གྲུབ་ཐོབ་མཉྫུ་ཤྲིའི་ལམ་ཡིག་བཞུགས་སོ། །
ན་མོ་གུ་རུ། རང་བྱུང་བྱིན་རླབས་ཅན་གྱི་གནས་རྩྭ་རི་ཏྲ་ཞེས་བྱ་བ་དཀྱིལ་འཁོར་སྒོ་བཞི་རྟ་བབ་དང་བཅས་པ། ནང་ཕོ་བྲང་གཞལ་ཡས་ཁང་ཡོད་པ་ལ་སོགས་ལམ་ཡིག་གཞན་ན་བཤད་མོད། ཁྱད་པར་དངོས་གྲུབ་ཀྱི་རྫས་ཡོད་པ་རྩྭ་རི་ལུང་ཆུང་ཞེས་བྱ་བ་ནུབ་མོ་ནི་མེ་འབར། ཉིན་མོ་ནི་བུ་ཡུག་འཚུབ། ནང་ནུབ་ནི་དུ་བ་འཐུལ་བ། ལས་ཀྱི་ཌཱ་ཀི་མ་བདུན་གྱི་དངོས་གྲུབ་བཅུད་ཡོད། དངོས་གྲུབ་ལེན་པར་འདོད་པའི་རྣལ་འབྱོར་པ་སྙིང་སྟོབས་ཅན་གྱིས། ཌཱ་ཀི་མ་ལ་ཚོགས་དང་གཏོར་མ་ལ་བརྩོན་པར་བྱ་ཞིང༌། ཟིལ་ཆེན་ཕུག སྲིན་མོ་ནིའུ་རིང༌། སྤུ་རི་སྤོ་ཐོན། སྲིན་ལ་གཏམ་བུ་དབུ་ཅན་པར་པ་ཐང༌། ཀ་ལ་དུང་མཚོ་གཡུ་མཚོ་སྐྱོག་མོ་ལ་སོགས་པར་ཕྱིན་པར་གསོལ་བ་གཏབ། ཁྱད་པར་གནས་རྩྭ་རི་ལུང་ཆུང་དེ། ཀ་ལ་དུང་མཚོ་དང༌། གཡུ་མཚོ་སྐྱོག་མོ་གཉིས་ཀྱི་བར་ན། ཁ་བྱང་ཤར་ན་བལྟ་བ། ཕུ་ནུབ་ཏུ་བལྟ་བ། མདའ་ལྕོང་རོང་དོག་པ། ཅོང་ཞིའི་བྲག་སྲིན་མོ་ལངས་པ་འདྲ་བ་ཡོད། ཤིང་འབྲུ་གུ་ཅན་གྱི་ནགས་ཚལ་གྱིས་ཆོད་པ། ཕུ་ཡངས་པ་སླ་ང་འདྲ་བ། དེའི་དཀྱིལ་ན་རི་ལྟེ་བ་འདྲ་བ་ཞིག་ཡོད། འཛམ་བུ་གླིང་གི་མེ་ཏོག་སྐྱེས་ཚད་ཀྱི་རྩྭ་ཚང་བ༌། དབྱར་ཟླ་གསུམ་མེ་ཏོག་ཏུ་འབར་བ། ཟླ་བ་ཡར་ངོའི་ཚེས་ཀྱི་ཟླ་བ་ཤར་བ་ལྟ་བུ་ལུང་པ་འོད་གསལ་བ། གནས་དེར་སླེབས་པ་དང་དབང་པོ་དྭངས་པ་རིག་པ་གསལ་བ། མཆོག་ཏུ་ཉམས་དགའ་བ་ཡོད་དེ། རི་ཡི་རྩེ་ལ་བྲག་དཀར་པོ་དར་གྱི་གུར་ཕུབ་པ་འདྲ་བ་གཅིག་ཡོད་དོ། །དེའི་ཤར་གྱི་ངོས་ལ་བོང་ནག་གི་གླེབ་མ་གཅིག་ཡོད། དེ་ཡི་སྲིབ་ན་དངོས་གྲུབ་ཀྱི་རྫས་ཀླུ་བདུད་ནག་པོ་ཞེས་བྱ་བ། དགུན་ཟླ་གསུམ་རྩ་བ་ལ་གནས། འབྲི་ཏ་ས་འཛིན་ཞེས་པ་དཔྱིད་ཟླ་གསུམ་ལོ་མ་ལ་གནས་པ། ངུར་ཡ་འོད་ལྗང་ཞེས་བྱ་བ། དབྱར་ཟླ་གསུམ་མེ་ཏོག་ལ་གནས་པ། ཀུནྡ་བདེ་སྐྱེད་ཅེས་བྱ་བ་སྟོན་ཟླ་གསུམ་འབྲས་བུ་ལ་གནས་ཏེ། སིནྡྷ་ས་འབྲུ་ཞེས་བྱའོ། །དེ་ཡི་རྩ་བ་ལ་ཕུག་འདྲ་བ། ལོ་མ་པདྨ་འདྲ་བ། མེ་ཏོག་དྲིལ་བུ་འདྲ་བ། ནང་ན་རྡོ་རྗེ་རྒྱ་གྲམ་ཡོད་པ། ཁ་དོག་སྔོན་པོ་ལ་སྨུག་པོའི་ཐིག་ལེ་ཡོད་པ། འབྲས་བུ་བྲ་བོ་འདྲ་བ་ཟུར་གསུམ་པ། ཚིགས་རིང་པོར་སྐྱེ་བ། ཤར་གྱི་གངས་མཐོང་བ་མེ་ཏོག་ཉི་མའི་རྗེས་སུ་འབྲང་བ། ནུབ་མོ་སྨིག་རྒྱུའི་མེ་འབྱིན་པ། ལག་པས་རེག་ན་ཟྭ་བོ་བཞིན་དུ་འཚིག་པར་འགྱུར་བ། ཆུ་ཡི་ནང་དུ་བཅུག་ན་སོ་རིང་གིན་འོང༌། སྔོ་དེ་ཆུ་འཁོལ་ཞེས་བྱ་བ། རི་དྭགས་ཀྱི་བརྫིས་ན། དེ་ཡི་དྲི་བྱུང་བས་སེར་བ་ཤར་ཤར་དུ་བྱུང་བ། སྔོ་འབྱུང་བ་འཁྲུགས་ཞེས་བྱའོ། །རླངས་པ་རྟ་རྔ་ཙམ་ཞིག་ཐུལ་ལོ། །དེ་ལ་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་ཕྱོགས་དེར་ཉེ་བར་མི་ནུས་སོ། །ལག་པ་བཀབ་ན་ཚ་འུར་འུར་འོང་ངོ༌། ཁ་བ་བབས་ན་རྡོ་ཚན་ལ་ཁ་བ་བབས་པ་བཞིན་བཞུ་ནུས་པ། གྲོགས་སྦུར་འབུ་སྦྲང་ཐམས་ཅད་ཕྱིར་སྤུངས་ཏེ་འཆི། བཅད་ན་ཐར་ནུ་ལྟ་བུར་ཞོ་སྟུག་གི་འོང༌། དེ་ལྟ་བུའི་དངོས་གྲུབ་ཆེན་པོའི་རྫས་དེ་ལོན་ན། མཛེ་ནག་ཐོ་ལུམ་ལ་སོགས་ཀྱང་འདི་གའི་ཁོངས་སུ་སོང་བས་ཐུབ། དྲི་ཚོར་བ་ཙམ་གྱིས་ཀླུ་བྲོས། རོ་མྱོང་བ་ཙམ་གྱིས་ཀླུ་རྒྱལ་ནུས། གཏོར་སོང་བ་ཙམ་གྱིས་ཀླུ་འཆི་ནུས་སོ། །རྩ་བ། འབྲས་བུ། མེ་ཏོག ལོ་མ་བཞི་ག་ཚང་ན་ལུས་སྦྲུལ་གྱི་ལྐོགས་པ་བརྗེས་པ་བཞིན་དུ་དཀར་སེང་འགྲོ ཚེ་ཡི་རིག་འཛིན་ཐོབ་པར་ནུས། ལུས་ཤིང་བལ་ལྟར་ཡང༌། ནམ་མཁར་བྱ་ལྟར་འཕུར་ནུས། ཆུ་ལ་མི་བྱིང་བར་འབྱུང་བའི་ནད་ལས་མཐར། ཐམས་ཅད་དབང་དུ་འདུས། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འབྱུང༌། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ། རྫས་ཀྱི་དངོས་གྲུབ་ལེན་པའི་ལམ་ཡིག་ཟབ་མོ་འདི། སློབ་དཔོན་པདྨའི་སྤྲུལ་པ་གྲུབ་ཐོབ་མི་ཊ་ཛོ་ཀིས་ཨོ་རྒྱན་པ་ལ་གནང༌། དེས་རོང་པ་དབུས་སུ་ཐོན་ནས་དེའི་རང་གྲོལ་སེངྒེ་ལ་ཕུལ།
དཔལ་ལྡན་རང་བྱོན་ལྷུན་གྲུབ་ཀྱིས། །
དཀྱིལ་འཁོར་ཆེན་པོ་དེ་ཡི་ལམ་ཡིག་འདི། །སྣང་སྲིད་མེ་བདུན་ཆུ་གཅིག་ལ་སོགས་ཏེ། །
འཇིག་རྟེན་བསྐལ་པ་འཇིཊ་པའི་དུས་བྱུང་ཡང༌། །འདི་ཉིད་གཞན་ལ་བརྗོད་པ་རིཊ་མིན་ཏེ། །
གཅིག་མིན་གཉིས་ལས་མང་གྱུར་ན། །རྒྱལ་ཁམས་ཐམས་མེ་ཡིས་བསྲེག །
གཉིས་མིན་གསུམ་ལས་མང་བ་ན། །མནར་མེད་དམྱལ་བའི་གནས་སུ་་འགྲོ །
དམ་ཚིག་དབང་སྒོ་མ་བྱེད་ཅིང༌། །དམ་ཚིག་ཆོས་དང་མི་ལྡན་པས། །
ཡིག་ནག་ལམ་ཡིག་ལྟ་འདོད་ན། །གསང་བ་སྒྲོགས་པའི་ལྟུང་བ་དང༌། །
མཁའ་འགྲོའི་བཀའ་ཆད་འབྱུང་བས་སྦ། །འདི་ནི་འབྲས་བུ་སྔགས་ཀྱིས་བསྐོར། །
བཞུགས་པའི་རྣལ་འབྱོར་རིན་ཆེན་ལ། །ཞི་ནི་དམ་ཚིག་གཙོར་བྱ་སྟེ། །
སྒྲུབ་པ་ཉམས་སུ་ལེན་པའི་ས། །སྒྲུབ་གནས་ཁྱད་དུ་འཕགས་པ་ཡིས། །
རྩྭ་རི་རྩ་གོང་ལམ་ཡིག་འདི། །དམ་ཚིག་ལྡན་པའི་སློབ་མ་ལ། །
ཉི་ཟླ་གསལ་སྒྲིབ་མེད་ལྟར་སྟོན། །ཀུན་ལ་མ་སྤེལ་ཚེ་ལ་གནོད། །
ཟུར་བརྒྱད་སྙིང་གིས་དཔལ་བེར་ལེཊ་པར་འཆོ། །མཆོག་དང་ཐུན་མོང་དངོས་གྲུབ་ལེན་པ་ཡིས། །
གསང་བའི་ལམ་ཡིག་ཁྱད་པར་འཕགས་པ་འདི། །ནམ་ཞིག་མ་འོངས་མཐའ་མའི་དུས་ཀྱི་ཚེ། །
སྐལ་ལྡན་ལས་ཅན་གཅིག་དང་ཕྲད་པར་ཤོག །སྒྲུབ་གནས་ཆེན་པོ་དེ་རུ་ཕྱིན་ཙམ་གྱིས། །
སྡིག་སྒྲིབ་བྱང་ནས་ཡེ་ཤེས་ཀྱིས་རང་བཞིན་འཆར། །ནམ་ཞིགས་ཚེ་ཡི་འདུ་བྱེད་སྟོངས་གྱུར་ཀྱང༌། །
མི་དེ་འཁོར་བ་མི་གནས་མྱ་ངན་འདས། །བདེ་བའི་ལམ་ཞུགས་བདེ་བར་ཆེན་པོར་འགྲོ །
ཞེས་གསུངས་སོ།། །།
རྒྱལ་པོ་དང་བཙུན་མོའི་ལམ་ཡིག་བཞུགས་སོ། །
བུད་དྷ་བཛྲ་ཌཱ་ཀི་ལ་ན་མོ། །བླ་མ་ལ་གུས་དད་དང་སྙིང་རྗེ་ལྡན། །
ལུས་དང་སྲོག་ལ་འཕང་པ་མི་བལྟ་ཞིང༌། །སེམས་རྩལ་ཆེ་ཞིང་དམ་ཚིག་ཚུལ་བཞིན་བསྲུང༌། །
སྒྲུབ་ལ་བརྩོན་ཞིང་གཞན་དོན་ལྷུར་ལེན་པའི། །བྱ་བ་བཏང་ཞིང་རྣལ་འབྱོར་སྣོད་ལྡན་ལ། །
བཅུད་ཀྱི་ལམ་ཡིག་གསལ་བའི་སྒྲོན་མེ་འདི། །ཕ་རོལ་ཕྱིན་པའི་ས་ལམ་ནས་བཤད་ལྟར། །
འདིར་ཡང་བཤད་ཅིང་ཡི་གེར་བཀོད་པ་དང༌། །མ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ།།
ལུང་ཁུངས་བཤད་པ། དཔལ་གསང་བ་རིན་ཆེན་བདུད་རྩིའི་བུམ་པའི་བརྒྱུད་ནས། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཞེས་དང༌། འཇམ་དཔལ་གཤིན་རྗེ་གཤེད་ནས་བཤད་པ་ལྟར། གནས་བརྒྱད་དུར་ཁྲོད་ཆེན་པོ་རྔམ་པའི་འགོ །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །མཁའ་འགྲོའི་ལུང་སྟོན་བྱིན་གྱིས་བརླབས་པའི་གནས། །རང་བྱུང་ལྷུན་གྲུབ་རྩྭ་རི་ཞེས་བྱ་བ། །ཨོ་རྒྱན་གླིང་ངམ་མཁའ་སྤྱོད་དག་དང་མཚུངས། །ཞེས་སོ། །མཁའ་འགྲོ་མེ་ལྕེ་འབར་བའི་བརྒྱུད་ལས། ཉི་མ་བྱང་ཤར་ཕ་གི་ན། །གཡའ་དང་གངས་རིའི་ཕ་རོལ་ན། །སྤྲིན་དང་ན་བུན་ཚུར་རོལ་ན། །དབྱིངས་ཕྱུག་དཔལ་ལྡན་མཁའ་འགྲོའི་འདུ་བའི་གནས། །ཞེས་དང༌། མ་གྷ་དྷ་རྡོ་རྗེ་གདན་ནས་རྩིས་པའི་བྱང་ཤར་མཚམས་སུ། དོན་ལ་སྦྱར་ན་གནས་ཆེན་དེར་ཕྱིན་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་བྱང་ནས། ཡེ་ཤེས་རང་བཞིན་གྱིས་ཤར་བའི་ཕྱིར་ན་བྱང་ཤར་མཚམས་ཞེས་བྱའོ། །དཔལ་ཕྱག་ན་རྡོ་རྗེ་རིན་ཆེན་འབར་བའི་བརྒྱུད་ལས། ཡང་དག་དངོས་གྲུབ་རྩ་གོང་རྩྭ་ཡི་རི། །མཆོག་དང་ཐུན་མོང་དངོས་གྲུབ་རོ་མྱོང་ནས། །ཡང་དག་དོན་མཐོང་བྱ་བ་བྱེད་པའི་ཕྱིར། །བདེ་བའི་ལམ་ཞུགས་བདེ་བ་ཆེན་པོར་འགྲོ །ཞེས་པས། ལས་ཅན་དམ་ཚིག་ལྡན་པ་དབང་པས་དབང་པོ་རབ། ཟླ་བ་གཅིག་ནས་མཁའ་འགྲོ་མས་ལུང་སྟོན། ཟླ་བ་གཉིས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། ཟླ་བ་གསུམ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཅེས་སོ། །གང་ཟག་དབང་པོ་འབྲིང་ནི་ཟླ་བ་བདུན་ནས་དངོས་གྲུབ་ཐོབ་པར་གསུངས༌། དབང་པོ་ཐ་མར་གྱུར་ན་ཡང་ལོ་གཅིག་ནས་དངོས་གྲུབ་ཐོབ་པར་གསུངས༌། སྒྲུབ་གནས་ཆེན་པོ་འདི་ཉིད་དུ། །དེ་ཡི་ལམ་ཡིག་བསྟན་པ་ནི། སྤྱི་བཤད་གནས་བཀོད། སྤྱིར་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་འཇིག་རྟེན་ལ་བྱོན་ནས་ཆོས་སྟོན་པའི་གླིང༌། རྒྱུ་རིན་ཆེན་ལྷུན་གྱིས་གྲུབ་པའི་རི་བོ་མཆོག་རབ་ཀྱི་ལྷོ། བཻཌུརྻ་སྔོན་པོ་བརྡོལ་བའི་ངོས། ཤིང་འཛམ་བུ་ཏྲི་ཤ་འབྱིན་པའི་ས། གླིང་གཞན་ལས་ཁྱད་པར་འཕགས་པ་ཆོས་འབྱུང་སོགས་མཁར་ཆགས་པའི་སྟེང༌། རྒྱ་བོད་ཀྱི་ས་མཚམས་རྟེན་འབྲེལ་གྱི་རྫས་སྣ་ཚོགས་ཚང་བའི་གླིང་བཞི་པདྨ་འདབ་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲིས་རྫས་བརྒྱད། མི་མ་ཡིན་གྱི་གཟུགས་སུ་ཤར་བ། རི་བྲག་ཐམས་ཅད་རྡོ་རྗེ་བསྣོལ་བའི་ཚུལ། གཡའ་བྲག་ཐམས་ཅད་སྲིན་མོ་རལ་པ་གཟེངས་པ་འདྲ་བ། ཅ་ཕྲང་ཐམས་ཅད་སེང་གེ་གྱེན་ལ་མཆོངས་པ་འདྲ་བ། ཆུ་ཐམས་ཅད་དར་དཀར་འཕྱར་བ་འདྲ་བ། ཤིང་ཐམས་ཅད་ཕོ་བྲང་གི་མི་ལངས་པ་འདྲ་བ། དཔའ་བོ་དང་དཔའ་མོའི་ཚོགས་ཐམས་ཅད་རང་བཞིན་གྱིས་འདུ་བ། མཁའ་འགྲོ་མས་མངོན་གསུམ་དུ་ཆོས་སྟོན་པའི་གནས། སྐལ་མེད་རྣམས་ནི་ཚེ་སྲོག་གཅོད་པ། སྐལ་ལྡན་རྣལ་འབྱོར་པས་དངོས་གྲུབ་ལེན་པའི་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིང༌། རང་བྱུང་གི་རྟེན་མང་ཞིང༌། མ་བསྒོམ་ཡང་རིག་པ་འཆར་བའི་གླིང༌། རྡོ་འཐབ་པ། ཤིང་གཡོ་བ། ཆུ་འབབ་པ། རླུང་གཡོ་བ་སོགས་ཀྱི་སྒྲ་ལ། ཧཱུྂ་ཧཱུྂ་ཕཊ་ཕཊ་ཕེཾ་ཕེཾ་ལ་སོགས་མཁའ་འགྲོ་མའི་རང་སྒྲ་སྒྲོག་པ། མདུན་གྱི་ནམ་མཁའ་ལ་འཇའ་ཡི་དྲ་བས་གང་བ་དང༌། ཌཱ་མ་རུ་དང་རོལ་མོའི་སྒྲ་མང་པོ་སྒྲོག་པ་འབྱུང༌། དེ་ལྟར་ཉམས་དགའ་བ་དང་ཡིད་གསལ་བ། ཉོན་མོངས་པའི་རྟོག་པ་ཐམས་ཅད་ཞི་ནས། སེམས་མི་རྟོག་པའི་རང་བཞིན་དུ་ཤར་བ། དེ་ལྟར་བྱིན་རླབས་རང་བྱུང་གི་མཆོད་རྟེན་དེ་ནི། ཕྱི་དཀྱིལ་འཁོར་གཞལ་ཡས་ཁང་གི་ཚུལ་དུ་ཤར་བ། ནང་ཕོ་བྲང་གླིང་དགུའི་ཚུལ། གསང་བ་བུམ་སྐུའི་ཚུལ་དུ་ཤར་བའོ། །དེ་ལྟར་ཕྱོགས་བཞི་ན་སྒོ་བཞི། ཤར་སྒོ་འཕགས་པ་འཇམ་དཔལ་གྱི་སྒོ་རྒྱ་ནག་པོ་ལ་བལྟ་བ། སྒོ་སྲུང་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བྱེད། རྒྱ་ནག་པོ་ཤེས་རབ་ཆེ་བ་དེ་ལྟར་ཡིན་པ་གདའ། ལྷོ་སྒོ་ཕྱག་ན་རྡོ་རྗེ་དེ་རྒྱ་དཀར་ལ་བལྟ། སྒོ་སྲུང་ཁྲོ་བོ་བདུད་རྩི་འཁྱིལ་བས་བྱེད། རྒྱ་དཀར་པ་སྔགས་ནུས་ཆེ་བ་དེ་ལྟར་ལགས། ནུབ་སྒོ་ཇོ་མོ་སྒྲོལ་མའི་སྒོ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་བལྟ། སྒོ་སྲུང་ལྷ་མོ་ཨེ་ཀ་ཛཱ་ཊིས་བྱེད། ཨོ་རྒྱན་འཕྲིན་ལས་མཁས་པའི་རྒྱུ་མཚན་དེ་ལྟར་ཡིན། བྱང་སྒོ་ཐུགས་རྗེ་ཆེན་པོའི་སྒོ སྒོ་སྲུང་ཧ་ཡ་གྲྀ་བས་བྱེད། བོད་བྱང་སེམས་ཆེ་བའི་ལོ་རྒྱུས་དེ་ལྟར་ལགས། དེ་བྱར་པོ་ཐེམ་པ་ལ་བྱ་བ་དྲིས་ཏེ། ལ་དེ་ནི་དཀྱིལ་འཁོར་གྱི་སྒོའི་ཚུལ་ལོ། །ལ་ཁ་དེ་ནས་སྒོ་སྲུང་དཔའ་བོ་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ་ཕྱིན་པས། སྲིན་མོ་དཔལ་གྱི་རྡོ་སྐུ་བྱ་བ། སྤུར་ཆེན་དཔའ་བོ་རྫོང་ཆེན་བྱ་བ། སྤོ་ཐོ་དཔའ་མོ་རྫོང་ཆུང་བྱ་བ། གཟི་ཆེན་གསང་བ་ཕུག་པ་བྱ་བ། རང་བྱུང་རྫ་ཡི་མཆོད་རྟེན་བྱ་བ། སྲིན་མོ་ལྷ་ཡི་ནེ་རིང་བྱ་བ། གུར་གུམ་སྨན་གྱི་གསེར་ལྗོངས་བྱ་བ། འབྲས་བུ་ཤིང་གི་ནགས་ཚལ་བྱ་བ། ཕ་བོང་ཁ་འཐབ་ཀྱི་ཕྲང་རིང་བྱ་བ་ལམ་ཡིག་གཞན་དང་མཐུན་པས་འདིར་མ་བཀོད། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། གཡའ་དང་གངས་ཀྱི་ཕ་རོལ་ན། ཞེས་དང༌། སྟེང་གཡའ་དང་གངས་རི་ན། ནང་ཁོང་མཚོ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་ནི། ལ་ལ་ནི་ཞི་བའི་མཚོ་དཀར་ཟླུམ་པོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་གནས། ལ་ལ་ནི་རྒྱས་པའི་མཚོ་སེར་པོ་གྲུ་བཞི་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་གནས། ལ་ལ་དབང་གི་མཚོ་དམར་པོ་ཟླ་གམ་གྱི་གཟུགས་ལ་པདྨ་རིགས་ཀྱི་མཁའ་འགྲོ་མ་གནས། ལ་ལ་ནི་དྲག་པོའི་མཚོ་མཐིང་ནག་གྲུ་གསུམ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་གནས་སོ། །དེ་ལྟར་འཕྲིན་ལས་རྣམ་པ་བཞིའི་སྒོ་བསྟུན་ཏེ་ཆགས་པའི་མཚོ་ལ་མཁའ་འགྲོ་སྡེ་བཞི་གནས་ཏེ། གཡའ་སྨན་དང་གངས་སྨན་མཚོ་སྨན་གྱི་ཚོགས་ཀྱིས་བསྐོར། རྣལ་འབྱོར་དམ་ཚིག་ལྡན་ཞིང་འཇིག་རྟེན་གྱི་བྱ་བ་བཏང་ནས། སྒྲུབ་པ་ཚུལ་བཞིན་ཉམས་སུ་ལེན་པའི་རྣལ་འབྱོར་ལ་མཆོག་དང་ཐུན་མོང་སྣ་ཚོགས་གཏེར་ཞེས་པས། ཕྱི་དཀྱིལ་འཁོར་གཞལ་ཡས་དེ་ལྟར་ལ། ནང་ཕོ་བྲང་གླིང་དགུའི་ཚུལ་ལམ། གསང་བ་བུམ་སྐུ་ཁ་བྱེ་བ་ལྟ་བུ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་འདུས་ཏེ། དངོས་སུ་བྱིན་གྱིས་བརླབས་ཏེ། མཁའསྤྱོད་མིའི་ཡུལ་ན་གནས་སོ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དངོས། ཆུ་ཆེན་པོ་རྩྭ་རི་ཞེས་པ་མ་བསྒོམ་ཡང་སེམས་རྟོགས་པ་སྐྱེ་བའི་གླིང༌། མཁའ་འགྲོ་མའི་དངོས་སུ་བརྡ་དང་ལུང་སྟོན་པ། རྟོགས་པ་ཤུགས་འབྱུང་དུ་སྐྱེ་བའི་གནས་ཆེན་པོ་དེར། རྣལ་འབྱོར་པ་དངོས་གྲུབ་ལེན་པར་འདོད་ན་ལམ་སྣ་སེལ་བ་དང་སྐུ་ཚེའི་བར་ཆད་སེལ་བའི་ཕྱིར། ཐུན་མོང་སྐུ་ཡི་དངོས་གྲུབ་ཞུ་བ་ནི་ཀ་ལ་དུང་མཚོ་ཞེས་བྱ་སྟེ། དུང་རྫོང་དཀར་མོ་སྐུ་ཡི་མཁའ་འགྲོའི་གནས་ཏེ། དེར་ཐུན་མོང་གི་དངོས་གྲུབ་ཞུ། སྐྱོག་མོ་གཡུ་མཚོ་ལ་སོགས་མཁའ་འགྲོ་སྔོན་མོའི་གནས་སོ། །དེ་ལ་རིག་འཛིན་ཚེ་ཡི་དངོས་གྲུབ་ཞུ། ནང་གི་བཀའ་སྲུང་ནི་པར་པ་རོང་ཞེས་བྱ་སྟེ། སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་སྐུ་དངོས་སུ་ཤར་ཏེ་ཕོ་བྲང་ལ་ཆུ་ཡི་ཞལ་ཁེབས་གསོལ་ལོ། །གསང་བའི་བཀའ་སྲུང་ནི་དངོས་གྲུབ་རྩྭ་རི་དེ་ཉིད་ན་གནས་ཤིང་བསྲུང་བར་བྱེད། རེ་མ་ཏི་ཞེས་པ་རྩྭ་རི་རོང་ན་དམར་ནག་གྲུ་གསུམ་དུ་འབར་བ་རཀྟའི་མཚོ་ལ་སྐུ་དངོས་སུ་ཤར་བ། རྣལ་འབྱོར་དམ་ཚིག་དང་ལྡན་གྲོགས་བྱེད་ཅིང༌། མ་སྒྲོལ་བའི་ཞིང་རྣམས་བསྒྲོལ་བར་བྱེད་པའི་ཕྱིར། གཤན་པ་ནམ་གྲུ་སྤུན་དགུས་ན་བུན་གྱི་ཞལ་ཁེབས་གསོལ་བའོ། །དེ་ལྟར་འདོད་པ་ཁམས་ཀྱི་མཁའ་འགྲོ་དེ་ལ་གསོལ་བ་བཏབ་བོ། །
རྩྭ་རི་རོང་ཞེས་བྱ་བ་ཕུ་ལྷ་ལ་བལྟ་བ། མདའ་བྱང་དུ་གཏད་པ། ལྕོང་རོང་དོག་པ་ཆུ་རྦ་ཀློང་དུ་འཚུབས་པ། ན་བུན་ཆུ་བུན་འཚུབས་པ། ཤིང་གདུག་པ་ཅན་གྱི་ནགས་གསེབ། དེ་ན་སྟག་དོམ་གྱི་ཚང་ཡོད་པ། གཅན་གཟན་གདུག་པ་ཅན་གྱིས་ཤིན་ཏུ་ཟ་བར་བྱེད། རོང་ནག་པོ་དེ་ཟད་པ་དང༌། ཅོང་རོང་་བྲག་དཀར་པོ་ཉི་ཟླ་ཤར་བ་ལྟར་གསལ་ཞིང་ཉམས་དགའ་བ་དང་ཡིད་དྭངས་ཏེ། མཁའ་འགྲོ་ཟླ་བའི་སྤྱན་དང་ཉི་མའི་སྤྱན་གནས་སོ། །དེ་ན་ཐུན་མོང་ནོར་གྱི་དངོས་གྲུབ་ཞུ། ཅོང་ཞིའི་ཆུ་ཞོའམ་འོ་མ་ལྟ་བུར་འབབ་སྟེ་འཁྲུས་བྱ། གསོལ་བཏབ། དངོས་གྲུབ་ཞུའོ། །ནང་ཕོ་བྲང་གླིང་དགུའི་ཚུལ་དང་ཡོན་ཏན་ཐམས་ཅད་གོང་དུ་བཤད་ཟིན། དེ་ནས་སྨུག་པ་དེ་དྭངས་ནས་མིག་རྩེ་ཤར་དུ་གཏད་པ་ན། གཡའ་རི་དམར་པོ་འཇའ་དང་ན་བུན་འཐུལ་བའི་རི་ཡོད། དེའི་གོང་ཁར་ཕྱིན་པ་ན་དམར་མོ་གསུང་གི་མཁའ་འགྲོ་མའི་གནས་མཆོག་འབྱུང་ཟངས་ཀྱི་མཚོ་ནག་མོ། ཐུགས་ཀྱི་མཁའ་འགྲོ་གནས་པ་མུ་མེན་མཐིང་གི་མཚོ། གསེར་མོ་ཡོན་ཏན་གྱི་མཁའ་འགྲོ་མ་ཀུན་འབྱུང་གསེར་གྱི་མཚོ། ཁྲོ་མོ་འཕྲིན་ལས་ཀྱི་མཁའ་འགྲོ་མ་གནས་པ་ཁྲ་མོ་གཟི་ཡི་མཚོ། དེ་ལྟར་རྟེན་མཚོ་ལ་བྱས་ཀྱང་མཚོའི་དཀྱིལ་ནས་པདྨ་བརྡོལ་བའི་ཚུལ་དུ་ཌཱ་ཀིའི་ལྷ་ཚོགས་ཐམས་ཅད་མཚོ་ཡི་མདོག་ལྟར་འོད་ཀྱི་རང་བཞིན་དུ་རབ་ཀྱིས་ནམ་མཁའ་ལ་ཞལ་གཟིགས། འབྲིང་གིས་མཚོ་ནང་ལ་ཞལ་གཟིགས། ཐ་མལ་གྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ལྷ་ཚོགས་རྣམས་འཇའ་དང་འོད་ཀྱི་རྣམ་པར། མཚོ་ཡི་སྟེང་དུ་ཁ་དོག་ཀྱང་དེ་ལྟར་མཚུངས་པ་ཞལ་གཟིགས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྣམ་པར་བྱིན་གྱིས་བརླབས་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ། ཡོན་ཏན་མཚོ་ཡི་དངོས་གྲུབ་དང༌། ཐུན་མོང་གི་དངོས་གྲུབ་ཐོབ་ནས། ད་ལྟ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོག་བབས་སུ་ཐོབ་པར་འདོད་པའི་རྣལ་འབྱོར་སྣོད་ལྡན་ལ། བཅུད་ཀྱི་སྒོ་ནས་ངོ་སྤྲད་པ་ནི། བྱེ་བྲག་ངོ་སྤྲད་པ། །
རྩྭ་རི་རྩ་གོང་ཞེས་པ་ན། འཛམ་བུ་གླིང་གི་དངོས་གྲུབ་ཀྱི་རྩྭ་ཀུན་ཚང་བའི་ཕྱིར་ན་རྩྭ་རི་ཞེས་པའོ། །ཕྱི་གཡའ་རི་མུ་ཁྱུད་པདྨ་ལྟར་འཁོར་ལོའི་ནང་ན། རྩྭ་རིའི་རི་རབ་བང་རིམ་གསུམ་དུ་ཆགས་ཏེ། གསང་བ་གངས་རིའི་བུམ་སྐུའི་ཚུལ་དུ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་དཔལ་འབྱོར་ལྷུན་གྱིས་གྲུབ་པའོ། །མཆོད་རྟེན་དེ་ཡི་གཡས་ན་རྡོ་རྗེ་ཐབས་ཀྱི་རི་ཞེས་པ་དང༌། གཡོན་ན་དྲིལ་བུ་ཤེས་རབ་ཀྱི་རི་ཞེས་པ་དང༌། དབུས་ཟུང་དུ་འབྲེལ་བའི་དངོས་གྲུབ་རྩྭ་རི་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས་སོ། །དེ་ལ་མཆོད་ཅིང་བཀུར་བའི་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟ་བུར་བཅོམ་ལྡན་འདས་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། པདྨ་རིགས་ཀྱི་མཁའ་འགྲོ་མ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་དང༌། དཀར་མོ་སྐུ། དམར་མོ་གསུང༌། ནག་མོ་ཐུགས། སེར་མོ་ཡོན་ཏན། སྔོན་མོ་ཚེ། ཁྲ་མོ་འཕྲིན་ལས་ཀྱི་མཁའ་འགྲོ་མ་ཐམས་ཅད་ནམ་མཁའ་ལ་གནས་ཤིང་མཁའ་ལ་འགྲོ་བའི་ཕྱིར་མཁའ་འགྲོ་མའོ། །བྱིན་གྱིས་བརླབས་པའི་གནས་དེར་ཕྱིན་པ་ཙམ་གྱིས་མཁའ་འགྲོ་མའི་ཚོགས་ཐམས་ཅད་དང༌། མེ་ཏོག་གི་དཀྱིལ་འཁོར་ཚོགས་ཐམས་ཅད་མཁའ་ལ་འཇའ་ཤར་བ། རྡོ་རྗེའི་བུམ་པ་ཤེལ་གྱི་བྲག་ཕུག་དུ་ལྷུན་གྱིས་གྲུབ་པ་སྟེ། ཤེལ་གྱི་བུམ་པའི་ནང་ཆུ་ནང་དུ་ཟླ་བ་ལྟར་བདེ་མཆོག་ལྷ་ཚོགས་རྣམས་ཞལ་གཟིགས་ལ། ཤེལ་གྱི་བྲག་ལོགས་ལ་མེ་ལོང་གི་གཟུགས་བརྙན་ལྟར་ཞལ་གཟིགས། ལ་ལ་ནམ་མཁའི་དབྱིངས་སུ་འོད་དང་འཇའ་མཚོན་གྱི་རྣམ་པར་ཞལ་གཟིགས་ལུང་སྟོན་ཅིང་དངོས་གྲུབ་སྟེར། ཆོས་སྟོན་ཅིང་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཡི་ཐབས་ཀྱི་རི་ལ་གནས་པ་ཙམ་གྱིས། མ་བསྒོམ་ཡང་བསྐྱེད་པའི་རིམ་པ་ལ་དབང་ཐོབ་ནས། ཚད་མེད་ཀྱི་ཏིང་ངེ་འཛིན་ལ་མཐར་ཕྱིན་པར་འགྱུར་རོ། །ཤེས་རབ་ཀྱི་རི་དེ་ལ་གནས་པ་ཙམ་གྱིས་མ་བསྒོམ་ཡང་རྫོགས་པའི་རིམ་པ་ལ་དབང་ཐོབ། ཚད་མེད་གྱི་ཏིང་ངེ་འཛིན་ལ་མཐར་ཕྱིན་པར་འགྱུར། ཐབས་ཤེས་ཟུང་དུ་སྦྲེལ་བའི་རི་དེ་ལ་གནས་པ་ཙམ་གྱིས། བསྐྱེད་རྫོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀློང་དུ་གྲོལ་ནས། རང་གི་ལུས་ཀྱང་མི་མངོན་པའི་དུས་ན་ཕྱི་བཟུང་བའི་ཡུལ་ཀྱང་མི་མངོན། ནང་འཛིན་པའི་སེམས་ཀྱང་མི་མངོན། དེ་ཡི་ཚེ་བཟུང་འཛིན་གཉིས་སྣང་གིས་རྟོག་པས་སེམས་མི་མངོན་པ་ནི། སེམས་དེ་ཉིད་མངོན་དུ་གྱུར་པ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅེས་པའོ། །སྐུ་གསུམ་གྱི་ཚུལ་དུ་ལྷུན་གྱིས་གྲུབ་པའི་རྩྭ་རི་ཞེས་པ་ཡོན་ཏན་ངོ་སྤྲོད་དུ་བསྟན་པའོ། །
རྩ་གོང་ཞེས་པ་རྟེན་གྱི་རྫས་རྣམ་པར་དག་པའི་ནུས་མཐུ་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འབྱུང་བར་འགྱུར་རོ། །ཨམྲྀ་ཏ་དངོས་གྲུབ་ཀྱི་བདུད་རྩི་རྩ་བ་བྱ་བ་རྩ་དེ་ཡི་གོང་ན་དངོས་གྲུབ་གཞན་མེད་པའི་གོང་ཞེས་བྱའོ། །ཏི་ས་འཛིན་ཞེས་ཏི་རྩ་བ་ལ་ཕུག་འདྲ་སྟེ། ས་ལ་གནས་པ་སྟེ་སྔོ་ངུར་ཡ་འོད་ལྗང་ཞེས་བྱ་སྟེ། ལོ་མ་པདྨ་འདྲ་བ་དེའི་སྟེང་དུ་བསྡད་པ་ཙམ་གྱིས་རིག་པ་འཆར་རོ། །མེ་ཏོག་ཀུན་དུ་བདེ་སྐྱིད་ཅེས་པ་དྲིལ་བུ་འདྲ་བ་དེ་ཟོས་ན་བསམ་གཏན་གྱི་སེམས་ཟིན་པའོ། །འབྲི་ཏ་སིནྡྷ་ས་འབྲུ་ཞེས་བྱ་བ་འབྲུ་གུ་ཟར་མའི་གང་བུ་འདྲ་བ་སྟེ། ཟོས་ན་ནག་པོ་ཀླུ་ཡི་དུག་ཏུ་འགྱུར་རོ། །ཀླུ་རྒྱལ་རིགས། རྗེ་རིགས། དམངས་རིགས། རྡོལ་པའི་རིགས། བྲམ་ཟེ་རིགས་དང་ལྔ། ཀླུ་མཐོང་བ། རེག་པ། ཁ་རླུང༌། བསམ་པའི་དུག་སོགས་དུག་ལས་ཟིན་ནས་མཛེ་རིགས་བཅོ་བརྒྱད་ཀྱིས་སྣུན་ཀྱང་རྫས་འབྲུ་གཅིག་ཆུ་ཁྱོར་གང་གིས་ནང་དུ་བསྐུར་ན་རྟེན་འབྲེལ་འོ་མ་ལྟར་འགྱུར་རོ། །ཧུབ་ཅིག་བཏུང་པ་ཙམ་གྱིས་དེ་ཉིད་རྩི་རྩི་མཇོ་ལ་ཞེས་པའི་སྙིང་ལ་འབར་བའི་ནད་སོས་པར་འགྱུར་རོ། །ཀླུ་ཡི་དུག་ཡིན་ཡང་ནད་ཐམས་ཅད་ཀྱི་སྨན་དུ་འགྱུར་ཏེ་རླུང་མཁྲིས་བད་ཀན་འདུ་བ་ལ་སོགས་ཏེ་ནད་བཞི་བརྒྱ་རྩ་བཞི་ལས་མཐར་བར་འགྱུར་རོ། །སྣ་ཡི་དབང་པོ་ཉམས་པ་ཡང་རྣོ་ཞིང་བསང་བར་འགྱུར། མིག་གི་དབང་པོ་ཉམས་པ་ཡང་རྣོ་ཞིང་མཐོང་བར་འགྱུར། རྣ་བའི་དབང་པོ་ཉམས་པ་ཡང་རྣོ་ཤིང་གསལ་བར་འགྱུར། ཡིད་ཀྱི་དབང་པོ་ཉམས་པ་ཡང་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར། ལུས་ཀྱི་དབང་པོ་ཉམས་པ་ཡང་ལུས་ཤིང་བལ་ལྟར་ཡངས་ཤིང་བདེ་བ། འཁྱོག་པའི་རུས་པ་ཐམས་ཅད་དྲང་པོར་འགྱུར། ཉམས་དང་ལྡན་པར་འགྱུར། སྐྲ་དཀར་པོ་ཡང་ནག་པོར་འགྱུར། སོ་བུད་ཀྱང་སེའུ་སྐྱེ་བར་འགྱུར། རྒས་པའི་གཉེར་མ་ཡང་བསང་ནས་བཅུ་དྲུག་ལོའི་ན་ཚོད་ལྡན་པར་འགྱུར། ཚེ་མ་འཕོས་ཀྱང་ལུས་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར་དུ་བརྗེ་བར་འགྱུར། རྫས་ཀླུ་དུག་ནག་པོ་ཞེས་བྱ་བ་རྩ་བ་ལ་ཕུག་འདྲ་བ་ལོ་མ་པདྨ་འདྲ་བ། མེ་ཏོག་དྲིལ་བུ་འདྲ་བ་ནུབ་མོ་མིག་སྒྱུའི་མེ་འབྱིན་པ། ཁ་བ་བབས་ཀྱང་རྡོ་མཚན་ལ་ཕོག་པ་བཞིན་ཞུ་ནུས་པ་རླངས་པ་རྟ་རྔ་ཙམ་འཐུལ་བ། དེའི་ནང་ལ་ཕོག་པས་སྲོག་གི་བར་ཆད་དུ་འགྱུར་ཏེ། བྱིའུ་དང་སྦྲང་བུའི་རོ་ཉེལ་ལེར་འོང༌། རི་དྭགས་ཀྱིས་བརྫིས་ན་དྲི་མ་དེས་མི་མ་ཡིན་འཐབ་ཅིང་སེར་བ་ཤར་རེ་འབེབས། སྔོ་འབྱུང་བ་འཁྲུགས་བྱེད་ཅེས་ཀྱང་བྱ། རྫས་གདུག་པ་ཅན་དེ་ས་ནས་མ་འཕེལ་བའི་དུས་ན་ཆུ་སྣག་ཚ་འདྲ་བ་ནག་པོ་གཅིག་འོང༌། དེ་གང་ལ་རེག་པའི་དུག་ཅེས་དུག་ཏུ་འགྱུར་བའི་བདུད་ཅེས་བྱའོ། །རྩྭ་དངོས་གྲུབ་ཅན་དེ་ས་ནས་འཕེལ་བའི་དུས་སུ། ཆུ་འོ་མ་འདྲ་བ་དཀར་པོ་ཡོང་སྟེ། དེ་གང་གིས་རོ་མྱོང་བ་ན་བདུད་རྩིར་འགྱུར་བའི་རྩྭ་ཞེས་བྱའོ། །དེ་ལྟར་གདམས་ངག་མེད་པའི་བདུད་དུ་འགྱུར་ལ། གདམས་ངག་དང་ལྡན་པས་བདུད་རྩིར་འགྱུར། རྩི་ཞེས་བྱའོ། །གདུག་པ་ཀླུ་ཡིས་དུག་ནག་པོ། འགྲོ་བའི་སྨན་དཀར་པོ། ཚད་པའི་ནད་ལ་བསིལ་བ། གྲང་བའི་ནད་ལ་དྲོད་བདུད་རྩི་སྨན་གྱི་མཆོག་ཏུ་གྱུར་ཏེ། ས་ཡི་སྙིང་པོ་འགྲོ་བ་འཛིན། ནད་རྣམས་གསོ་མཛད་སྨན་གྱི་མཆོག ཅེས་པའོ། །
དེ་ལྟར་རྩྭ་མཆོག་ཏུ་གྱུར་པའི་རྩྭ་མཆོག རྩྭ་དེ་ཡི་གོང་ན་མེད་པའི་རྩ་གོང་ཞེས་བྱའོ། །ཡོན་ཏན་ངོ་སྤྲོད་དུ་བསྟན་པའོ། །
ཡང་དཀྱིལ་འཁོར་ཆེན་པོ་དེ་ཡི་ནང་ན་སྤྲུལ་པའི་བུ་མོ་རིགས་མ་གཞོན་ནུ་བཅུ་དྲུག་མའི་རྣམ་པ་ལ།
ཕྱེད་ཕྱེད་དག་ནི་ཐིག་ལེ་ཅན། །མཚན་དང་དཔེ་བརྒྱད་འབར་བའི་སྐུ། །
ཡེ་ཤེས་མཁའ་འགྲོ་སྔོ་སངས་ལ། །བྱང་ཆུབ་སྒྲུབ་པའི་གྲོགས་བྱེད་པས། །
གསང་བ་ཤེས་རབ་ཡེ་ཤེས་ཀྱིས། །བརྟན་པའི་དངོས་གྲུབ་ཐོབ་པར་འགྱུར། །
ཞེས་སོ། །བདུད་མོའི་རིགས་ནི་ཤ་ཟ་སྲིན་མོ་གདོང་པ་ཅན་མི་སྡུག་པ་རྒན་མོའི་མདོག མི་བསུན་པ་ཕག་གི་གཟུགས་ཅན། ལེགས་པར་ལྟ་བ་གཤེད་མའི་རིགས་བར་ཆད་འབྱུང་བས་རྒྱུ་དེ་སྤང་བར་བྱའོ། །རྟེན་འབྲེལ་གྱི་རྫས་རྣམ་པར་དག་པའི་མཐུ་ནུས་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ཐོབ་སྟེ། ཐབས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་རྟེན་འབྲེལ་རི་ལ་རྡོ་རྗེ་གཟིལ་གནོན་ཞེས་བྱ་བ་རྒྱ་ནག་རི་བོ་རྩེ་ལྔ་པ་གནས་པའི་རྡོ། ཞབས་འོག་ཏུ་བཅུག་པ་ཙམ་གྱིས་རྡོ་རྗེ་གདན་དུ་འགྱུར་ལ། མཐར་བའི་བདུད་ཐམས་ཅད་གཟིལ་གྱིས་གནོན་པར་བྱེད་དོ། །བདུད་རང་བཞིན་གྱིས་ཐུལ་བའི་དངོས་གྲུབ་ཐོབ་པར་འགྱུར། རིན་ཆེན་རྡོ་ཆུ་ཞེས་བྱ་བ་ཤིན་ཏུ་དྭངས་པའི་ཚད། མགོ་བོ་བསྟེན་པས་ཀླད་པ་གསལ་བ། རོ་སྟོད་བསྟེན་པས་གློ་སྙིང་གསལ་བ། རོ་སྨད་བསྟེན་ན་རྒྱུ་ལོང་གསལ་བ་གདམས་ངག་དང་མི་ལྡན་པས་འཐུང་ན། ལུས་རྡོ་བོང་ལྟར་དུ་གྱུརབའི་ཕྱིར་ན་བདུད་ཅེས་བྱའོ། །ཨ་རུ་ར་གསེར་མདོག་སྐྱུར་ན་རྟེན་འབྲེལ་གྱི་གསེར་དུ་གྱུར་ཏེ་གསེར་འགྱུར་རྩི་ཞེས་བྱའོ། །དེ་ལྟར་བདུད་རྩི་ཆུ་དེ་ལ་གདམས་ངག་དང་ལྡན་པའི་ཧུབ་གཅིག་འཐུང་བ་ཙམ་གྱིས་ལུས་རྡོ་རྗེའི་སྐུ་ཐོབ་ནས། གསུང་གི་ཚེ་ཡི་དངོས་གྲུབ་ཐོབ་ཅིང་རིག་འཛིན་གྱི་སྐུ་ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཐོབ། ཡང་ཐབས་རྡོ་རྗེའི་རི་དེ་ལ་རླུང་གི་ལྗོན་ཤིང་ཞེས་བྱ་བ་སྐད་གཅིག་ཀྱང་མི་གནས་པ་བསྐྱེད་པའི་ཕྱིར་བསྐྱེད་བྱེད་ཀྱི་ཤིང་ཞེས་བྱ་སྟེ། ཤིང་ལོ་ཐམས་ཅད་བྱ་སྒྲོ་ལྟར་འབར་བ། ཤིང་དེ་བསྐྱོད་པས་མཁའ་འགྲོ་མ་རྡོ་རྗེ་རླུང་གི་གཤོག་པ་ཅན་ཞེས་བྱ་བ་ལ་གསོལ་བ་བཏབ་ཅིང་དངོས་གྲུབ་ཞུས་ལ། ཤིང་ལོ་ལག་ཏུ་ཐོགས་ནས་བསྐྱོད་ན་ཆུ་ཕར་ཕྱིན་རི་ཕན་ཚུན་ལ་བསྐྱོད་ནུས་སོ། །དེ་ལྟར་རྩལ་སྦྱང་ན་ཡུལ་ཉི་ཤུ་རྩ་བཞི་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་རྣལ་འབྱོར་པ་དེས་དཔའ་བོ་དང་དཔའ་མོ་ཚོགས་ཁང་འགྲིམ་པར་ནུས་ཏེ། མགྱོགས་བྱེད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་ཤེས་རབ་དྲིལ་བུ་རི་དེ་ལ་མཁའ་འགྲོ་མའི་གསང་བའི་བྷ་ག་ནས་བྱང་སེམས་དཀར་དམར་གྱིས་རྒྱུན་འབབ་སྟེ་ཆུ་ཡི་ཞག་བདུད་རྩི་སྨན་སིན་དྷུ་རའི་ས་ཚགས་ས་ཆགས་ཏེ་དེ་ལ་ལོངས་སྤྱད་ན། ཌཱ་ཀི་མ་རྣམས་ཀྱིས་རིན་པོ་ཆེ་བྱིན་གྱིས་བརླབས་ཏེ། ཁམས་ཀྱི་ཟས་གདུག་པ་དང་བྲལ། ཞག་བདུན་ན་བཅུད་ལེན་གྱི་དངོས་གྲུབ་ཐོབ་བོ། །དེ་ལྟར་བདུད་རྩིའི་དངོས་གྲུབ། ཆུ་ཡི་དངོས་གྲུབ། ས་ཡི་དངོས་གྲུབ། རྡོ་སི་དྡྷི་ཤིང་སི་དྡྷི་རྟེན་འབྲེལ་རྫས་ཀྱི་དངོས་གྲུབ་སྣ་ཚང་སྟེ་ཁྱད་པར་དུ་སྣང་བ་དྭངས་པའི་ས་དེར། རིག་པ་འཛིན་པའི་གླུ་ལེན་པ་དང༌། གར་བྱེད་པ་དང་རོལ་མོའི་སྒྲ་སྒྲོག་ཅིང་མཁའ་འགྲོ་མ་མཆོད་པ་འབུལ་བའི་གཡང་མང་པོ་འབྱུང་བའི་རང་བྱོན་བྱིན་རླབས་ཅན་གྱི་གནས་ཆེན་པོ་དེར། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། ཀླུ་སྒྲུབ། ཨརྻ་དེ་བ། ཀླུའི་བྱང་ཆུབ་སེམས། ལུ་ཧི་པ། མཚོ་སྐྱེས་རྡོ་རྗེ། ཀུ་ཀུ་རི་པ། ཨིནྜ་བོ་ཏི། ལྷ་ལྕམ། ཏིལློ་པ། ཌོམ་བྷི་པ། རྡོ་རྗེ་དྲིལ་བུ། ནག་པོ་སྤྱོད་པ། རང་བཞིན་འཇིག་རྟེན་ཁམས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། ཆོས་སྟོན་ཅིང་བྱིན་གྱིས་བརླབས་པར་འགྱུར་རོ། །དཔལ་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་དེ་ཡི་ལམ་ཡིག་འདི། སྣང་སྲིད་མེ་བདུན་ཞེས་པ་ནས། བདེ་བའི་ལམ་ཞུགས་བདེ་བ་ཆེན་པོར་འགྲོ་ཞེས་པ་ཡན་མི་ཏྲ་མཛོ་ཀིའི་ལམ་ཡིག་འདྲའོ། །ལམ་ཡིག་ཁྱད་དུ་འཕགས་པ་འདི་སྤྲུལ་པའིབཙུན་མོས་སྤྲུལ་པའི་རྒྱལ་པོ་ལ་ཞུས་པའོ། །རྣལ་འབྱོར་དངོས་གྲུབ་ལེན་པར་འདོད་ན་གསང་བའི་ལམ་ཡིག་གནས་ཀྱི་སྒྲོན་མེ་འདི། མ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་ནས་བྲིས། ཡང་སྤྲུལ་པའི་བཙུན་མོས་སྤྲུལ་པའི་རྒྱལ་པོ་ལ། ཕྱི་ཡི་མཆོད་པ་དང༌། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས༌། ནམ་ཞིག་མ་འོངས་པའི་དུས་ཀྱི་ཚེ། སྒྲུབ་པ་པོའི་རྟེན་འབྲེལ་གྱི་གང་ཟག་བསྒྲུབ་པར་བྱེད་པའི་གནས་ཁྱད་པར་ཅན་གང་ལགས། གསང་སྔགས་ཀྱི་ལྷ་ཚོགས་འདུ་བའི་གནས་གང་ལགས། རྣལ་འབྱོར་དངོས་གྲུབ་ལེན་པའི་གནས་གང་ལགས་ཞུས་པས། རྒྱལ་པོ་ཉིད་ཀྱིས་ཐུགས་དམ་གྱི་སྐུ་རང་བྱོན་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་ནས་ཞུས་པ། སྤྱན་རས་གཟིགས་ཉིད་ཀྱིས་རྒྱལ་པོར་གསུངས་པ། བྱང་ལྷོ་ཡི་མཚམས་ན་རྩྭ་རི་རྩ་གོང་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཐམས་ཅད་འདུ་བའི་གནས། རྣལ་འབྱོར་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གནས་ཡོད་དོ་གསུངས་སོ། །འདི་ནི་མདོ་བརྒྱུད་ཉི་ཤུ་རྩ་གཅིག་ལས་ཏི་སེ་བྱིན་རླབས་ལུང་བསྟན་གྱི་མདོ་ཞེས་པ་དང༌། རྩྭ་རི་དངོས་གྲུབ་ལུང་བསྟན་གྱི་རྒྱུད་ཅེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྒྱུད་ཅེས་བྱ་བ་བསྟན་པ་སྡེ་སྣོད་གསུམ་གྱིས་འགྲོ་བ་འདུལ་བའི་ཚེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་སྤྲུལ་པའི་སྐུ་བྱིན་གྱིས་བརླབས་པས་བྱང་ཆུབ་སེམས་པ་རང་བྱུང་བ་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཐུགས་རྗེ་ཆེན་པོའི་དངོས་ཀྱི་གསུང་འདི། སྤྲུལ་པའི་བཙུན་མོས་འགྲོ་བའི་དོན་དུ་ཞུས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ། དགེ་སློང་ཤྲི་མ་ཀ་རི་མ་ཏིས་ཡི་གེ་བཀོད་པའོ། །ཡང་སྤྲུལ་པའི་རྒྱལ་པོས་སྨོན་ལམ་བཏབ་ནས། ནམ་ཞིག་དུས་ཀྱི་མཐའ་མ་ལ། །ལས་ཅན་ཅིག་དང་འཕྲད་ནས་ནི། །དམ་པ་ཆོས་སྐྱེས་གཏེར་དང་མཚུངས། །ཁྲོ་བོ་ཆེན་པོས་ཧ་ཡ་གྲྀ་བ་ལ་གཏད་ནས། གཏད་བརྒྱ༔ སྦས་བརྒྱ༔ ཤིན་ཏུ་གསང་བ་བྱའོ། །
རྣལ་འབྱོར་པ་རྩྭ་རི་འགྲོ་བ་རྣམས་ཀྱིས་ལྷ་ས་རུ་སྤྱན་རས་གཟིགས་ཀྱི་སྐུ་མདུན་དུ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ། གཡུ་མཚོ་སྐོར་བ་ལ་བར་ཆད་མེད་པའི་གསོལ་བ་བཏབ་པ་དང༌། སྨོན་ལམ་སོགས་རྒྱ་ཆེར་འདེབས། རྩྭ་རི་འགྲོ་བའི་མདུན་པ་བཏང་ནས་རྨི་ལམ་འཛིན། རྨི་ལམ་རྟགས་ཡོང་བར་གསུངས༌། ཁྲ་འཕྲུག་སྒྲོལ་མའི་སྐུ་མདུན་དུ་ཕྱིན་ནས་གསང་བ་གསུམ་གྱི་མཆོད་པ་ཕུལ། རྩྭ་རི་གཡུ་མཚོ་སྐོར་བ་ལ་བར་ཆད་མེད་པའི་གསོལ་བ་བཏབ །དེ་ནས་སྤུ་རི་རྩེ་ལ་ཚོགས་ཀྱིས་འཁོར་ལོ་སྐོར་ནས་ཕོ་བྲང་གཡུ་མཚོ་སྐོར་བ་ལ་བར་ཆད་མེད་པའི་གསོལ་བ་འདེབས། དེ་ནས་དངོས་གྲུབ་ལེན་དུ་འགྲོ། རྒྱལ་པོ་དང་བཙུན་མོའི་ལམ་ཡིག་རྫོགས་སོ།། །།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།