གཉོས་ཀྱི་འབར་བ་རྒྱན་མཚན་ལམ་ཡིག མུ་འགོད ༡

གཉོས་ཀྱི་འབར་བ་རྒྱན་མཚན་ལམ་ཡིག

ནཱ་མོ་གུ་རུ།
ཀླུ་ཞབས་གཉིས་པ་འཇིག་རྟེན་གསུམ་མགོན་གྱི། །

སྲས་ཀྱི་མཐུ་བོ་གྲུབ་ཐོབ་གཉོས་ཆེན་པོ།
།རྒྱ་གར་འཕགས་ཡུལ་གྲུབ་ཆེན་ནག་པོ་པ། །

ནས་འདི་ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་རྣམས།
།དག་སྣང་མངོན་གྱུར་དེ་དག་གཏན་ལ་ཕབས། །

གྲོ་བའི་དོན་དུ་དཀར་ཆག་ཡི་གེར་བཀོད།།མཁྱེན་གཉིས་ཡེ་ཤེས་རྫོགས་དེར་བདག་ཕྱག་འཚལ། སྟོད་ན་གྲགས་ཆེ་བ་གངས་དཀར་ཏི་སེ། བར་ན་ཁུངས་བཙུན་པ་ལ་ཕྱི་ཆུ་དབར། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ཟེར་བ་ནི། མདོ་རྒྱུད་དུ་མ་ནས་ལུང་བསྟན། རྗེ་སྨན་པའི་རྒྱལ་པོས་མཚམས་སྦྱར། སྐྱེས་བུ་ཡེ་ཤེས་རྡོ་རྗེས་གནས་སྒོ་ཕྱེས། གཉོས་མགར་ཆོས་གསུམ་གྱིས་ཞབས་ཀྱི་པདྨོ་དྲི་མ་མེད་པས་བཅག རྩྭ་རི་བསྟན་པ་སྔ་དར་དང་བར་དར་ཕྱི་དར་གསུམ་བྱུང་བའི། སྔ་དར་གྱི་དུས་སུ་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་དང༌། མ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་བྱར་སྨན་ཇོ་བོ་ལ་བྱོན་ནས་གནས་ཀྱི་སྒོ་ཕྱེ། གཟི་ཆེན་གསང་བ་ཕུག་པར་ལོ་བཅུ་གཉིས། ཟླ་བ་གཅུ་གཉིས། ཟ་མ་བཅུ་གཉིས་བར་དུ་རིག་འཛིན་ཚེ་ཡི་སྒྲུབ་པ་མཛད། ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ཕྱི་རབས་ཀྱི་བུ་སློབ་རྣམས་བུ་བཞིན་སྐྱོང་བ་ཞལ་གྱིས་ཞེས་པར་དམ་བཅའ། མཐར་ནུབ་ཕྱོགས་ཨུ་རྒྱན་ལ་ཕེབས། བསྟན་པ་བར་དར་གྱིས་དུས་སུ་གྲུབ་ཐོབ་ལ་ཝ་པ་དང༌། ཉེ་གནས་འབུ་སུ་གུ་གཉིས་ཀྱིས་རྒྱ་གར་ནས་རྩྭ་རི་རོང་གི་གནས་སྒོ་ཕྱེས་ནས། ཡུལ་སྨད་ཟླ་བ་ཕུག་ཏུ་ལོ་དང་ཟླ་བ་ཞག་ཟ་མ་བཅུ་གསུམ་རེ་བཞུགས་པའི་བར་ལ། རྩ་དབུ་མའི་ནང་དུ་གཟིམས་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་མཐར་མཁའ་སྤྱོད་ལ་གཤེགས་སོ། །
བསྟན་པ་ཕྱི་དར་གྱི་དུས་སུ་བགྱིས་ན། སྒམ་པོ་ཟླ་འོད་གཞོན་ནུས་མཚམས་སྦྱར། སྐྱེས་བུ་ཡེ་ཤེས་རྡོ་རྗེས་གནས་སྒོ་ཕྱེས། གཉོས་མགར་ཆོས་གསུམ་གྱིས་ཞབས་ཀྱིས་པདྨོ་དྲི་མ་མེད་པས་བཅག་ནས། དེང་སང་ཡང་གྲུབ་ཐོབ་རྟོགས་ལྡན་བྱ་ལོང་རྒྱུད་པ་བཞིན་བྱོན་པ་ཀུན་གྱིས་ཐུགས་ལ་གསལ་ཞིང༌། སྒམ་པོ་ཟླ་འོད་གཞོན་ནུ་དེ་ཉིད་སྐུ་གཤེགས་ཁར། ཉིན་ལྔ་ཡི་བར་དུ་སྒམ་པོ་དར་གྱི་རྩེ་ལ་མང་ཇ་སྐོལ་ཞིང་ཆོས་གསུང་པས་ཚོགས་གྲལ་དུ། ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ཡི་ཕྱོགས་ན་སྤྱན་ཅེ་རེར་གཟིགས་ཞིང་འདི་ནས་ཉི་མ་ཤར་ལྷོ་ཕྱོགས་ཕ་གི་ན། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་བཞུགས་པའི་གནས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་རྩྭ་རི་རྩ་གོང་པར་པ་ཏ། ཞེས་པ་ཡུམ་ཨ་མ་ལ་ཨ་གྷི་ཆེད་གསུམ་གྱི་གཙོས་བྱས་པའི་ཡེ་ཤེས་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས། སྐྱེས་བུ་ལས་དང་སྐལ་བ་ལྡན་པ་རྣམས་ལ་མཆོག་མཐུན་མོང་གིས་དངོས་གྲུབ་སྟེར་ཞིང༌། སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་གྱི་མཁའ་འགྲོ་རྣམས་གྱི་ཤ་ལ་དགའ་ཤིང་ཁྲག་ལ་རྔམ་པར་བྱེད། ལྷ་འདྲེ་གདུག་པ་ཅན་འདྲེ་སྲིན་གདུག་པ་ཅན་རྒྱུ་བས་ཕོ་བྲང་སྒོ སྟག་དང༌། གཟིག དོམ། དྲེད། མི་རྒོད་ལ་སོགས་གཅན་གཟན་གདུག་པ་ཅན་སྣ་ཚོགས་ཁྲོས་པ། སྦྲང་བུ་ཏྲེ་པ་ཏ་དང༌། ཏྲེ་མ་བུ་ག་ལ་སོགས་འབུ་སྣ་ཚོགས་འདུ་བའི་ས་ཡོད། དེ་ལྟ་བུའི་གནས་ལ་འགྲོ་བའི་སྐྱེས་བུ་ལས་དང་སྐལ་བ་ལྡན་པ་སུ་ཡོད་ཅེས། ཉི་མ་མང་གྱིས་བར་དུ་གསུང་ཡང་སུས་ཀྱང་འགྲོ་ཟེར་བ་མ་བྱུང༌། ཉིན་གཅིག་སྐྱེས་བུ་ཡེས་ཤེས་རྡོ་རྗེ་ཡར་བཞེངས་ནས་བླ་མ་ལ་ཕྱག་གསུམ་ཕུལ་ནས། བླ་མ་རིན་པོ་ཆེ་ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ལ་བདག་འགྲོ་བར་ཞུ་ཞུས་པས། དེ་ཙུག་ཡིན་གསུངས་ནས་གནས་གྱི་ཆེ་བ་དང་ཡོན་གཏན་དཔག་ཏུ་མེད་པ་གསུངས། སྔོན་འདས་པའི་དུས་ན་གྲུབ་ཐོབ་ཆེན་པོ་ལ་ཝ་པ་འཁའ་སྤྱོད་ལ་གཤེགས་པའི་གནས་ཡིན། མ་འོངས་པའི་དུས་ན་མགོན་པོ་བྱམ་པ་སངས་རྒྱས་པའི་གནས་ཡིན། ཤིང་བྷི་ཀ་མ་ལ་ཞེས་བྱ་བ་དང༌། ཤི་ཏ་ཏ་གྷ་ཏ་ཞེས་བྱ་བ་ནི། རྩེ་མོ་ན་དུར་བྱའི་ཚང༌། སྐད་པ་དུག་སྦྲུལ་གྱི་ཚང༌། རྩ་བ་དུར་ཕག་གི་ཚང་ཡོད་པ། འཇིག་རྟེན་གྱི་ལྷ་ཀུན་དགའ་གཞོན་ནུ་ལ། འཁོར་ལྷ་དང་ཀླུ་དང་གནོད་སྦྱིན་འབྱུང་པོ་དུ་མའི་ཚོགས་ཀྱིས་སྐོར་བ། དུར་ཁྲོད་ཆེན་པོ་རྔམ་པ་སྒྲ་སྒྲོག་ཅེས་པ་ཡོད། དེ་ནས་ཁར་གྱི་ཐག་ཉེ་བའི་སར་རྩྭ་རི་རྩ་གོང་པར་པ་ཏ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཞལ་མངོན་སུམ་དུ་གཟིགས་ནས་ཡོད། དེ་ལྟ་བུའི་གནས་སུ་རྒྱུགས་ཤིག རྣལ་འབྱོར་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གནས་ཡོད་གསུང༌། སྐྱེས་བུ་ཡེས་ཤེས་རྡོ་རྗེ་རྩྭ་རིའི་ས་ཕྱོགས་དེ་གང་གིས་ཕྱོགས་ན་ཡོད་ཞུས་པས། ཆོས་རྗེ་སྒམ་པོས་དར་གྱི་རྩེ་ནས་ཕྱག་མཛུབ་གཏད་ནས་ཕ་གིའི་སྤྲིན་ནག་ལོང་དེ་ལ་ལྟས་ནས་རྒྱུགས་གསུངས་པས། ཆོས་རྗེའི་ཕྱག་མཛུབ་རྩེ་ལ་ཆུ་སྒང་ཡོ་རེ་ཤར་བྱུང་བས་གཤིན་ཏུ་གཉན་པ་འདུག་གསུང༌། དེ་ནས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་བཅུ་གཅིག་དྭགས་པོ་གྲུམ་མདའི་དུང་ཙང་ཁར་ཕེབས་པའི་དུས། གཞི་བདག་རྣམས་ཀྱིས་ལམ་བཀག གཏོར་མ་བཏང་བཀའ་བསྒོ་བྱས་པས་བར་ཆད་རང་སར་གྲོལ། དེ་ནས་སྒྲུབ་ལུང་སྦྲུལ་སྒང་གི་ལ་ཁ་ན། གཡག་རོག་པོ་གཅིག་གིས་ལམ་བཀག གཏོར་མ་བཏང་བཀའ་བསྒོ་བྱས་པས། གཡག་དེ་འབུམ་འདའ་ཤུགས་མོ་ཆེ་ལ་ཐིམ་པས་སྐྱེས་བུས་ཤུགས་མོ་ཆེ་དེ་ལ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་ཞལ་གཟིགས་ཐོབ། ཆུ་ཁར་ཕུ་ཡི་བྲག་དེ་ལ་མགོན་པོ་ཏྲག་ཤད་ཀྱི་ཞལ་གཟིགས། དེ་ནས་ཡར་བྱོན་ཙ་ན་མི་ནག་པོ་གྲི་གུག་ཐོགས་པ་གཅིག་གིས་ལམ་བཀག སྐེ་ནས་བཟུང་དྲེལ་བུ་བཞིན་བཀྲོལ། སྐད་པ་ནས་ཐེན་རྡོ་རྗེ་བཞིན་གནམ་ལ་འཕང༌། འདིར་འགྲོ་བའི་ལམ་མེད། མ་འོངས་པའི་དུས་ན་འགྲོ་མཁན་གཞན་ཡོང་བ་ཡོད། ཁྱོད་རང་ལ་ཕར་ཁྲ་འབག་ཕྱོགས་ལ་རྒྱུགས་ཟེར། དཔོན་སློབ་རྣམས་ཁྲ་འབག་གི་ཕྱོགས་ནས་རྫོང་འདོར་ཕེབས་ཙ་ན། ལྷ་མོ་མཁའ་འགྲོ་གཉེར་ཅན་དང་མཁའ་འགྲོ་བདུད་རྩི་འཁྱིལ་བ་གཉིས་ཀྱིས་ལམ་བཀག དེ་ནས་ལ་བར་སྒན་ཇིར་ཕེབས་ནས་དབྱར་གནས་བཞུགས། སྐྱེས་བུས་བཙུན་མ་དེ་ལ་དྲི་བ་མཛད། འདི་ནས་ཕར་ཕྱིན་པ་ན་ལྷོ་གནས་མཆོག་ཞེས་པ་ཨེ་ཡོད། ལུང་པ་འདི་ཡི་ཕུ་ལ་ལམ་ཨེ་ཡོད་དྲིས་པས། བཙུན་མ་ན་རེ། འདི་ནས་ཕར་ཕྱིན་ན་རྩྭ་རི་ཏྲ་ལམ་ཟེར་བ་གཅིག་ཡོད་པ་འདྲ། ང་ལ་བུ་མོ་གཅིག་ཡོད་པ་དེ། ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་དེར་ཚོགས་ཀྱི་འཁོར་ལོ་བསྐོར་བར་འགྲོ་བ་ཡིན་ཟེར་ཞིང་ཞག་ལྔ་འགྲོ་བ་འདུག་པ་ཡིན། ཁ་སང་ཡང་སོང༌། མོ་ལ་དྲིས་ན་གསལ་པོ་ཡོད། ལུང་པའི་ཕུ་ནི་ཤིང་ནགས་ཀྱིས་ཁེངས་འདུག ལམ་ནི་ཡོད་པ་འདྲ་ཟེར། རིགས་བཟང་བ་མཁྱེན་ནས། ཚོགས་འཁོར་ཡང་མཛད་དེ་ནས་བྲོ་བརྡུང་ཕེབས་ནས། ལམ་གང་དུ་འགྲོ་དགོས་དགོངས་ཙ་ན། མདུན་གྱི་ནམ་མཁར་རྗེ་བཙུན་སྒྲོལ་མ་ཕེབས་ནས་ཕྱི་འབྲོག་ལ་བྱོན་གསུང༌། དེར་ཞབས་རྗེས་ཞག་ནས་ཡོད། དེ་ནས་སློབ་མས་གཡའ་དང་གངས་ཀྱི་མཚམས་ན་ཕེབས་པའི་ལམ་མ་རྙེད། ཕར་བྱོན་ཚུར་བྱོན་མཛད་དུས་སུ་འཕར་བ་བདུན་འཛིགས་ནས་སོང༌། སྐྱེས་བུའི་ཐུགས་ལ་འཕར་བ་འདི་བཞན་ལས་སྤྱང་བ་འདུག་པས། འདི་ཡི་ཕྱི་ལ་ཕྱིན་ན་ལམ་རྙེད་ལས་ཆེ་བསམ་ནས་ཕེབས་པ་ལྟར། ཁ་སང་རྩྭ་རི་ལ་སོང་ཟེར་བའི་བུ་མོ་དེ། ལུས་པོ་མ་མཐོང་བར་གླུ་རྒྱང་རྩེ་རེ་གཏོང་བ་སྐད་ངོ་ཆོད། བུ་མེད་དེ་དང་འཕྲད་ན་དྲི་བརྡ་ཞིབ་ཏུ་བྱེད་དགོས་དགོངས་ཙ་ན། ལ་ཁར་བུ་མོའང་མ་གཟིགས་འཕར་བ་བདུན་པོ་དེ་ཡང་འཇའ་དམར་པོ་གཅིག་ལ་ཡལ་ནས་སོང༌། ཕག་མོ་ལྷ་བདུན་ཡིན་པར་མཁྱེན། བུ་མོའི་ལུས་མ་མཐོང་བར་རྐང་རྗེས་ལ་ཞུགས་ནས་མར་བྱོན། མཚོ་གཤམ་གྱི་བྲག་དེ་ལ་ཞབས་རྗེས་བཞག ཡ་ཏའི་བྲག་ལ་ཚེ་དཔག་མེད་ཀྱི་སྐུ་གཅིག་ཞལ་གཟིགས། དེ་ནས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་རྣམས་ཕུག་ཆུ་དཀར་མོར་ཕྱག་ཕེབས། གཞི་བདག་རྣམས་ཀྱིས་ཆོ་འཕྲུལ་སྣ་ཚོགས་སྟོན། ཁ་ཆར་བུ་ཡུག་འཚུབས། ཕྱག་ཕྱི་བ་རྣམས་བྲག་རྩར་བཞག ཁོང་རང་བྲག་གི་སྟེང་དུ་ལྷ་འདྲེ་གཟིལ་གནོན་གྱི་ཏིང་ངེ་འཛིན་ལ་བཞུགས། ཞག་བདུན་སོང་བའི་དགོང་མོའི་ཐུགས་དགོངས་ལ་ད་ལས་ཅི་ལ་ཐུག་ཀྱང༌། སང་ལྷོ་གནས་མཆོག་དཔལ་གྱི་རྩྭ་རིའི་སྒོ་འབྱེད་དགོས་དགོངས་ཏེ་གཟིམས་པའི་གནལ་ལམ་དུ། མཁའ་འགྲོ་མ་སེང་གེ་གདོང་ཅན་གསུམ་བྱོན་ནས་ཐུགས་དམ་སྐུལ་བའི་གླུ་འདི་བླངས་སོ། །སྐྱེས་བུ་ཚོ་མ་ཉལ་བར་ཡར་ལོང་སྐྱབས་འགྲོ་མཛོད། །སེམས་སྐྱེད་མཛོད། །སྐལ་ལྡན་ཚོ་མ་ཉལ་བར་ཡར་ལོང་སྐྱབས་སེམས་མཛོད།།ཞེན་པ་ཀོ་སྤུ་བཞིན་དུ་མ་ཕྱེས་ན། །ཕུང་པོ་རྒྱ་སྣག་བཞིན་དུ་སྦྱོང་ཉན་ཡོད།།འཁྲི་བ་ཐག་རུལ་བཞིན་དུ་མ་བཅད་ན། །བག་ཆགས་རི་རྡོར་བཞིན་དུ་འབྲང་ཉན་གདའ།།འདོད་དོན་སྣབ་ལུད་བཞིན་དུ་མ་སྐྱུར་ན། འདོད་པ་ཚྭ་ཆུ་བཞིན་དུ་ཁོལ་ཉན་འདུག།ཉམས་མྱོངས་གཡང་མོ་བཞིན་དུ་མ་བསྐྱང་ན། །བར་ཆད་སྤྱང་ཀི་བཞིན་དུ་འཇབ་ཉན་འདུག།དམ་ཚིག་སོ་མཁར་བཞིན་དུ་མ་བསྲུང་ན། །ཉོན་མོང་དམག་དཔུང་བཞིན་དུ་འཇབ་ཉན་གདའ།།སྐྱེས་བུ་ཚོ་མ་ཉལ་ཡར་ལོང་སྐྱབས་འགྲོ་མཛོད། སེམས་སྐྱེད་མཛོད། སྐལ་ལྡན་ཚོ་མ་ཉལ་བར་ཡར་ལོང་སྐྱབས་སེམས་མཛོད། །དེ་ནས་མནལ་སད་ཡར་བཞེངས་ཙ་ན། དབུ་ཡི་སྔས་མགོ་ན་མཁའ་འགྲོ་སེང་གེའི་གདོང་ཅན་གསུམ་བྱོན་ནས། བུ་ཁྱོད་སྙིང་རུས་དང་བརྟུལ་ཞུགས་ཆེ་བ་ཞིག་འདུག་སྟེ། ཁྱོད་ཀྱི་ཆས་འདི་བྱས་པའི་ལྷོ་གནས་མཆོག་དཔལ་གྱི་རྩྭ་རིའི་སྒོ་ཡང་མི་ཕྱེད་དོ། །ནང་སྤྲུལ་པའི་ལྷ་ཚོགས་ཀྱི་ཞལ་ཡང་མི་མཇལ། མཆོག་ཐུན་མོང་གི་དངོས་གྲུབ་ཡང་མི་ལོན། ད་ལན་ཕར་ལོག་ལ་སང་ཕོད་དུས་ད་ཚོད་ཙ་ན། མགོ་ལ་ཆུ་ཞྭ་གྱོན་ནས་ཤོག རྐང་ལ་ཆུ་ལྷམ་གྱོན་ལ་ཤོག ལག་ན་ཆུ་བེར་ཐོགས་ལ་ཤོག ཕུ་རི་གསུམ་རྩེ་ནས་ཁ་གླུ་དང་མ་བྲལ། མདའ་ལུང་གསུམ་མདོ་ལ་ལག་པ་གར་དང་མ་བྲལ། རྐང་པ་བྲོ་དང་མ་བྲལ། ཐབས་ཤེས་གཉིས་ཀྱིས་ཡ་མ་བྲལ་བར་ཤོག ཚོགས་དང་གཏོར་མ་བཤམ་རུང་ཤོག ཕ་རྒྱུད་ཀྱི་སྒོ་བ་བཞི་དང༌། མ་རྒྱུད་ཀྱི་སྒོ་མ་བཞི་ལ་གསོལ་བ་འདེབས་ཀྱིན་ཤོག དེ་ཙུག་བྱས་ན་གནས་རྩྭ་རིའི་སྒོ་ཡང་ཕྱེ་བ་ཡིན། ནང་སྤྲུལ་པའི་ལྷ་ཚོགས་ཀྱི་ཞལ་ཡང་མཇལ་བ་ཡིན། མཆོག་ཐུན་མོང་གི་དངོས་གྲུབ་ལོན་པ་ཡིན། ངེད་རྣམ་གསུམ་གྱིས་ཀྱང་གྲོགས་བྱེད་གསུངས༌། དེ་ནས་སྐྱེས་བུས་མར་གཟིགས་ཙ་ན། རྡོ་ཡི་མཚན་མ་ལ་ཉིན་མོ་དུ་བ་འཐུལ་བ། མཚན་མོ་མེ་འབར་བ་དེར་བྱོན་ཙ་ན། གནམ་ཆོས་འབྱུང༌། རྡོ་ཆོས་འབྱུང༌། ས་ཆོས་འབྱུང༌། ཆུ་ཆོས་འབྱུང༌། ཤིང་ཆོས་འབྱུང༌། ཆོས་འབྱུང་རྣམས་ཞལ་གཟིགས། གནམ་མཁའ་འགྲོ སངས་རྒྱས་མཁའ་འགྲོ རྡོ་མཁའ་འགྲོ རྡོ་རྗེ་མཁའ་འགྲོ ས་མཁའ་འགྲོ རིན་ཆེན་མཁའ་འགྲོ ཆུ་མཁའ་འགྲོ པདྨ་མཁའ་འགྲོ ཤིང་མཁའ་འགྲོ ལས་ཀྱི་མཁའ་འགྲོ རྡོ་ཡི་མཚན་མ་འདི་ལ་ཨུ་རྒྱན་གྱི་གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཡོད། ཕ་རིའི་ལུང་པ་འདི་དཀྱིལ་འཁོར་བྱང་གི་སྒོར་ཞལ་གཟིགས། དེ་དུས་གནས་ཀྱི་སྒོ་མ་ཕྱེ་བར་ཕར་ལོག་བྱོན། སང་གནང་དུས་ཀྱི་ད་ཚོད་ཙ་ན། མཁའ་འགྲོ་མས་ལུང་བསྟན་པ་བཞིན། རྫས་དང་ཞྭ་གོས་རྣམས་འཛོམས་པར་བྱས་ནས་རྡོ་ཡི་མཚན་མར་ཕེབས། ཚོགས་འཁོར་མཛད། དེ་ནས་མར་བྱོན། མགོན་པོ་གྲི་གུག་ཅན་གྱིས་ལམ་བཀག སྐེ་ནས་བཟུང་དྲེལ་བུ་བཞིན་བཀྲོལ། རྡོ་རྗེ་བཞིན་གནམ་ལ་འཕང་ས་ལ་བརྡབ། དེ་ཡི་དུས་སུ་སྒོ་འབྱེད་མཛད། དེ་ནས་ཅིག་ཅར་ལ་ཕེབས། གནས་ཀྱི་སྒོ་ཕྱེད་པ་ཡིན། ཡང་གཉོས་མགར་ཆོས་གསུམ་གྱིས་ཇི་ལྟར་བྱོན་དགོངས་ནས། སྒམ་པོ་ཟླ་འོད་བཞོན་ནུས་འགྲོ་བའི་མགོན་པོ་དཔལ་ལྡན་ཕག་མོ་གྲུབ་པ་ལ་ལུང་བསྟན། སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ། བར་ན་ཁུངས་བཙུན་པ་ལ་ཕྱི་དང་ཆུ་དབར། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ལ་རི་ཐེབས་རྫོངས་དང༌། འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་ཡོང་བ་ཡོད་ཞེས་ལུང་བསྟན་པས། དཔལ་ཕག་མོ་གྲུབ་པ་དེ་ཉིད་འདུལ་བྱ་ལ་གནས། རི་ཐེབས་རྫོངས་པ་མ་བྱུང་བ་སྐུ་གཤེགས་ཁར་ཐུགས་ཁྲལ་ཤིན་ཏུ་ཆེ་བས་སྤྱན་ཆབ་ཉིལ་ལེ་སོགས་མཛད་འདུག་པ་ལ། འབྲི་གུང་པ་འཇིག་རྟེན་གསུམ་གྱི་མགོན་པོ་ནས་འདི་ལྟ་བུའི་ཐུགས་ཁྲལ་མི་མཛད་པ་ཞུ། ཐུགས་ཁྲལ་དེ་ལྟ་མཛད་པ་ཅི་ལགས་ཞུས་པས། ཕག་མོ་གྲུ་པའི་ཞལ་ནས་ང་ལ་བླ་མའི་བཀའ་གསུམ་ཡོད་པ་དེ་མ་འགྲུབ་གསུང་ནས་ཐུགས་ཁྲལ་མཛད་དོ། །འབྲི་གུང་འཇིག་རྟེན་མགོན་པོ་བླ་མ་ཡི་བཀའ་གསུམ་པོ་གང་ལགས་བདག་གིས་བསྒྲུབ་བོ་ཞུས་པས། འོ་ན་ཁྱོད་ཀྱི་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ༌། བར་ན་ཁུངས་བཙུན་པ་ལ་ཕྱི་དང་ཆུ་དབར། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་རི་ཐེབས་རྫོངས་དང༌། འགྲོ་བ་སེམས་ཅན་གྱིས་དོན་རྒྱ་ཆེར་ཡོང་བ་ཡོད། གདན་ས་ཐེལ་དུ་སྐུ་འབུམ་ཤར་ནུབ་བཞེངས་གསུངས༌། དེ་ནས་འབྲི་གུང་འཇིག་རྟེན་མགོན་པོ་དེ་ཉིད་ཀྱིས། གཉོས་ཆེན་པོ་རྒྱལ་བ་ལྷ་གནང་པ་དང༌། མགར་དམ་པ། དཔལ་ཆེན་ཆོས་ཡེ་ཤེས་གསུམ་ལ་ཐོད་པ་སྨུག་ཆུང་བསྐུར་ནས་རྩྭ་རི་རི་ཐེབས་ལ་རྫངས། ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ཞེས་བྱ་བར་རྣལ་འབྱོར་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གནས་ཡོད། དེར་རྒྱུགས་ལ་སེམས་ཅན་གྱི་དོན་བྱེད་པ་རྒྱ་ཆེན་ཡོང་གསུངས༌། དེ་ནས་ཁོང་རྣམ་གསུམ་འབུམ་ཟླ་ཤུགས་མོ་ཆེ་ལ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཞལ་གཟིགས། མཁའ་འགྲོ་སེང་གེ་གདོང་ཅན་ཆེད་གསུམ་གྱིས། ཁོང་རྣམས་ལ་ཚོགས་འཁོར་དྲངས༌། དེ་ནས་ཡར་བྱོན་མགོན་པོ་གྲི་གུག་ཅན་ཡབ་ཡུམ་གྱིས་བསུ་བ་བྱོན། ད་ལྟ་ཡང་བྲག་ལ་སྐུ་རང་བྱོན་ཡོད། དེ་ནས་སྒྲུབ་ཆུ་ཁར་ཡར་ཕྱག་ཕེབས་ནས། གཉོས་ཆེན་པོའི་ཉེ་གནས་ལ་འཚོ་བ་བགྱིས་གསུང་པ་ཉེ་གནས་ཀྱིས་ཆུ་མི་འདུག་ཟེར་བར། མགར་དམ་པས་ཆུ་མི་འདུག་ན་འདུག་བྱས་པའི་ཆོག་གསུང་ནས་ཕྱག་མཁར་བྲག་ལ་བཙུགས་ནས་ཆུ་བརྡོལ། ཉེ་གནས་ན་རེ་འབྱོན་པར་ཞུ་གནང་ཟེར་ནས་མགར་དམ་པས་ཕྱག་མཁར་མར་བཙུགས་ནས་ཆུ་དེར་རང་དུ་ཐིམ་ནས་སོང༌། མགར་དམ་པའི་སྒྲུབ་རྟགས་བརྟན་པའི་སྒྲུབ་ཆུ་ཁ་ཟེར་བ་དེ་ལྟར་ཡིན། དེ་ནས་གོང་མོ་སྟེང་དུ་ཕེབས། བྱ་གོང་མོ་ལྔས་བསུ་བའི་རྣམ་པ་བྱས་ནས་སོང༌། གོང་མོ་སྟེང་ཟེར་བ་དེ་ལྟར་ཡིན། གོང་མོ་ལ་ཁར་ཕེབས་པ་དང༌། གོང་མོ་ལྔ་པོ་དེ་བུ་མོ་ལྔར་སོང་ནས་མིང་པོ་ཚོ་ཕེབས་ལགས་སམ་ཟེར་ནས། བུ་མོ་ཚོས་མི་རེའི་གླུ་རྟ་མི་གཅིག་པ་རེ་རེ་འཐེན་ནས་ཕ་རི་ཡི་རི་ལྔ་ལ། རེ་རེ་བཞིན་ཐིམ་པས་བཀྲ་ཤིས་ཚེ་རིང་མཆེད་ལྔ་ཡིན་པ་མཁྱེན། དེ་ནས་མར་བྱོན་གཡག་ཕུག་དུ་ཕེབས་ཙ་ན། ལུས་པོ་བུ་མེད་ལ་འགོ་བོ་གཡག་དུ་བྱས་པ་གཅིག་བྱུང་ནས། ཁྱེད་རང་ཚོ་གར་འགྲོ་འདིར་བཞུགས་དང༌། གནས་དང་འཚོ་བའི་ཞབས་ཏོག་བྱེད་ཟེར་བས་དེར་ཞག་གསུམ་བཞུགས། འཚོ་བའི་ཞབས་ཏོག་ཡང་བྱས། དེ་ནས་ཆོས་ཟམ་གདོང་ཕེབས་ནས་ཞིང་སྐྱོང་མི་དཀར་སེང་གེའི་མགོ་ཅན་ལ། རྟ་དཀར་གཡུ་ཡི་རྔོག་མ་ཅན་གཅིག་ལ་བཅིབས་ནས་ང་ཡི་བླ་མ་གསུམ་ཕྱག་ཕེབས་བྱུང་ཟེར་ནས། བསུ་བ་དང་དགྱེས་ཚོར་དཔག་ཏུ་མེད་པ་མཛད། ང་ཡིས་ཕོ་བྲང་དུ་ཕེབས་པ་ཞུ་ཟེར་ནས་ཡུལ་སྟོད་གདན་དྲངས་ནས་ཞིང་སྐྱོང་ཁོ་རང་གི་སྒྲུབ་སྐོར་མང་དུ་ཕུལ། ཆོས་རྗེ་སྣང་བ་དང་ཁྱད་པར་མི་འདུག་ཟེར། དེ་ཕན་ཆོས་ཟམ་མགོ་ལ་ལམ་ཡོད་པ་ཡིན་འདུག དེ་ནས་ཡུལ་སྟོད་དུ་ཕྱག་ཕེབས། ལུང་པ་རྡོ་རྗེ་ཕག་མོ་གན་འགྱེལ་ལྟ་བུ་ཞལ་གཟིགས། རྟ་དཀར་ལ་ཕག་ཞལ་དུ་གཟིགས། ཟླ་བ་ཐང་ཞལ་རས་ཀྱི་དཀྱིལ་འཁོར་ཞལ་གཟིགས། ཡུལ་སྟོད་ཐུགས་ཁར་ཞལ་གཟིགས། ཕྱག་གཡས་གྲི་གུག་ནམ་མཁར་འཆར་བ་ཇོ་བོ་ལ་གཏད་པ། ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་རྫ་ཁྲོད་ཤར་མའམ་མཚོ་ཆུང་ཡིན། སྦས་པ་གཡུ་མཚོ་ལྟེ་བར་ཞལ་གཟིགས། གཟི་ཆེན་གསང་བ་ཕུག་པ་གསང་གནས་སུ་ཞལ་གཟིགས། ཞབས་གཡས་ཡུལ་སྨད་ལ་བརྐྱང༌། གཡོན་ནེ་རིང་ལ་བརྐྱང་པ་ཞལ་གཟིགས། རྩྭ་རིའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་ཞལ་གཟིགས། མེ་འབུད་པའི་ཤིང་མ་རྙེད་བྱ་ཁྭ་ཏའི་ཚང་གཅིག་འདུག་པ་དེ་ལ་བྱས། ཐུག་པ་བསྐོལ་བའི་སྒྱིད་པུ་བོད་ལུང་ཆོས་ཟམ་གདོང་ནས་བསླང་པ་ཡིན་འདུག་གོ །
དེ་ནས་གཉོས་མགར་ཆོས་གསུམ་གྱིས་ཆོས་རྗེའི་ཇི་ལྟར་ལུང་བསྟན་པ་བཞིན་གཟིམས་ཁང་མཛད། དཔའ་བོ་རྫོང་ཆེན་ནས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང༌། དམ་པ་གྱེར་སྒོམ་དང་གཉོས་ཆེན་པོ། མགར་དམ་པདང༌། དཔལ་ཆེན་ཆོས་ཡེ་ཤེས་དང༌། སྨན་མདོར་རྒྱལ་མཆོག་དང༌། དྭགས་པོ་དགོང་ཁར་བ་རྣམས་ཀྱིས་ཡུལ་སྟོད་ཀྱི་གཟིགས་སྣང་ཐམས་ཅད་གཏན་ལ་ཕབས། རྩྭ་རིའི་སྒྲུབ་གནས་ཆེན་པོ་ལྔ། དུར་ཁྲོད་ཆེན་པོ་བཞི། ཞལ་གཟིགས་ཀྱི་ཕུག་པ་ལྔ། ལུང་བསྟན་གྱི་ཕུག་པ་བཞི།
སྒྲུབ་གནས་ཆེན་པོ་ལྔ་ནི། སྤུ་རི་ཡི་དམ་གྱི་སྒྲུབ་གནས། ལོ་བཞུགས་བྱས་ན་ཡི་དམ་མ་བསྒྲུབ་ཀྱང་ཞལ་མཇལ་བའི་གནས། ཡུལ་སྟོད་ཏིང་ངེ་འཛིན་གྱི་སྒྲུབ་གནས། ཏིང་ངེ་འཛིན་མ་བསྒོམ་ཡང་རང་བཞིན་གྱིས་སྐྱེ་བའི་གནས། ཀིའུ་ཚང་ཆོ་སྐྱོང་གི་སྒྲུབ་གནས། མ་བསྒྲུབ་ཀྱང་རང་བཞིན་གྱིས་འཆར་བའི་གནས། ཟེ་ཆེན་གསང་ཕུག་ཚེ་ཡི་སྒྲུབ་གནས། ཚེ་ཡི་དངོས་གྲུབ་ཐོབ། ཡུལ་སྨད་མཁའ་འགྲོའི་སྒྲུབ་གནས། མཁའ་འགྲོ་རང་བཞིན་གྱི་འདུ་བའི་གནས་དང་ལྔའོ།
དུར་ཁྲོད་ཆེན་པོ་བཞི་ནི། སྤུ་རི་རྒྱབ་ནི་ཀླུ་ཡི་དུར་ཁྲོད། མེ་ཏོག་སྟེང་མི་ཡི་དུར་ཁྲོད། ཀིའུ་ཚང་ཆོས་སྐྱོང་གི་དུར་ཁྲོད། རྔམ་པ་སྒྲ་སྒྲོག་མི་མ་ཡིན་གྱི་དུར་ཁྲོད་དང་བཞིའོ། །
ཞལ་གཟིགས་ཀྱི་ཕུག་པ་ལྔ་ནི། ནགས་ཚང་སྤང་ཁང་འཇའ་དང་འོད་ཀྱི་འབར་བ་འདུག སྤང་ཁང་བཀྲ་ཤིས་འོད་འབར་བྱ་བ་མཚན་གསོལ། སྒོ་མོ་གདོང་གི་བྲག་དེ་ལ་ཚོགས་བདག་གླང་སྣ་ཅན་ཞལ་གཟིགས། སྨན་མདོར་སྤང་ཁང་ལ་འབྲས་ཀྱི་ཕུང་པོར་ཞལ་གཟིགས། འཇའ་འུར་སྒང་ལ་འབྲས་ཀྱི་ཕུག་མར་ཞལ་གཟིགས། གཉོས་མགར་གཉིས་དང་སྨན་མདོར་རྒྱལ་མཆོག་གིས། སྨན་མདོར་རྒྱལ་གྱི་ཐང་ཤིང་ལ་བཅུ་གཅིག་པ་ཞལ་གཟིགས། ཉང་པོ་སྤང་ཁང་ལ་ཡུལ་ཉིན་ཤུ་རྩ་བཞིའི་མཁའ་འགྲོ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཞལ་གཟིགས། མགར་ཀྱི་གསུང་ནས་ཤར་ཕྱོགས་གྱི་དེའུ་གླང་ཆེན་ཉལ་བ་འདྲ་བ་ཡོད། དེ་རུ་ང་ཡི་ཕུག་པ་བྱེད་པ་ཡིན་གསུང༌། ཁོ་རང་འཇིགས་བྱེད་དུ་བསྐྱེད་སྐུ་སྟོད་སྤུ་རི་ལ་ཡོད་རུང་ཞབས་གཉིས་སྤང་ཁང་ཡོད་པའི་སར་སླེབས་སོ། །བྲག་ལ་ཞབས་རྗེས་བཞག གཉོས་ཀྱིས་ཆོས་གོས་གཤོག་པ་བྱས་ནས། ཕར་བྱོན་དཔལ་ཆེན་ཆོས་ཡེ་ཤེས་མཐུར་ལ་མཆོངས་མ་རྒྱུགས་སུ་བྱུང༌། གཉོས་མགར་གཉིས་ཀྱི་མཁའ་འགྲོ་མ་རྣམས་ལ་ཚོགས་འཁོར་མཛད་དུ་ཕེབས། དཔལ་ཆེན་ཆོས་ཡེ་ཤེས་ལྷག་གཏོར་གཏོང་དུ་ཕེབས། མགར་གྱིས་བླ་མའི་དེའུ་དེ་ལ་ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ་ཞལ་གཟིགས། ཁོའི་རིག་བདག་མཁའ་སྤྱོད་མ་ཡིན་བྱ། སྤང་ཁང་བཀྲ་ཤིས་འོད་ལྡན་ཞེས་བྱ་བ་མཚན་གསོལ། གཙང་པས་སྤང་ཁང་བྲག་དེ་ལ་འཛམ་བྷ་ལྷ་ནག་པོ་ཞལ་གཟིགས། དགོང་སྤང་ཁང་གི་བྲག་དེ་ལ་བདེ་མཆོག་ལྷན་སྐྱེས་སུ་ཞལ་གཟིགས། ཞལ་གཟིགས་ལྔ་པོ་དེ་ཡིན། །                       རྗེས་མ། >>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*