟེར་ཅན་འགྲུབ་ཚད་སྒྲུབས། གཞན་ཡང་རྟེན་འབྲེལ་གྱིས་ལམ་སྲུང་དང་ཇག་འཆིང་རྙེད་ཚད་ཁྱེར་ལ་འགྲོ དེ་གྲུབ་བོ། །དེ་ནས་བཀྲ་ཤིས་བྲག་ཕུག་གི་ར་བ་བྱ་བ་ཡོད། དེ་ལ་བྲག་གི་མདའ་ལྟོང་ཞིག་ཡོད། དེ་ཡི་སྒོ་འགྲམ་གཡས་གཡོན་གཉིས་ན་ཁྲོ་བོ་སྟོབས་པོ་ཆེ་དང༌། དཔལ་རྟ་མགྲིན་གཉིས་ཡོད། ཕྱག་བྱ་མཆོད་པ་འབུལ་གསོལ་བ་གཏབ་ན་འཇིག་རྟེན་དངོས་གྲུབ་ཕན་ཚིག་ཀྱང་དེ་ཡིས་སྟེར། དེ་ན་མ་རྨོས་ལོ་ཐོག་བུ་རམ་ཤིང་ཐོག་ལ་སོགས་པ་མང་པོ་ཡོད། དེ་ཕར་བརྒལ་བ་དང་གསེར་རྒོད་གཡུ་རྒོད་ཀྱི་ཚལ་ཡོད། དེ་ཡི་ལྷོ་ཕྱོགས་ནས་ཡར་ཕྱིན་པ་ན། ལྷ་མོ་དཔོན་གཡོག་གསུམ་གྱི་རང་བྱོན་དུ་ཡོད། དེ་ལ་མཆོད་པ་ཕུལ། གསོལ་བ་གཏབ། ཆོས་སྤྱོད་སྤྱི་ལ་འབུངས། ཚེ་འདིར་ཆོས་བྱེད་པར་བར་ཆད་མི་འོང་བའི་དངོས་གྲུབ་དེས་སྟེར་ནུས། དེར་ནུབ་གཅིག་ཉལ། དེ་ནས་ཕྱི་རྗེས་ལོག་ནས་ཤེལ་གྱི་བྲག་ཕུག་ཅིག་ན། ཇོ་བོ་ཁ་སར་པ་ཎི་སྐུ་རང་བྱོན་ཞིག་ཡོད། དེ་ལ་མཆོད་པ་ཕུལ། གསོལ་བ་གཏབ་པས་སྒྲུབ་ཆེན་བརྒྱད་གང་ཡིད་ལ་འདོད་པ་གཅིག་སྟེར། དེ་ནས་ཤར་ངོས་ན་ཕར་ཕྱིན་པས་ཤེལ་གྱི་མཆོད་རྟེན་ཞིག་ཡོད། དེ་གསུམ་གྱི་བུམ་པ་ལ་འཁོར་ལོ་སྡོམ་པ་དང༌། རྒྱུ་མ་ཆེན་པོ། གསང་བ་འདུས་པ་གཤིན་རྗེ་གཤེད་དེ་དག འཇིགས་བྱེད་འཇམ་དཔལ་གཞོན་ནུ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས། ཡབ་ཡུམ་འཁྲིལ་མ་ཕྱེད་དང་སུམ་བརྒྱ་ལ་སོགས་བཞུགས་པ་ལ། དུས་ཐམས་ཅད་དུ་ལྷའི་བུ་ཐམས་ཅད་ཀྱིས་ནམ་མཁའ་ལ། སྤྲིན་བསྡུས་ནས་ཆུ་ཡན་ལག་བརྒྱད་ལྡན་གྱི་ཆར་ཕབས་ནས་སྐུ་ཁྲུས་གསོལ། འཕྲང་རིམ་གྱི་ཆུ་ཤེལ་རྦ་ཡོད་པ་ལ། ཆུ་བྱུང་ནས་མཚོ་ནང་ལ་ཕོག་པས་ལྷ་མོ་ཡིད་བཞིན་འཁོར་ལོའི་གཟུགས་སུ། ཁ་དོག་སྣ་ཚོགས་ཀྱི་ལི་ལི་འོང་པ་ལ་ཕྱག་འཚལ། སྐུ་ཡིས་གཟར་བུས་རྦ་མཚོར་བཅད་པ་ལ་སྦྲང་རྩི་དང༌། བུ་རམ་གྱི་རོ་ལྷ་བུས་འཐུང་བས་གྲུབ་ཆེན་བརྒྱད་གང་ཡིན་པ་ལ་འདོད་པ་བཞིན་ཐོབ། དེ་ནས་ཤེལ་གྱི་མཆོད་རྟེན་དབུ་མའི་རྩ་བ་ནས་ཡར་ལ། ཤེལ་གྱི་ཐེམ་སྐས་བཞི་ཡོད། དེ་ལ་ཕྱིན་པས་བང་རིམ་གྱི་སྟེང་དུ་བརྟོལ་ནས་མཆོད་རྟེན་ལ། བསྐོར་བ་ཞག་བདུན་བྱས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཁོ་བོ་ནི་བསང་ཕུལ་ལ་ཁར་ཐེངས་གཉིས་ཕྱིན་པས་གཉིས་ཀ་ལ། བདེ་མཆོག་ལུ་ཧིའི་དཀྱིལ་འཁོར་ནང་ལྟར་བསྟན་ནས་མ་འོངས་ཀྱང་འདི་རང་ཡིན། ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཕྱི་མ་རྣམས་ཀྱང་ཐོབ་གསུངས་ནས་ལོག་སྐད་དོ། །ཇོ་བོ་རྗེའི་ལམ་ཡིག་རྫོགས་སོ།། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*