ལུང་བསྟན་གྱི་ཕུག་པ་བཞི་ནི། ཆུ་དར་དཀར་གྱི་ཡོལ་བ་འཕྱར་འདྲ་བའི་གཡོན་ཕྱོགས་ནས་བྲག་སེང་གེ་གནམ་ལ་མཆོངས་པ་འདྲ་བ་ཡོད། དེ་ཡི་འོག་ཏུ་ཕུག་པ་ཐོབས། ཚོགས་གཏོར་ཤོམས་དང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབས། དེ་ནས་རྡོ་རྒྱང་གི་ས་ནས་བྲག་ནེའུ་ལེ་རྐྱལ་པ་འདྲ་བ་ཡོད། དེ་ཡི་རྩ་ན་ཤིང་སྡོང་པོ་མི་རྒན་སྐྱིལ་དཀྲུང་བཅས་པ་འདྲ་བ་ཡོད། དེ་ཡི་རྩ་རུ་ཕུག་པ་ཐོབས་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། དེ་ནས་རྡོ་རྒྱང་གི་ས་ནས། དེ་ཡི་རྩ་རུ་ཤིང་སྡོང་པོའི་རྩ་རུ་བྱ་ཁྭ་ཏའི་ཚང་ཡོད། དེ་ཡི་རྩ་ན་ནེལ་མ་གཡུ་ཡི་མཎྜལ་འདྲ་བ་ཡོད། དེ་རུ་ཕུག་པ་ཐོབས་ཚོགས་གཏོར་ཤོམས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ཆུ་དར་དཀར་འཕྱར་བ་འདྲ་བའི་དབུས་ན། རི་སྦྲུལ་ནག་ཐུར་ལ་རྒྱུགས་པ་འདྲ་བ་ཡོད། དེ་ཡི་ནང་ཕུག་པ་ཐོབས་དང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད། གཉོས་ཆེན་པོ་དང༌། གཙང་པ་རྒྱ་རས་གཉིས་ཀྱིས་རྫ་ཁྲོད་ཤར་མའི་རི་དེ་ལ་ཕག་མོའི་སྐུར་ཞལ་གཟིགས། རྩེ་ཡི་ཕག་ཞལ་གཟིགས། བྲག་གསང་མཚན་གསོལ། སྐྱེས་བུ་དང༌། མགར་དམ་པ། གྱེར་སྒོམ་མིག་པོ་ཆེ་གསུམ་གྱིས་རྫ་ཁྲོད་ནུབ་མའི་རི་དེ་ཕག་མོར་ཞལ་གཟིགས། བྲག་སྒོམ་ཞྭ་ཕག་ཞལ་དུ་གཟིགས། བྲག་འོག་གི་ཆུ་དེ་གསང་མཚན་དུ། བྲག་འོག་གི་ཕུག་གི་ནང་ལ། དཀྱིལ་འཁོར་ཞལ་ཡས་ཁང་ལྷུན་གྱིས་གྲུབ་པའི་ཚུལ་ཡོད་པ་ཞལ་གཟིགས། དེ་ཡི་བྲག་དཀྱིལ་ན་གསང་བ་འདུས་པའི་ཕོ་བྲང་དུ་ཞལ་གཟིགས། དེ་ཡི་རྩེ་ན་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་གཅིག་གི་གསང་གནས་གཡས་པ་ལ་མགོན་པོ་ཏྲག་ཤད། ཞབས་གཡས་པའི་པུས་མོ་གཡས་གཡོན་ལ་ཨོཾ་ཨཱ་ཧཱུཾཾ་རང་བྱོན་དང་བཅས་པ་ཞལ་གཟིགས། དེ་ཡི་གཡས་ན་ལྷ་མོ་དུང་སྐྱོང་མ། དེ་ཡི་གཡོན་ན་ལྷ་མོ་ནོར་རྒྱུན་མ་ཆོས་འབྱུང་བྲག་ལ་ཞལ་གཟིགས། དེ་ཡི་གཡས་ན་ཕག་མོ་དབུ་བཅད་མའི་དབུ་ཡི་སྦུག་ན་དེ་ཡི་ཁྲོས་མ་ནག་མོ་ཞལ་གཟིགས་ནས་སྐུ་ཚོན་གང་པ་གཅིག་ཡོད། དེ་ཡི་གཡས་ན་རྣམ་སྲས་རྟགས་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་ཞལ་གཟིགས། ཆོས་འབྱུང་གི་གཡོན་ན་ཚོགས་བདག་གླང་སྣ་ཅན། དེ་ཡི་གཡས་ལ་སྒྲོལ་དཀར་གཡོན་དུ་སྒྲོལ་སྔོན། དེ་ཡི་གཡོན་ན་འཛམ་བྷ་ལྷ་གསེར་པོ་བྲག་ནེའུ་ལེ་ཁུང་དང་བཅས་པ་ཞལ་གཟིགས། དེ་ཡི་གཡོན་ན་ཁྲོ་རྒྱལ་སྨེ་བ་རྩེགས་པའི་སྐུ་རང་བྱོན་ཞལ་གཟིགས། སྤང་མོ་ཆེ་ཡི་བྲག་སྔོན་པོའི་ལོགས་ལ་མགར་དམ་པས་འཇིགས་བྱེད་དུ་ཞལ་གཟིགས། དེ་ཡི་གོང་གི་བྲག་དཀར་པོ་དེ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་བཅུ་གཅིག་ཞལ་གཟིགས། རྫ་ཁྲོད་ཤར་མའི་མགུལ་དེ་ལ་གཙང་པ་རྒྱ་རས་ཀྱིས་བཅུ་གཅིག་ཞལ་གཟིགས། གཉོས་ཆེན་པོ་རི་ཐེབས་དང་པོར་གསང་བ་འདུས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་ཞལ་གཟིགས། གཉིས་པར་ལྷ་དྲུག་ཅུའི་དཀྱིལ་འཁོར་ཞལ་གཟིགས། བྱ་རོག་གདོང་གི་སྐུ་རང་བྱོན་ཡང་ཡོད། གཉོས་ཆེན་པོ་བོད་ཀླུང་གི་སྦོད་ཁང་རུས་ཅན་ཕེབས་པའི་དུས་སུ། ཀླུ་རྒྱལ་དབང་པོ་ལྷག་ལྷག་ཁྱིའུ་ལོ་བརྒྱད་ཤ་ཡི་རལ་པ་ཅན་ཞིག་བྱུང་ནས་གཉོས་ལ་བསྙེན་གནས་ཀྱི་སྡོམ་པ་ཞུས། གཉོས་ཀྱིས་ཁྱོད་ཀྱི་མིང་ལ་ཅི་ཟེར། སྡོད་པའི་གནས་གང་ཡིན་དྲིས་པས། ང་ཡི་མིང་ལ་ཀླུ་མལ་གྲོ་གཟི་ཅན་ཟེར་བ་ཡིན། དགུན་ཡུལ་སྟོད་ཆུ་མིག་ནག་མོར་སྡོད། དབྱར་འདི་རུ་སྡོད་པ་ཡིན། འདི་ལ་དབང་པོ་ལྷང་ལྷང་ཟེར་བ་ཡིན། ཆུ་མིག་ནག་མོའི་འགོ་ལ་བླ་མའི་གཟིམ་ཁང་གཅིག་འབུལ་ཟེར། གཉོས་ཀྱིས་ཞལ་ནས་ཁྱོད་ཀྱིས་ཀླུ་འདི་ཞེ་ནག་པ་གདུག་པ་ཆེ་བ། ང་ཡི་ཕྱི་རབས་ཀྱི་བུ་སློབ་རྣམས་ལ་རྗེས་འཇུག་དང་སྤྱོད་པ་ཅི་ཡང་བག་མེད་མང་པོ་ཡོང་བས། ཁྱོད་ཚོ་མི་མཐུན་གསུང༌། ངས་ཕ་ཏ་འདི་རུ་ཟུར་པས་ཆོག་ཟེར། དང་པོར་ཆུ་མིག་བྲང་མཛོད་ཀྱི་འོག་ན་ཡོད་པ་ཡིན། གཉོས་ལ་མི་མ་ཡིན་གྱི་ཡོན་བདག་དགེ་བསྙེན་བཞི་ཡོད་པ་ལ། ཐང་ལྷ་དང༌། ཀུན་དགའ་གཞོན་ནུ། མལ་གྲོ་གཟི་ཅན། བཙན་གྲས་སྐྱེས་རྣམས་ཡིན། ལྷ་པ་ལོངས་སྤྱོད་ཆེ་བའི་རྒྱུ་མཚན་ཡིན། གཉོས་མགར་ཆོས་གསུམ་གྱིས་སྡོང་པོ་དཀྱིལ་དཀྲུང་འདི་འཁོར་ལོ་སྡོམ་པའི་མགྲིན་པའི་ལོངས་སྤྱོད་དུ། གཉོས་ཀྱིས་ཆོས་མཛེས་ཐང་ཤིང་བདུན་པོ་དེ་སྒྲོལ་མ་མཆེད་བདུན་ཞལ་གཟིགས། ལྡན་མ་སྤང་ཁང་དང་ཉང་པོ་གཉིས་ཀྱིས་ནམ་མཁའ་ལ་ཁ་སར་པ་ཎེ་རེ་ཞལ་གཟིགས་པ་ཡིན་འདུག སྤང་པོ་མཚོ་ལ་དེ་གཉན་པ་ཡིན། བྱང་ཐང་རས་པ་དེ་སྤུ་རི་བྱང་རས་ཕུག་ན་བཞུགས་དུས། བུ་མོ་གཞོན་པ་གཅིག་བྱུང་ནས་བྱང་ཐང་རས་པ་ཁྱོད་ལ་འདུལ་བྱ་སྐྱོང་བའི་གནས་ཤིག་ཨེ་དགོས་ཟེར་བས། དགོས་གསུངས་པས་ང་ཡི་ཕྱི་ལ་ཤོག་གསུངས་ནས་སྤུ་རི་ཡི་རྩེ་ནས། ལུང་བསྟན་ནས་ཤིང་སྡོང་པོའི་རྩེ་ན་ནལ་མ་གཡུ་ཡི་མཎྜལ་འདྲ་བ་དེ་ཡི་དཀྱིལ་ན་ཆུ་མིག་གསེར་གྱི་ཚོམ་བུ་བཀོད་པ་འདྲ་བ་གཅིག་ཡོད། དེ་རུ་ཕུག་པ་ཐོབ་དང་གདུལ་བྱ་འོང་བ་ཡིན། སྤང་ཆུང་ལུང་བསྟན་པ་ཡིན། གཞན་ཡང་སྤང་མོ་ཆེ་བ་རེ་རེ་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རེ་རེ་གཟིགས་པ་ཡིན་འདུག སྐྱེས་བུ་གཉོས་མགར་ཆོས་གསུམ་འདིར་མར་ཕེབས་དུས་སུ། ཕ་བོང་རྟ་དག་འདི་ཞིང་སྐྱོང་གི་ཆིབས་པ་བྲ་བོ་གསེར་གྱི་སྒ་སྲབ་ཅན་དུ་གཟིགས། གཉོས་ཀྱིས་ཆིབས་པ་དེ་ལ་བཅིབས་པས་སྐད་ཅིག་གིས་ཡུལ་ཉི་ཤུ་རྩ་བཞི་གནས་སོ་གཉིས་ལ་བྱོན་ནོ། །དེ་རྣམས་ཀྱིས་མཁའ་འགྲོ་མ་ཐམས་ཅད་དམ་ལ་བཏགས། གུར་གྱི་བྲག་ལོགས་ལ་ལྷ་མོ་དུང་སྐྱོང་མ་དང་ཏྲག་ཤད་གཉིས་སྒོ་བསྲུང་དུ་ཞལ་གཟིགས། དེ་ཡི་སྟེང་གི་དེའུ་དེ་ཞིང་སྐྱོང་གི་རྟ་ཕུར་ཡིན། སྤུ་རིའི་ལྡེབས་ཀྱི་རི་འབུར་དེ་ཞིང་སྐྱོང་གི་རྟ་ཕུར་ཡིན། རིབ་ལ་གོང་འོག་གིས་དབུས་རི་དེ་གསུང་གི་རྟེན་ཡིན། ཅིག་ཅར་དཔལ་རི་ལྷུན་པོ་དེ་ཐུགས་ཀྱི་རྟེན་ཡིན། ནགས་ཚང་སྤང་གི་སྤང་ཐང་དེ་ཞིང་སྐྱོང་གི་རྟ་ཐང་ཡིན། ཕ་བོང་གི་རྟ་སྒའི་མ་ཏའི་བྲག་ལམ་དེ་ལ། གཉོས་མགར་གྱིས་སྦས་པ་གཡུ་མཚོ་ཕེབས་པའི་དུས་སུ། རུས་སྦལ་ཆེན་པོ་ཞིག་གིས་ལམ་བཀག་ནས་འདུག བཞུགས་ཁྲི་འདིའི་སྟེང་ནས་ཞི་བའི་ངོས་ནས་ཆོས་བཤད་གཏོར་མ་གཏོང་བཞིན་བཞུགས་ཙ་ན། གཙང་པ་རྒྱ་རས་དཔོན་སློབ་བདུན་བྱོན་ནས། གཙང་པ་རྒྱ་རས་ཀྱིས་སྦལ་པའི་སྟེང་འཕྱོང་ཞིང་ཕཊ་ཕཊ་གསུངས་ནས་གྲོགས་མཛད་པས། གཉོས་ཀྱིས་གཙང་པ་ལ་དེ་ཙུག་མ་མཛད་ཀླུ་ཞེ་ནག་པའི་ཁྱེད་ཀྱི་སྐུ་ཚེ་ལ་ཡང་གནོད། ཕྱི་རབས་ཀྱི་བུ་སློབ་རྣམས་ལ་མི་དགའ་གསུངས་པས། གཙང་པ་ན་རེ། ཁོ་བོ་གཙང་པ་རྒྱ་རས་ང༌། །ཚེ་རིང་ཡང་བཞི་བཅུ་ཞེ་ལྔ་ཡིན། །ཐུང་ཡང་བཞི་བཅུ་ཞེ་ལྔ་ཡིན། ཁོ་བོའི་སྤྱི་བོའི་འོག་ཏུ་ཆུ་བརྡོལ་དུས་ཁོ་བོའི་བུ་སློབ་རྣམས་ལ་ཡང་འབུལ་དགོས། ཁོ་བོ་འདི་རུ་དུ་བ་མ་ཆད་ཙམ་ལས་མི་ཡོང་གསུངས་ནས། ཞབས་བྲོ་མཛད་པས་སྦལ་པ་རྡོ་ལ་ཐིམ་པའི་ཞབས་རྗེས་ཡོད། སྦལ་པ་གཡུ་མཚོ་ཟེར་བ་དེ་ལྟར་ཡིན། རྫ་ཁྲོད་ཤར་མ་ན་ནས་དུམ་གཅིག་ཧྲོལ། དེ་རྩ་ན་ཤིང་སྡོང་པོ་མཁར་འདྲ་བ་ཡོད། རྩྭ་རི་བ་བྱིངས་ཀྱི་བླ་ཤིང་ཡིན། ཁྱད་པར་དུ་གཙང་པའི་བླ་ཤིང་ནི་རྟ་རི་གཉིས་རྒྱབ་བསྲུང་པའི་ལས་མཚན་རྣམ་ཀྱི་ཤིང་རྩ་ནས་བཅད། མཚོ་ཡང་སྒང་པོ་ཧྲལ། གཙང་པའི་ལས་མཚན་རྣམས་སྒོར་འདོན། རྩྭ་རི་སྤྱི་ཡང་གདུལ་བྱ་ཆུང་དུ་འགྲོ མགར་དམ་པའི་རི་ཐེབས་དང་པོ་ལ་འདི་བར་བྱོན་དུས། བུ་མོ་བདུན་གྱིས་ར་ལ་ས་སྐལ་ནས་མཚོ་དེ་སུབ་འདུག་པ་དང༌། ཁོང་བྱོན་པ་དང༌། མི་བྱུང་ཟེར་ནས་མཚོ་ལ་ཐིམས་སོང༌། ཡང་རི་ཐེབས་གཉིས་པ་ལ་མཚོ་དེའི་སྟེང་དུ་བུ་མོ་གསུམ་གྱིས་གསེར་གྱི་མཎྜལ་ལ། གཡུ་ཡི་ཚོམ་བུ་བཀོད་ནས་མཎྜལ་བཀོད་པར་འབུལ་གྱིན་འདུག་པ་ཁོང་བྱོན་ནས་མི་བྱུང་ཟེར་ནས་མཚོ་ལ་ཐིམས་སོང༌། ཕོ་བྲང་གཡུ་མཚོ་ད་ལྟ་སྦས་པའི་ཚུལ་དུ་ཡོད། ས་ཅད་སྦས་པ་གཡུ་མཚོ་ཟེར། མ་འོངས་པའི་དུས་སུ་དགེ་འདུན་སྙིང་རུས་ཆུང་ངུ་སོང་ནས། གཡུ་མཚོ་མི་འཁོར་བ་རྣམས་ཀྱིས་དེའི་དུས་སུ་གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་མ་བུ་བརྩེ་བ་བཞིན་གཡུ་མཚོའི་ལྷ་ཚོགས་ཐམས་ཅད་འདིར་བྱོན། མཁའ་སྤྱོད་རིག་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤུ་རི་ལ་བྱོན། དེ་ཡི་དུས་རྒྱལ་ཁམས་མི་ཐམས་ཅད་ཀྱང་འདིར་འོང༌། ཕོ་བྲང་རྩྭ་རི་གཡུ་མཚོ་འཁོར་བ་ཡིན་ཟེར་གདུལ་བྱ་ཆེན་པོ་ཡང་ཡོང་བ་ཡིན། ཡུལ་སྟོད་སྤང་ཁ་ཡ་བཞི་ཡི་ཤུལ་དུ་གཙུག་ལག་ཁང་ཞིག་བྱུང༌། སྡོང་པོ་སྐྱིལ་ཀྲུང་དུ་ཚོང་འདུས་ཆེན་པོ་ཡོང༌། བྱ་འུར་སྒང་དུ་ཆང་མ་ཡོང༌། བོད་ཀླུང་མི་རྒན་དེ་བོ་ལ་ལྷ་ཁང་ཀ་བ་བརྒྱ་པ་གཅིག་གི་གཏེར་ཡོད། གཏེར་དེ་སྟོན་ནས་ཀ་བ་བརྒྱད་པ་གཅིག་བཞེངས། བོད་ཀླུང་ལུང་པར་ཞིང་འདེབས་པའི་དུས་ཡོང༌། འབྲོག་པས་འཛིན་པའི་དུས་ཡོང༌། སྔོན་དུས་སུ་ཡུལ་སྟོད་སྨད་ལ་རྡོའི་གནོད་འཚེ་བྱུང་དུས་ཆོས་རྗེའི་དྲུང་དུ་རྟེན་འབྲེལ་ཞུས་པའི་ཕྱག་མདུད་རྟེན་འབྲེལ་མ་ཞུས་ནས་མར་བསྐུར་ནས། གཡུ་མཚོ་སྦས་པའི་གདོང་པོར་ཚལ་གྱི་གཡུང་དྲུང་རིས་མོ་གཅིག་བྲིས། བསྲུང་མདུད་འདི་ཐོགས་ལ་གཏོར་མ་སྦྱིན། སྒོ་སྲུང་བགྱིས་དང་གནོད་པ་མི་ཡོང་གསུངས། གྲོགས་པོའི་ཆུ་དེ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིན་ཆོས་རྗེ་གཙང་པ་རྒྱ་རས་འདིར་ཕེབས་དུས་སུ། མི་ནག་པོ་གྲི་གུག་འཁྱེར་བ་གཅིག་གིས་ལམ་བཀག་ནས་འདུག ཆོས་རྗེ་གཙང་པས་ཨ་རྩི་བྱ་བ་གཅིག་ཤོར། གཏོར་མ་བཏང་བཀའ་བསྒོ་བྱས་པས་མི་ནག་པོ་གྲི་གུག་ཐོགས་པ་དེ་ཕ་རིའི་རི་དེ་ལ་ཐིམས་སོང༌། མགོན་པོ་གྲི་གུག་ཅན་དུ་ཞལ་གཟིགས། འཕྲང་དེ་ལ་ཨ་རྩི་ཕྲང་བྱ་བ་ཡིན། ཡང་གཉོས་མགར་ཆོས་གསུམ་འདིར་བྱོན་དུས། བྲག་དེ་ལ་མཁའ་འགྲོ་མ་སེང་གེ་གདོང་པ་ཅན་ཆེད་གསུམ་ཞལ་གཟིགས། ཆུ་འབབ་དེ་ལ་སྒྲོལ་མ་མཆེད་བདུན་གྱིས་ཞལ་གཟིགས། ཕ་རི་ཡི་བྲག་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་ཞལ་གཟིགས། དགེ་སློང་མ་པད་མོ་དང་མཇལ། ཁོང་གིས་དབུ་བཅད་ནས་ཁོང་གསུམ་ལ་ཕུལ། ཁོང་རང་བྲག་འདི་ལ་ཐིམ། བྲག་དེ་ལ་ཕག་མོ་དབུ་བཅད་མར་ཞལ་གཟིགས། དབུ་བཅད་མའི་གཡས་ན་མཁའ་འགྲོ་མ་ཙནྜ་ལཱི་གཡོན་ན་མཁའ་འགྲོ་མ་ར་རྩ་ལི་སྐུ་མདོག་དུ་བའི་མདོག་ཅན་ཞལ་གཟིགས། གཉོས་མགར་ཆོས་གསུམ་འདིར་ཕེབས་དུས། ན་བུན་དང་སྐྱི་བུན་དུ་ཐིབས། ཉི་མའི་གུང་དུ་མུན་རུབ་བྱུང་བའི་གཏོར་མ་བཏང༌། བཀའ་སྒོ་བྱས་པས་ཕྱི་ལྟར་དུ་ན་བུན་སངས་ནང་ལྟར་དུ་མ་རིག་མུན་པ་སངས། བར་དུ་འོད་གསལ་མ་བུ་འཕྲད། ས་ཆ་འདི་ལ་བཟང་ཟེར། གུར་གྱི་བྲག་དེ་ལ་ཏྲག་ཤད་ཀྱི་ཞལ་གཟིགས། གཉོས་མགར་ཆོས་གསུམ་གྱིས་གཏེར་སྒོ་དང་མཁའ་འགྲོ་མ་རྣམས་དགོངས་སུ་ཐུགས་དམ་མཛད་ནས་ཕེབས། གཙང་པ་རྒྱ་རས་ཀྱིས་དཔོན་སློབ་རྣམས་གཡུ་མཚོ་བསྐོར་ནས་ཕེབས་དུས། འདི་བུ་མོ་གཉིས་དར་ཐག་དྲུད་པའི་བུ་མོ་ན་རེ། ཁྱེད་རང་རྣམས་ལ་འབུལ་བསམ་བྱུང་ཡང་ཁྱེད་རང་རྣམས་སྔས་བྱུང་ཟེར་ནས་སྨྱུག་ཕུང་དེ་ལ་ཐིམ་སོང༌། བསྟན་པ་སྔ་དར་གྱི་དུས་སུ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དང་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་གཟི་ཆེན་གསང་བའི་ཕུག་ཏུ་བཞུགས། ཕུག་པ་འདིར་ཡུམ་ཨུ་མ་དཱེ་བཱའི་ཞལ་གཟིགས། རིག་འཛིན་ཚེ་ཡི་སྒྲུབ་པ་མཛད་པར་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། མཐར་ནུབ་ཕྱོགས་ཨོ་རྒྱན་ལ་གཤེགས། སྤུ་རི་བདེ་མཆོག་གི་ཕོ་བྲང་ཡིན། རི་ཡ་གི་བདེ་མཆོག་གིས་དབང་ཕྱུག་ཆེན་པོར་ཞལ་གཟིགས། ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བཅོ་ལྔ་ལ་དབང་ཕྱུག་ཆེན་པོའི་གྲིབ་མ་འདིར་ཟུག བདེ་མཆོག་ཡབ་ཡུམ་སྦྱོར་བ་མཛད། ལས་དང་སྐལ་བ་ལྡན་པས་ཚེ་གཅིག་ལ་སངས་རྒྱས། སྐལ་མེད་རྣམས་ལ་ཚེ་ཡི་བར་ཆད་དུ་འགྱུར། མི་འགྱུར་བའི་རྟགས་བརྒྱད་ནི། རང་བྱོན་རྫ་ཡི་མཆོད་རྟེན་མགོ་གསུམ་ལ་རིག་གསུམ་མགོན་པོ་ཞལ་གཟིགས། མཆོད་རྟེན་གྱི་སྟོད་ལ་ཆོས་གཏེར་སྐེ་ལ་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར། གཤམ་ན་གྲི་རྨོག་ཁྲབ་གསུམ་སོགས་ནོར་རྫས་ཀྱི་གཏེར། གཏེར་བདག་རྒྱལ་པོ་གཅིག་ཡོད། མ་འོངས་པའི་དུས་སུ་དཔུང་པ་གཡོན་པར་ཤ་ཚན་ཡོད་པའི་དགེ་འདུན་གཅིག་ཡོང༌། དེས་གཏེར་ནས་འདོན་པ་ཡིན། དགེ་འདུན་རྣམས་ནོར་ལ་མི་འཆམ་ཞིང་འཐབ་རྩོད་ཡོང༌། རྩྭ་རི་ལུང་པ་རོ་ཡིས་ཁེངས་པའི་དུས་ཡིན། ཕྱིས་འགྱོད་པ་སྐྱེས་ནས་མཆོད་རྟེན་ལ་བསྐོར་བ་བྱས་ནས། བཤགས་པ་བྱས་ཕྱག་འཚལ་སྡིག་པ་དག་ནས་གྲུབ་པ་ཐོབ་པ་བྱ་ལོང་རྒྱུ་རྒྱུ་ཡོང༌། གཉོས་མགར་ཆོས་གསུམ་འདིར་ཕེབས་དུས་ལམ་གོང་གི་ཤུག་པ་དེ་ཁྲོ་རྒྱལ་སྨེ་རྩེགས་གཟི་ཆེན་གྱི་སྒོ་སྲུང་དུ་ཞལ་གཟིགས། ལམ་འོག་གི་ཤུག་པ་གསུམ་པོ་དེ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གཙོ་འཁོར་གསུམ་དུ་ཞལ་གཟིགས། སྤང་མའི་རྩ་བའི་ཤུག་པ་དེ་ལ་དཔལ་རྟ་མགྲིན་དུ་ཞལ་གཟིགས། མཆོད་རྟེན་དེའི་རྩེ་ཡི་བྲག་གི་སྦུག་ན་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར་ཞལ་གཟིགས། སྤང་གཡོན་གྱི་ལོགས་དེ་ལ་གཉོས་ཀྱི་གསེར་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་ཞལ་གཟིགས། སྐྱེས་བུ་ཡེ་ཤེས་རྡོ་རྗེས་འཛམ་སེར་དུ་ཞལ་གཟིགས། དེ་ཡི་རྩ་ན་ཨོ་རྒྱན་གྱི་ཞབས་རྗེས་ཡོད། གཉོས་འདིར་དགུན་བཞུགས་མཛད་པའི་དུས་སུ་ནུབ་གཅིག་སྡིག་སྒྲ་ཆེན་པོ་ཞིག་བྱུང་བས། ནངས་པར་ཐོག་ན་མཛོ་རོ་ཆེན་པོ་གཅིག་འདུག་པ་འདི་བར་ཆད་ཡིན་ནམ་དངོས་གྲུབ་ཡིན་མི་ཤེས། ང་ལ་དངོས་གྲུབ་དང་བར་ཆད་གང་ཡང་དགོས་པ་མི་འདུག་དགོངས་ནས་ཞག་བདུན་གྱི་བར་ལོངས་མ་སྤྱད་པར། རྟ་ལྔའི་དྲ་མིག་ལ་བརྒྱུས་ནས་སྤོས་ཀྱི་དྲི་དང་རོལ་མོའི་སྒྲ་བཅས་གདན་དྲངས༌། འདི་ཁྱོད་ལ་འདོད་པ་མི་འདུག་སྟེ་རྒྱ་གར་ན་མ་རྙེད་པའི་རྫས་ཡིན་གསུངས། ཡུལ་སྨད་ཕྱོགས་ལ་གདན་དྲངས་པས། གཉོས་ལ་རྐང་མགྱོགས་ཀྱི་དངོས་གྲུབ་ཡོད་པས་དེར་གསོལ་བ་དྲག་ཏུ་བཏབ་པས་ཞབས་གཡས་པ་སྐྱུར་བའི་བྲག་ལ་ཐིམ་པ་ཡིན། ཆོས་རྗེ་འབྲི་གུང་༧སྐྱོབ་པ་འཇིག་རྟེན་མགོན་པོ་ཞལ་ནས་ཁྱོད་ཀྱི་གོ་མ་ཆོད་པ་ཡིན་གསུངས། རྩྭ་རིར་སོང་ནས་བྲམ་ཟེ་སྐྱེ་བདུན་གྱི་ཤ་མ་ཟོས་པ་འདི་ཡིན། སྐྱེས་བུ་ཡེ་རྡོར་གྱིས་རྩྭ་རི་འདི་བསྐོར་བའི་གནས་ཡིན། སྡོད་པའི་གནས་མིན་གསུངས། དམ་པ་གྱེར་སྒོམ་གྱི་སྡོད་པའི་གནས་ཡིན། བསྐོར་བའི་གནས་མིན་གསུངས། གཉོས་ཀྱིས་རྩྭ་རི་འདི་བསྐོར་བའི་གནས་ཀྱང་ཡིན་ལ། སྡོད་པའི་གནས་ཀྱང་ཡིན། ཤེས་རབ་ཀྱིས་ཐབས་བོགས་འདོན་པའི་གནས་ཡིན་ལ། ཐབས་ཀྱི་ཤེས་རབ་བོགས་འདོན་པའི་གནས་ཀྱང་ཡིན། གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པའི་གནས་ཡིན་གསུངས། གཉོས་ཀྱིས་རྩྭ་རི་འདི་རབ་བྱུང་བཙུན་པ་གཅིག་གིས་འཛིན་དགོས་དགོངས། དམ་པ་གྱེར་སྒོམ་གྱིས་རྩྭ་རི་འདི་གསང་སྔགས་གྱི་ཕོ་བྲང་ཡིན་པས། སྔགས་པ་ཐར་ལམ་པ་གཅིག་གིས་འཛིན་དགོས་དགོངས་ཏེ། གྱེར་སྒོམ་གྱིས་རྟེན་འབྲེལ་སྒྲིག་ནས་ཁོ་རང་གིས་ཇོ་མོ་ལ། གཉོས་གདན་དྲོངས་ཤོག་གསུངས། ཁོང་གིས་ཟས་བྱིན་བྱུང་ན་མ་ཟ་བྱས་པ་བསྐུར་བྱུང་ན་མ་འཁྱེར་བ་གདན་དྲོངས་ཤོག་གསུངས་པ་ལ། གཉོས་ཀྱིས་མངོན་པར་མཁྱེན་ཏེ། མོ་ལ་ཡར་ཤོག་གསུངས་ནས་མར་ཟན་སྦྱིན། ཞབས་ལྷམ་གཅིག་བསྐུར་ནས་བླ་མ་རྫ་ལམ་ལ་བྱོན་པས་ཞབས་ཚ་ནས་ཞབས་ལྷམ་དེ་བཞེས་པར་ཞུ་གསུངས་ནས་བསྐུར། སྦ་འཁར་འདི་བསྐུར་ནས་བླ་མའི་སྐུ་རྟེན་གྱིས་གསུངས་ནས་བསྐུར། ཇོ་མོ་ཡར་ཕྱིན་རྩ་ན་དམ་པ་གྱེར་སྒོམ་གྱིས་རྟེན་འབྲེལ་མ་འགྲིགས་པ་མཁྱེན་ནས། དེ་སང་ཅི་ཡང་མ་ལུས་པ་གྱིས་གསུངས་ནས་རྟ་དཀར་ལ་ལ་བྱོན། ཅི་ཡང་མ་ལུས་སམ་གསུངས་པས། མེ་ལྕགས་དེ་ལུས་འདུག་ཞུས་པས། དུ་བ་མ་ཆད་རྩམ་ཞིག་ཡོང་བ་འདུག་གསུངས། སྐྱ་མི་དཀར་པོ་གཅིག་གིས་བསུས་ནས་བྱོན། བཙུན་མ་གཅིག་དང་འཕྲད་ནས་ཁྱོད་རང་ང་ཡི་ཕུག་པར་སོང་གསུངས། མགར་དམ་པ་གཟི་ཆེན་ལ་བཞུགས་དུས་མདུན་གྱི་ནམ་མཁར་བདེ་མཆོག་ཡབ་ཡུམ་འཁྲིལ་སྦྱོར་མཛད་པ་ཞལ་གཟིགས། ཕྱི་ནང་གསང་གསུམ་གྱི་དབང་བསྐུར། ཡབ་ཡུམ་སྐལ་བ་བཟང་མོ་ཡང་ཞལ་གཟིགས། གསང་སྔགས་གྱི་ལྷ་ཚོགས་ཐམས་ཅད་བར་སྣང་ལ་འཇའ་མཚོན་བཞིན་དུ་ཞལ་གཟིགས། ནུབ་ཕྱོགས་ཨོ་རྒྱན་ལ་མིས་མི་བལྟ་བཞིན་ཞལ་གཟིགས། རོ་བདུན་ཕུག་གི་བཤད་པ་ཡང་བྱས་སོ། །ཕ་རིའི་བྲག་ལོགས་ལ་རྒྱལ་ཆེན་རིགས་བཞི་དང་ལྷ་མོ་མཆེད་ལྔ་ཞལ་གཟིགས། དེ་ཡི་རྩེ་ལ་ཨོ་རྒྱན་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས། དེ་ཡི་རྩེ་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་མཁའ་འགྲོ་བྱེ་བས་བསྐོར་བ་ཞལ་གཟིགས། ཕུ་ཕྱོགས་ཀྱི་བྲག་དེ་ལ་མི་གཡོ་བ་དཀར་པོ་དང་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ཞལ་གཟིགས། རྒྱལ་པོའི་ལམ་ཡིག་ནས་གསལ་བ་བཞིན་ཕ་བོང་ཁ་ཐབ་ཀྱི་ཕྲེང་རིང་བྱ་བ་དེ། གཟི་ཅན་དང་ནེ་རིང་གི་བར་ལ་བྱ་བ་ཡིན། སྐྱེས་བུ་དང་གྱེར་སྒོམ་གཉིས་གོང་ཁ་དེ་རུ་མཇལ་ནས། སྐྱེས་བུའི་ཐུགས་དགོངས་ལ་ང་རབ་བྱུང་བཙུན་པ་ཡང་ཡིན། རྩྭ་རིའི་གནས་སྒོ་ཕྱེ་བའི་ཁོ་ང་ལ་ཁམས་འདྲི་བྱེད་དུ་འོང་བསམ་དམ་པ་གྱེར་སྒོམ་གྱི་ཐུགས་དགོངས་ལ། རྩྭ་རིར་ཕྱིན་པ་ནི་ང་སྔ། རྟོགས་པ་ནི་མཉམ་ཁོང་ང་ལ་ཁམས་འདྲི་བྱེད་དུ་ཡོང་སྙམ་པ་ལ། ལྕགས་ཀྱི་ཕག་རྒོད་གཉིས་ཐེ་ཚོམ་དུ་བྱུང་བར་གཏོར་མ་བཏང༌། བཀའ་བསྒོ་མཛད་ནས། གྱེར་སྒོམ་གྱིས་སྐྱེས་བུ་ལ་སྙུན་དྲིས་པས་ཕག་རྒོད་གཉིས་ལམ་གོང་འོག་གི་ཕ་བོང་རེ་ལ་ཐིམ་ནས་ཐལ་ལོ། །མ་ལྟའི་ནགས་གསེབ་ཀྱི་ཆུ་མཚོ་དེ་ལ་དམ་པ་གྱེར་གྱིས་སྐྲག་གཤེད་ཞལ་གཟིགས། ལམ་གོང་གི་ཕ་བོང་གསུམ་པོ་དེ་ལ་སྐྱེས་བུས་ཐུགས་རྗེ་ཆེན་པོའི་གཙོ་འཁོར་གསུམ་ཞལ་གཟིགས། དེ་ནས་སྐྱེས་བུ་ནེ་རིང་ལ་བྱོན། མཚོ་དེ་ལ་མཁའ་འགྲོ་མ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་འཁྲུས་བྱེད་པ་ཞལ་གཟིགས། འཁྲུས་མཚོ་ཆེན་མོར་མཚན་གསོལ། རང་བྱོན་རྫ་ཡི་མཆོད་རྟེན་དེ་ལ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གསང་བ་བུམ་སྐུར་ཞལ་གཟིགས། ཡ་གིའི་བྲག་འོག་ལ་དཔལ་ལྷ་མོ་ཞལ་གཟིགས། ལྷ་མོ་མཁར་ཆེན་དུ་མཚན་གསོལ། དེར་ཐུགས་དམ་བཞུགས་དུས་ཐང་དཀྱིལ་དེར་འཇའ་གུར་གཟིགས་པར་དེར་བྱོན། དངོས་གྲུབ་ཀླུ་ཡི་ཆུ་མིག་རྙེད། སྨན་སྦྱོར་རྒྱལ་མཆོག་ཕུག་པ་དེར་བཞུགས་ཙ་ན། བྱ་ངང་སེར་གཉིས་བསྐོར་བ་བྱེད་འདུག་པ་དེར་བྱོན་པས་བདུད་རྩི་ཀླུ་ཡི་ཆུ་མིག་རྙེད། མགར་དམ་པ་སྲིན་མོ་ལྷ་ཡི་ནེ་རིང་དུ་བཞུགས་དུས། ས་བདག་ས་སྲིན་རྣམས་ཀྱི་ཡོན་བདག་ཕོ་མོ་རྩེ་གསུམ་འཛོམས་པ་གཅིག་གིས་མཆོད་པ་སྐྱེལ་དུ་བྱུང་བས། དེ་ཡི་གྲིབ་ཕོག་པ་ཡིན་ཟེར་ནས་ཁྲུས་ཆུ་ཁུར་ནས་བྱུང་བར། ཡི་གེ་དྲུག་པ་དང་ཡི་གེ་བརྒྱ་པ་དང་རྟེན་འབྲེལ་ལ་སོགས་པས་འཁྲུས་ཆུ་གནང་བས། མི་ཤ་ཁྲག་ཅན་ལས་ལྷ་འདྲེ་གསོ་བ་སླ་འདུག་གསུངས། རིག་འཛིན་ཚེ་ཡི་མཁའ་འགྲོ་དང་མཇལ། ཚེ་ཡི་དངོས་གྲུབ་ཐོབ། ང་ཡི་བརྒྱུད་འཛིན་ལ་ཚེ་རིང་བའི་རྟེན་འབྲེལ་ཡོད་གསུངས། སྨན་འདོར་རྒྱལ་མཆོག་འདི་ན་བཞུགས་དུས། གཞི་བདག་རྣམས་ཀྱིས་ཆོས་ཞུས་ནས། ཡོན་དུ་ཆུ་མིག་འདི་ཕུལ་བ་ཡིན། ཡང་གཉོས་མགར་ཆོས་གསུམ་ཤིང་ཆོས་འབྱུང་དུ་ཕྱག་ཕེབས་དུས། འདི་ན་ས་ཆོས་འབྱུང༌། ཆུ། ཤིང༌། རྡོ། ནམ་མཁའ་ཆོས་འབྱུང་རྣམས་ཞལ་གཟིགས། ནམ་མཁའ་ཆོས་འབྱུང་ལ་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཞལ་གཟིགས། ཁོང་རྣམས་ཚོགས་གྲལ་དུ་ཚུད། དངོས་གྲུབ་རྙེད། ཨ་རང་བྱོན་ཡང་ཞལ་གཟིགས། མཁའ་འགྲོ་མ་རྣམས་ཕ་བོང་དེ་ལ་ཐིམ། རྡོ་ཆོས་འབྱུང་དུ་ཡུལ་ཉེར་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་བའི་ཚོགས་གྲལ་དུ་ཚུད། དངོས་གྲུབ་རྙེད། རྡོ་ཆོས་འབྱུང་གསུམ་རྩེགས་གཟིགས། ཨོཾ་ཨཱ་ཧཱུྂ་དང་བཾཾ་ཡིག་སོགས་དཔག་ཏུ་མེད་པ་ཐིམ་པར་གཟིགས། མཁའ་འགྲོ་འབུམ་ཐེར་དུ་འཇའ་དང་འོད་ཀྱིས་གུར་ཕུབ་འདུག ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་འདུག ཁོང་གསུམ་ཡང་ཚོགས་གྲལ་དུ་ཚུད། དངོས་གྲུབ་རྙེད། ཡུལ་ཉེར་བཞིའི་ལྟེ་བ་ཏྲི་ཤ་ཀུན་ཞེས་བྱ་བ་ཡིན། དེ་ལ་ས་སྣ་བརྒྱ་དང་རྩ་བརྒྱད། ཤིང་སྣ་བརྒྱ་དང་རྩ་བརྒྱད། འཛམ་བུ་གླིང་གི་ས་གཞི་བར་སྣང་ཐམས་ཅད་བཅུད་འདི་ན་གཏེར་དུ་སྦས་ཡོད་པ་ན་མཁའ་འགྲོ་འབུམ་གཏེར་དུ་ཡང་ཟེར། འདི་ནས་ས་འཁྱེར་ན་ཁང་སེལ། ཞིང་སེལ་ཐམས་ཅད་ཐུབ་པ། ས་རྐོ་རྡོ་སློག་བྱེད་ན་གཏོར་བའི་ཐུབ། ས་བདག་གིས་གནོད་པ་མི་འབྱུང༌། སྐེ་ལ་བཏགས་ན་མཆོག་བསྲུང་ཐུབ། འདི་ལ་བསྐོར་བ་ལེན་གསུམ་བྱས་ན་ངན་སོང་མྱོང་མི་དགོས། འདི་ཡིས་བར་འདིར་ཡུལ་སྨད་སྤྱན་རས་གཟིགས། ལ་ཐོད་དམར་པོའི་ཕོ་བྲང་དུ་རྒྱ་གར་གྱི་གྲུབ་ཐོབ་ལ་ཝ་པ་ཁྱི་གུ་ཁྲ་ཆུང་བཅས་སངས་རྒྱས་པས་བསྐོར། ལ་ཐོད་དམར་པོའི་གནས་བཤད་ནས་ཤོག་ལྡེབས་གཅིག་དཔེ་ནས་ཁྱད་པར་འདུག གཉོས་མགར་ཆོས་གསུམ་གྱིས་ཟླ་བ་ཐང་དུ་ཕྱག་ཕེབས་པའི་དུས། ཡུལ་ཉེར་བཞིའི་མཁའ་འགྲོ་མ་ཐམས་ཅད་ཚོགས་འཁོར་བསྐོར་འདུག ཁོང་རྣམ་གསུམ་ཡང་ཚོགས་གྲལ་དུ་ཚུད་ནས་དངོས་གྲུབ་རྙེད། རྒྱབ་དེ་ཡི་སྟོད་ན་གནས་བརྟན་བཅུ་དྲུག་ཞལ་གཟིགས། གཤམ་ལ་རྒྱལ་ཆེན་རིགས་བཞི་གཟིགས། ཨ་རང་བྱོན་ཡང་གཟིགས་རྟ་མགྲིན་བྲག་ལ་རྟ་མགྲིན་ལྗང་ཁུ་ཞལ་གཟིགས། རྟ་སྐད་འཚེར་བ་ཡང་གསན། རྟ་མགྲིན་གྱི་དེའུ་དེ་ལ་ཐུབ་པ་ཆེན་པོ་ལ་འཁོར་ཉན་ཐོས་ཚོགས་ཀྱི་བསྐོར་བ་གཟིགས། དེ་ཡི་གཤམ་ལ་རིག་གསུམ་མགོན་པོ་ཞལ་གཟིགས། རྒྱ་མཆོག་ཕུག་གི་རི་འདབས་དེ་ལ་སྒྲོལ་མ་དཀར་སྔོན་གྱིས་དཀྱིལ་འཁོར་ཞལ་གཟིགས། སློབ་དཔོན་གཡེ་སྟན་པ་ཕེབས་དུས་རྟ་མགྲིན་བྲག་དང་སྤུ་རི་བྲག་དབར་ལ། འཇའ་མཚོན་གྱིས་ཐག་པ་སྦྲེལ་ནས་བུ་མོ་རིགས་མི་འདྲ་བ་མང་པོས་ལྕང་མོ་བརྒྱུད་བྱེད་ཅིང་གསང་སྔགས་ཀྱིས་ཆོས་མང་པོ་གླུ་ལེན་པ་གསན། གདོང་པོ་ལྷན་སྐྱེས་ལ་གཉོས་མགར་ཆོས་གསུམ་གྱིས་བདེ་མཆོག་གསང་བ་བུམ་སྐུར་ཞལ་གཟིགས། སྐྱེས་བུ་ཡེ་རྡོར་གྱིས་སྤྱན་རས་གཟིགས་ཞལ་གཟིགས། ཁོང་རྣམ་གསུམ་གྱིས་སྐྱིད་རི་ལ་ནུས་པ་འགྲན་ནས། གཅིག་གིས་མེ་ཏོག་དཀར་པོ། གཅིག་གིས་དམར་པོ། གཅིག་གིས་སྔོན་པོ་སྐྱེ་བར་མཛད། གཉོས་མགར་ཆོས་གསུམ་གྱིས་ཕ་བོང་རིང་ངེ་སྒ་འདྲ་བ་དེ་ཞིང་སྐྱོང་གི་ཆིབས་སྒ་རུ་གཟིགས། གང་ལ་རྩང་པའི་ལས་ཚན་རྣམས་ཀྱིས་རྩྭ་རི་བ་བྱི་སོ་རྣམས་ཡར་འགྲོ་ལ་ཚིགས་རྒྱག་མར་འགྲོ་ལ་ཚིགས་རྒྱག ཁལ་མ་རྣམས་ར་ལ་ར་སྦྲེལ་སྒ་ལ་སྒ་སྦྲེལ་སྟོང་པ་སྟོང་རྒྱུགས་རྒྱག ལས་མཚན་སྤྱི་ནས་འབྲི་གུང་དུ་ཆོས་རྗེ་ལ་ཞུས་ནས། རྩང་པའི་ལས་མཚན་གྱིས་ངེད་རང་ཚོ་སྒོ་འདོན་དུ་མ་བཅུག་ཞུས་པས། ཆོས་རྗེས་གསུངས་པ་ན། རྩྭ་རི་ལུང་པ་རྡོ་རྗེ་ཕག་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུ་ཡོད་པ་ལ། རྫ་ཁྲོད་ཤར་མའི་མཚོ་དེ་རྡོ་རྗེ་ཕག་མོའི་ཐོད་ཁྲག་ཡིན། རྩྭ་རི་བ་སྤྱིའི་བླ་མཚོ་ཡིན། ཁྱད་པར་དུ་གཙང་པའི་བླ་མཚོ་ཡིན་མཚོ་དེ་ཡིས་ཁ་བའི་རྟེན་དུ་འགྱུར་བ་འདུག་གསུངས། ཕ་རིའི་བྲག་དེ་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རང་བྱོན་དུ་གཟིགས། མགར་དམ་པ་འདིར་བྱོན་དུས་བུ་མོ་གཉིས་འདིར་བྱོན་ཁྱོད་རང་ཕུག་པ་འདིར་ཐོབ་གསུངས། ཕུག་པ་འདི་མགར་དམ་པའི་ཕུག་པ་ཡིན། འབྲི་གུང་༧སྐྱོབ་པ་འཇིག་རྟེན་མགོན་པོས་བུ་སློབ་གཅིག་ལ་ལུང་བསྟན་ནས། རྩྭ་རི་ན་དེའུ་གཡག་ཉལ་བ་འདྲ་བ་གཅིག་ཡོད། དེ་ཡི་སྟེང་དུ་ཕུག་པ་ཐོབས་དང་རྒྱ་གར་རྡོ་རྗེ་གདན་དང་གདུལ་བྱ་མཉམ་གསུངས། དེར་བྱོན་པའི་ཆུ་མ་བརྙེད་པའི་དུང་ཕུག་སུ་བྱོན་པའི་བུ་མོ་གཉིས་དར་འཐག་གི་འདུག་ཁྱོད་རང་ཕུག་པ་འདིར་ཐོབ་གསུང༌། བུ་མོ་གཉིས་ཤུག་པའི་སྡོང་པོ་གཉིས་ལ་ཐིམ་སོང༌། མཁའ་འགྲོ་མ་ཉི་ཟླའི་སྤྱན་གཉིས་ཞལ་གཟིགས། ཁོང་གིས་དེ་རུ་ཕུག་པ་བཏབ་པས་ཏིང་ངེ་འཛིན་དང་འོད་གསལ་རྒྱུན་ཆད་མེད་པ་འཁྲུངས། རྒྱ་གར་རྡོ་རྗེ་གདན་དང་འདི་གཉིས་རྟ་རྔ་ཙམ་རྒྱུན་ཆད་མེད་པར་འབྲེལ་ཡོད། ཕྱིས་ཆོས་རྗེའི་དྲུང་དུ་འཇལ་དུས། ཁྱོད་ཀྱིས་དེའུ་གཡག་ཅན་དུ་ཕུག་པ་ཨེ་བཏབ་གསུངས། དེ་ན་ཆུ་མི་འདུག་དུང་ཕུག་ཏུ་བཏབ་ཞུས་པས་གང་ཟག་ངོ་གང་སླར་དགའ་བ་འདུག་གསུངས། ཡང་གཉོས་མགར་ཆོས་གསུམ་དེའུ་གཡག་ཅན་དུ་ཕེབས་དུས། ཕག་མོ་མཆེད་ལྔས་ཚོགས་འཁོར་བསྐོར་འདུག ཁོང་རྣམས་ཚོགས་གྲལ་དུ་ཚུད་དངོས་གྲུབ་རྙེད། གཉོས་གཟི་ཆེན་གསང་ཕུག་ཏུ་བཞུགས་དུས་བྲམ་ཟེ་སྐྱེ་བདུན་གྱི་ཤ་དངོས་གྲུབ་ཏུ་བྱུང་བ་བྲག་ལ་ཐིམ་པ་ཡིན། རྩྭ་རིར་ཕྱིན་ནས་སྐྱེ་བདུན་ཤ་མ་ཟོས་ཟེར་བ་དེ་ཡིན། གཉོས་མགར་ཆོས་གསུམ་གྱི་སྤུ་རིའི་ལྷོར་བྱར་བཞུགས་མཛད་དུས། ནམ་མཁའ་ནས་མར་འཇའི་ཀ་བ་ཟུག་པ་གཟིགས། ཁོང་རྣམ་གསུམ་དེར་བྱོན་དུས་བྲག་འདི་ལ་ཨོཾ་ཨཱ་ཧཱུྂ་དང་བཾཾ་ཡིག་སོགས། ཡིག་འབྲུ་དཔག་ཏུ་མེད་པ་ཐིམ་པ་གཟིགས། མགར་དམ་པ་འདིར་ཕེབས་དུས་ཡུམ་ཨ་མ་ལ་ཨ་གྷི་མཆེད་གསུམ་འདི་ན་ཚོགས་ཀྱི་འཁོར་ལོ་བསྐོར་འདུག་ཁོང་ཚོགས་གྲལ་དུ་ཚུད་དངོས་གྲུབ་རྙེད། ཕག་མོ་ཆོས་དྲུག་ཕྱི་ནང་གསང་གསུམ་གནང༌། ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་དུས་བཟང་ནམ་བྱུང་ལ་ཚོགས་འཁོར་མཛད་པ་ཡིན། ངེད་རྣམ་གསུམ་གྱི་ཕོ་བྲང་མ་གི་ན་ཡོད་ཁྱེད་རང་ཡང་མ་གིར་བྱོན་གསུངས། མགར་གྱིས་ཨ་གྷིར་གཟིམས་སྐྱེལ་མཛད་དངོས་གྲུབ་ཐམས་ཅད་འདིར་ཐོབ་པ་ཡིན་གསུངས། རྩྭ་རི་རོང་ལ་བྱོན་མ་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། རོང་ཐམས་ཅད་ཌཱ་ཀིའི་གྲོང་ཁྱེར་དུ་གཟིགས། རྩྭ་རི་ཡུལ་སྟོད་སྨད་ཀྱི་གནས་ཀྱི་སྒོ་ཕྱེས་ནས་ལོ་གསུམ་སོང་ཡང༌། ཨང་གྷིར་གནས་ཀྱི་སྒོ་མ་ཕྱེས། ཉིན་མོ་དུ་བ་འཐུལ། མཚན་མོ་མེ་འབར་བ་གཟིགས། གནས་ཀྱི་སྒོ་འབྱེད་པའི་དུས་ལ་བབས་ཙ་ན། སྐྱེས་བུ་ཡེ་རྡོར་དང་གཉོས་མགར་ཆོས་གསུམ་རྩྭ་རི་ཨང་གྷིར་ཕེབས་དུས་འདིར་འཇའ་དང་འོད་ཀྱིས་གུར་ཕུབ་འདུག འཇའ་གུར་གྱི་ནང་དུ། རྒྱ་གར་སྐད་དུ་ཡུམ་ཨ་མ་ལ་ཨང་གྷི་མཆེད་གསུམ། བོད་སྐད་དུ་མཁའ་འགྲོ་མ་དྲི་མ་མེད་པའི་ལུས་ཅན་མཆེད་གསུམ་ཞེས་པ་དང་དཔལ་ལྡན་ལྷ་མོའི་རྒྱུད་ནས། རི་ཆོས་མཆོད་རྟེན་འདྲ་བའི་སྣ་ན། བྲག་ཆོས་འབྱུང་འདྲ་བ་ཡོད། དེ་ཡི་ནང་ན་ཡུམ་ཨ་མ་ལ་ཨང་གྷི་མཆེད་གསུམ་བཞུགས། ཅེས་དང༌། འབྲི་གུང་༧སྐྱོབ་པ་འཇིག་རྟེན་མགོན་པོའི་ཞལ་ནས་རི་མཆོད་རྟེན་བཀྲ་ཤིས་སྒོ་མང་འདྲ་བའི་སྣ་ན། ཡུམ་ཨ་མ་ལ་ཨང་གྷི་མཆེད་གསུམ་བཞུགས། གསུངས། གཉོས་མགར་ཆོས་གསུམ་ལ་ལུང་བསྟན། སྒམ་པོ་ཟླ་འོད་གཞོན་ནུའི་གསུངས་ནས། རྩྭ་རི་རྩ་གོང་པར་པ་ཏ་ཞེས་བྱ་བ་ན། ཡུམ་ཨ་མ་ལ་ཨང་གྷི་མཆེད་གསུམ་ལ་མཁའ་འགྲོ་མ་ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་དུ་བསྐོར་ནས་བཞུགས་གསུངས་པ་བཞིན། སྐྱེས་བུ་དང་གཉོས་མགར་རྣམས་ཀྱིས་ཞལ་གཟིགས། ཚོགས་གཏོར་བཤམ། ཐུགས་ཀར་འོད་ཟེར་གྱི་སྤྲོ་བསྡུས་ཡང་མཛད། མཆོག་ཐུན་མོང་གིས་དངོས་གྲུབ་ཡང་ཐོབ། ཕ་རིའི་ཆུ་འགྲམ་གྱི་བྲག་ལ་ཕྱག་ན་གཏུམ་ཆུང་དང༌། ཏྲག་ཤད། བྱ་རོག་གདོང་ཅན་རྣམས་སྒོ་སྲུང་ལ་བཞུགས་པ་ཞལ་གཟིགས། གཉོས་མགར་ཆོས་གསུམ་འདིར་ཕེབས་དུས། སྡོང་པོ་འདི་ལ་གཉོས་ཀྱིས་རྣམ་སྲས་རྟ་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས། མགར་དམ་པས་ཕྱག་རྡོར་ལ་ཁྲོ་བོ་བཅུ་ཡིས་བསྐོར་བ་གཟིགས། འབྲི་གུང་༧སྐྱོབ་པ་འཇིག་རྟེན་མགོན་པོ་ནས་རི་ཐེབས་གཉིས་ཀར་སྤུ་རི་ལུང་བསྟན་ནས། བྷི་མའི་ལམ་ཡིག་ནས་སྤུར་ཆེན་དཔའ་བོའི་རྫོང༌། སྤོ་ཐེབས་དཔའ་མོ་རི་ཞེས་བྱ་བ་ཡོད། ལོ་བཞུགས་བྱས་ན་ཡི་དམ་གྱི་ལྷ་མ་བསྒྲུབ་ཀྱང་ཞལ་མཇལ། སྤུ་རི་ལ་མཚོ་ཆུ་ཡོད་ཆུ་ཐམས་ཅད་ནས་ཧུབ་རེ་འཐུང༌། ཁོང་རྣམ་གསུམ་དཔའ་བོ་རྡོ་ཐོད་དུ་ཕེབས་དུས་འཇའ་འོད་གུར་ཕུབ་འདུག དེ་ཡི་ནང་ན་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར། དེ་ཡི་དབུས་ན་ཆོས་འབྱུང་གྲུ་གསུམ་རྩེགས་པ་གཟིགས། ཀྱེའི་རྡོ་རྗེ་ལུང་བསྟན་བཞིན་སྤུ་རི་བྱང་ཕྱོགས་ན་རྡོ་ཐོད་ཡོད། ཐོད་པ་དུམ་བུ་གཅིག་པ་བདུད་རྩིས་གང་བ་འདི་ཕྱག་མཆོད་མཛད་པས་དངོས་གྲུབ་ཐོབ། མ་ཏིའི་བྲག་དེ་ལ་བྱ་རོག་གདོང་ཅན་སྒོ་སྲུང་ཡོད། ཆོས་རྗེ་བསམ་གཏན་དཔོན་སློབ་རྣམས་ཡུལ་སྟོད་ལ་ཕེབས་དུས། དེ་དུས་མི་ཤི་མི་བསད་མང་པོ་བྱུང་བས། གནས་ཁྱད་པར་ཅན་གཅིག་འདུག་སྟེ། མི་འདི་ཚོ་ཤིན་ཏུ་མ་ལེགས་པ་གཅིག་འདུག་དགོངས་ནས། སང་དེ་ཕྱག་ཆེན་རྩལ་བསམ་གཏན་ལ་ཁར་ཕེབས་ཙ་ན། ཁ་ཆར་བུ་ཡུག་འཚུབ། རྟགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན། ལམ་མ་ཐར་བ་དང༌། ཉེ་གནས་ཀྱིས་སྔར་གྱི་གྲུབ་ཐོབ་རྣམས་ལ་འདི་འདྲ་བྱུང་འདུག་པས་གཞི་བདག་གི་ཆོ་འཕྲུལ་ཡིན་ལས་ཆེ། ངས་གཏོར་མ་གཅིག་བཤམ་ལ་བསྔོ་བ་ཞུ་ཞུས་པར་ཆོ་རྗེས་གསུངས་ནས། རྟག་དུ་གཏོར་མ་མང་པོ་མི་བྱེད། ང་ཡན་ཆད་གྱི་བཀའ་བརྒྱུདའདི་ལ་བྱིན་རླབས་ཀྱི་རྟགས་མཚན་གཞན་དང་མི་འདྲ་བ་རི་བཟར་གྱི་རྦབ་དང་འདྲ་བ་ཅིག་ཡོད། ཁྱོད་རང་ང་ཡི་རམ་བུ་ཁྱོག ཞི་བྱེད་དོན་གྱི་བརྒྱུད་པ་འདི་ལ་གསོལ་བ་འདེབས་པ་ཡིན་གསུངས། གསོལ་འདེབས་ནམ་མཁའ་མ་དེ་མཛད། སྤུ་རིའི་རྩེར་བྱོན་ནས་གསོལ་བ་བཏབ། ཚོགས་གཏོར་མཛད་པས་རྩྭ་རི་དང་གཡུ་མཚོའི་གཟིགས་སྣང་ཐམས་ཅད་གཟིགས། ཕྱག་ཆེན་གྱིས་ཆོས་རྗེ་ལ་ཕྱག་འཚལ་སྐོར་བ་བསྐོར། ཁྱེད་གྲུབ་ཐོབ་གཅིག་ཡིན་པ་འདུག་ང་ལ་རྫུ་བག་མཛད། ལམ་ཡིག་ཐམས་ཅད་ནས་རང་རིའི་འདི་ལས་ལྷག་པ་མེད་ཟེར། ས་ཡང་ཡུལ་སྟོད་ན་མཆོད་པ་འདུག་པས། རི་ས་གཉིས་གཉིས་ཀྱི་བར་ན་མཁའ་འགྲོ་མ་གཉིས་གཉིས་འདུག་པ་གཟིགས། ཁ་སང་ང་རང་སྒྲིབ་པ་མ་དག་པ་ཡིན་འདུག རྩྭ་རིར་རི་པ་ཚོ་ཆོས་བྱེད་མི་དགོས་པའི་སངས་རྒྱས་པ་འདུག་གསུངས། གཉོས་མགར་ཆོས་གསུམ་གྱིས་འཕྲིན་ལས་ཀྱི་མཚོ་བཞི་ལ་ཕེབས་དུས། གཞོན་ནུ་སྔོ་བསངས་མ་གཅིག་བྱུང་ནས་མིང་པོ་རྣམས་ཕེབས་ལགས་སམ་ཟེར་ནས་བསུ་བ་དང་དགྱེས་ཚོར་དཔག་ཏུ་མེད་པ་བྱས། བུ་མོ་དེ་འོད་ཟེར་གྱི་རང་བཞིན་རྡོ་ཆོས་འབྱུང་ལ་ཐིམ་སོང༌། སང་གནངས་ཕག་མོ་མཆེད་གསུམ་དེ་ལ་ཐིམ། ཆོས་རྗེས་གསུངས་པ་ལ་བརྟེན་ནས་ཁོང་རྣམ་གསུམ་དབྱར་ཟླ་གསུམ་ཆ་ཐེར་ཕུག་ན་བཞུགས་དུས་བུ་མོ་བཞི་བྱུང་ནས། མཚོ་རེ་ལ་རེ་རེ་ཐིམ་པས་འཕྲིན་ལས་ཀྱི་མཚོ་བཞིར་གཟིགས། སྤུ་ཆེན་གྱི་རྩེ་ལ་འཇའ་དང་འོད་ཀྱིས་གུར་ཕུབ་འདུག ཁོང་རྣམ་གསུམ་ཚོགས་གྲལ་དུ་ཚུད་དངོས་གྲུབ་རྙེད། རྒྱལ་པོའི་ལམ་ཡིག་ནས་ལུང་ཟིན་པ་བཞིན་དུ། བཙུན་མོ་དཔལ་གྱི་རྡོ་སྐུ་ཞེས་པ་དང༌། སྤུ་ཆེན་དཔའ་བོའི་རྫོང༌། སྤུ་ཆུང་དཔའ་མོའི་རྫོང༌། དཔའ་བོ་རྡོ་ཡི་ཐོད་པ། ཟི་ཆེན་གསང་བ་ཕུག་པ། རང་བྱོན་རྫ་ཡི་མཆོད་རྟེན། ཕ་བོང་ཁ་ཐབ་ཀྱི་འཕྲང་རིང༌། བདུད་རྩི་ཀླུ་ཡི་ཆུ་མིག གུར་གུམ་གསེར་གྱི་སྨན་ལྗོངས། འབྲས་བུ་སྨན་གྱི་ནགས་ཚལ། མཁའ་འགྲོ་འཁྲུལ་གྱི་རྫིང་བུ་ལ་སོགས་རྩྭ་རི་མི་འགྱུར་བའི་རྟགས་བརྒྱད་བཤད། རྟགས་འདྲ་གཉིས་དང་བཅུར་བཤད་པ་བྱའོ། །ཕྱི་རི་ཡི་ཚུལ་དུ་འདུག་ཀྱང་ནང་བདེ་མཆོག་གི་ལྷ་ཚོགས་གསང་བ་བུམ་སྐུར་ཞལ་གཟིགས། དཔའ་བོ་རྫོངས་ཆེན་འདི་ན། སྐྱེས་བུ་ཡེ་རྡོར། དམ་པ་གྱེར་སྒོམ་གཉོས་མགར་ཆོས་གསུམ། དྭགས་པོ་དགོང་ཁར་བ། སྨན་མདོར་རྒྱལ་མཆོག་རྟེན་གྱིིས་ཡུལ་སྟོད་ཀྱི་གཟིགས་སྣང་ཐམས་ཅད་གཏན་ལ་ཕབ་པའོ། །རྩྭ་རི་ལུང་པ་གཞལ་ཡས་ཁང་དུ་གཟིགས། སྤུ་རི་དབུ་རྩེར་གཟིགས། འདི་ཡི་ཞིབ་ཆ་རྣམས་འབའ་བར་རྒྱན་ཚན་འབྲིང་པོ་གཉིས་ནས་ཤེས་པར་བྱའོ། །བྱ་རོག་ཕུག་ཏུ་གཉོས་ཀྱིས་བྱ་རོག་གདོང་ཅན་གཟིགས། མགར་དམ་པ། བྱ་ཏང་སྔོན་པོ་གཡོན་རྡོར་འདིར་བཞུགས་དུས། སྤུ་རི་ཡི་རྩེར་འཇའ་གུར་ཕུབ་འདུག གནམ་འཁོར་ལོ་རྩིབ་བརྒྱད་ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྫས་བརྒྱད་དུ་གཟིགས། བདེ་མཆོག་ལཱུ་ཧི་པ་དང་ཐུགས་རྗེ་ཆེན་པོ་ཞལ་གཟིགས། ཕག་མོ་མཆེད་བདུན་གཙོ་བོར་གྱུར་པའི་འཇིག་རྟེན་ཁམས་ཀྱི་དཔའ་བོ་དང༌། དཔའ་མོའི་ཚོགས་ཀྱིས་བསྐོར་ནས་འདུག ཁོང་རྣམ་གསུམ་ཚོགས་གྲལ་དུ་ཚུད་དངོས་གྲུབ་ཐོབ། ཕྱི་རི་ཡི་ཚུལ་དུ་འདུག་ཀྱང་ནང་ཕག་མོའི་ལྷ་ཚོགས་གསང་བ་བུམ་སྐུར་གཟིགས། ནུབ་ཕྱོགས་ཨོ་རྒྱན་ཡུལ་དང་ཡོན་ཏན་མཉམ་པར་འདུག་གསུང༌། ཇོ་བོ་ལ་ཡི་གངས་རི་སྤྱན་རས་གཟིགས་སུ་ཞལ་གཟིགས། རོང་གི་མཚོ་གོང་མ་དེ་ཞིང་སྐྱོང་གི་བླ་མཚོ་ཡིན། འོག་མ་དེ་ཏྲག་གཤེད་ཀྱི་བླ་མཚོ་ཡིན། མཚོ་གཉིས་ཀྱི་དབུས་ན་ཀླུ་ཡི་དུར་ཁྲོད་ཡོད། དེ་ནས་སྤུ་རི་ལྷོ་བཞིན་བསྐོར་བའི་བྱང་རས་ཕུག་ན་གཉོས་མགར་གཉིས་ཀྱི་བཞུགས་ཁྲི་ཡོད། བྱམས་ཆོས་སྡེ་ལྔའི་ཆོས་རྣམས་ཀླུ་དང༌། འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ལ་གསུངས། ཆོས་གསུང་པའི་ཡོན་དུ་མཚོ་ཆུ་ཕུལ་བ་ཡིན་གསུངས། ཡ་ཏའི་ཕ་བོང་དེ་ལ་རྡོ་རྗེ་འཇིག་བྱེད་ཀྱིས་དཀྱིལ་འཁོར་ཞལ་གཟིགས། གཉོས་ཀྱིས་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་གཟིགས། མགར་དམ་པས་བུད་མེད་གཟུགས་སྡུག་པ་གཅིག་གིས་མོ་མཚན་འཛུབ་མོས་བགྲད་ནས་བསྟན་བྱུང་པས། མགར་དམ་པས་གཤིན་རྗེ་གཤེད་ཀྱིས་བསྐྱེད་རིམ་མཛད་ནས། གསང་རྡོར་རྒྱབ་པ་ཡིན་འདུག་པས་རྡོ་ལ་གསང་རྡོར་གྱི་རྗེས་ཡོད། བྱང་རས་ཕུག་དུ་མགར་དམ་པ་བཞུགས་དུས་ཆོས་སྐྱོང་མགོན་པོ་ཞལ་གཟིགས། བྱང་ཐང་རལ་པ་འདིར་བཞུགས་དུས་སྤང་ཆུང་འདི་ལུང་བསྟན་པ་ཡིན། ཡ་ཏའི་བྲག་དེ་ལ་མཁའ་འགྲོ་ཤེལ་ཕུག་ཟེར་བ་ཡིན། སྔོན་གྱི་དུས་སུ་ཟླ་བ་པ་དཔོན་སློབ་འདིར་བཞུགས་པ་ཡིན། བཞུགས་ཁྲི་འདི་གཉོས་ཆེན་པོའི་ཡིན། འདི་ཡི་སྟེང་དུ་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་སྣ་ཚོགས་ལ་ཆོས་གསུངས། བྲག་དེ་ལ་གསང་བ་འདུས་པའི་དཀྱིལ་འཁོར་བྲིས་ཐིག་དང་བཅས་པ་ཞལ་གཟིགས། དུས་བཟང་ནམ་བྱུང་བསིལ་སྙན་གྱི་སྒྲ་ཡོང་བ་ཡིན། འོག་མའི་མཚོ་དེ་སྒྲོལ་མའི་བླ་མཚོ་ཡིན། དེ་ཡི་འོག་ལ་སྤྱན་རས་གཟིགས། དེ་ཡི་འོག་མ་བདེ་མཆོག་གི་བླ་མཚོ་ཡིན། གཉོས་མགར་ཆོས་གསུམ་ལ་སོགས་གྲུབ་ཐོབ་རྣམས་ཀྱིས་རིའི་རྩེ་ལ་བྱོན་ནས། གསན་དགོངས་གཟིགས་སྣང་ལ། གཉོས་མགར་གཉིས་བྱོན་ནས་ཡུལ་ཉི་ཤུ་རྩ་བཞིའི་དུར་ཁྲོད་ཆེན་པོ་ལ་སོགས་པའི་དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། མི་རོ་ཆེན་པོ་གཅིག་ལ་བསྐོར་ནས་ཚོགས་འཁོར་བསྐོར་འདུག ཚོགས་ཟིན་པ་དང༌། གཉོས་ཀྱིས་མི་རོ་འདི་ཅི་འདྲ་ཞིག་ཡིན་གསུངས་དྲིས་པས། མཁའ་འགྲོ་སུ་ཀ་སི་ཏིས་ཡིན་གསུངས་ནས། སྤྱིར་ཡུལ་ཉེར་བཞིའི་དུར་ཁྲོད་ཆེན་པོ་བརྒྱད་ན་དངོས་གྲུབ་ཀྱི་རོ་རེ་རེ་ཡོད་པ། རྩྭ་རི་ཡུལ་ཉེར་བཞིའི་གཅིག་ཡིན་པ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཅིག་འདི་ཡིན། རོ་འདི་མཐོང་བ་དང༌། དྲན་པ། རེག་པས་སངས་རྒྱས་པ་གཅིག་ཡིན་བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་ཡིན། འདི་ཡི་སྒོ་སྲུང་ཁྲ་མན་མ་གཉིས་ལ་གནས་པ་ཡིན། ཁྱེད་འདིར་ཕེབས་འགྲོགས་ལ་ལོངས་སྤྱོད་ན། འདིར་སླེབས་ཚད་སངས་རྒྱས་པའི་ས་ཡིན། འདིར་ལོ་གཅིག་བསྒོམ་པ་ལས་འདིར་ཟླ་གཅིག་སྒོམ་པ་ཤུགས་ཆེ། འདིར་ཟླ་ཅིག་བསྒོམ་པ་ལས་འདིར་ཞག་གཅིག་སྒོམ་པ་ཤུགས་ཆེ། ཤེས་རབ་ཀྱིས་ཐབས་བོགས་འདོན་པའི་ས་ཡིན། ཐབས་ཀྱིས་ཤེས་རབ་བོགས་འདོན་པའི་ས་ཡིན། གནས་ཀྱིས་གང་ཟག་བྱིན་གྱིས་རླབས་པའི་ས་ཡིན། འདི་ལ་དངོས་གྲུབ་མི་རོ་ཁུན་པ་ཟེར་བ་ཡིན། དུས་བཟང་ནམ་བྱུང་ལ་ཁུན་པ་ཡིན་གསུངས། གཉོས་ཀྱིས་གསུངས་ནས་མཁའ་འགྲོ་མ་རྫུ་འཕྲུལ་ལ་མངའ་བརྙེས་པས། རྫུ་འཕྲུལ་རེ་མཛོད་གསུངས་པས། མཁའ་འགྲོ་སུ་ཀ་སི་ཏིས་ཕྱག་གཡས་རྐྱང་བས་རྒྱ་གར་ནས་ཀར་ཤ་པ་ནི་རྟ་མགོ་ཙམ་གཅིག་ལོན་བྱུང༌། མཁའ་འགྲོ་མ་བཟང་མོས་ཨ་རུ་གསེར་མདོག་རྟ་མགོ་ཙམ་ཅིག་ལོ་མ་དང་བཅས་པ་ལོན་བྱུང༌། གཉོས་ཆེན་པོ་ཡ་གི་བྲག་ཕུག་ལ་བཞུགས་དུས། པོ་པོ་བཀྲ་ཤིས་སེང་གེ་ལ་སོགས་པའི་བུ་སློབ་རྣམས་ལ་ཞལ་ལྟ་ལ་བྱོན་ནས། ཤིང་ཐམས་ཅད་ལམ་འོག་ནས་ཆོད། གོང་ནས་མ་གཅོད། གསང་དགོན་དུ་ཕུག་པ་ཐོབས་གསུངས་ཀྱང༌། ཤིང་ལ་ཁྲག་འཛག་པ་དང་སྐད་ངན་འདོན་པ་མང་པོ་བྱུང༌། མི་མ་ཡིན་གཅིག་གིས་རྐང་པ་ལ་རྟ་གྲི་ཕོག གཞི་བདག་རྣམས་ཀྱིས་གཉོས་ཀྱི་སྐུ་མདུན་དུ་ཕྱིན་ནས། ལ་འུར་བྱོན། ཁྱེད་ཀྱི་འཁོར་རྣམས་ཀྱིས། ངེད་ཀྱི་ཕོ་བྲང་བཤིག་ནས་ངེད་ཡུལ་འདོན་པ་འདུག་ཟེར་ནས། གཉོས་གདན་དྲངས་ནས་བྱོན་ཙ་ན་ཤིང་ལམ་གོང་འོག་ནས་བཅད། ཕུག་པ་ཡང་ཕིར་ཤེད་ན་བཏབ་འདུག ཕིར་ཤེད་ཀྱི་ས་བཅད་དེ། སྡིག་པ་ནག་པོ་མགོ་ཐུར་དུ་རྒྱུགས་པ་འདྲ་བའི་རྭ་བར་ན་སྤང་ལོ་རྒྱབ་འདུག གཉོས་ཆེན་པོ་དེར་བཞུགས་དུས་ལྷ་འདྲེ་རྣམས་ཀྱིས་མ་བཟོད་པར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་ཀྱིས་དམག་དྲངས་པ་བཞིན་དུ། བུད་མེད་རིགས་མི་འདྲ་བ་མང་པོ་ངུ་བ་དང་འབོད་པ་དང༌། ཆོ་ངེ་འདེབས་པ་དང་མཚན་མ་བསྟན་པ་ལ་སོགས་རྟགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན། ལྷ་འདྲེ་རྣམས་ཀྱི་གཉོས་ལ་རྒྱབ་ཕྱོགས་བཙུགས་ནས། སྒྱོགས་འུར་སྒྲ་དང་བཅས་རྒྱབ་བྱུང་བས་སྐུ་སྟོད་གཡས་པའི་སོག་བར་དུ་ཕུག་རོང་ཙམ་ཅིག་སྐྲང་བྱུང་བས། ཐུགས་དམ་ལ་མཉམ་པར་བཞག་པས་སྙུང་གཞི་ཡང་དྭངས། བར་ཆད་ཀྱང་ཞི། གཉོས་ཀྱི་ཞལ་ནས་ལས་རྒྱུ་འབྲས་འདི་ཤིན་ཏུ་བདེན་པ་འདུག་གསུངས། ཁྱོད་ཚོས་ལམ་གོང་འོག་ཐམས་ཅད་ནས་ཤིང་བཅད་པས། མི་མ་ཡིན་གཅིག་གི་རྐང་པར་རྟ་གྲི་ཕོག ང་ཡི་རྐང་པ་ཡང་ན་གསུངས། པོ་པོ་བཀྲ་ཤིས་སེང་གེ་ངས་འབྲི་གུང་དུ་གཏོར་མ་ཞུས་ལ་འགྲོ་ཟེར་ནས་ཁོང་ལ་རྐང་མགྱོགས་ཀྱི་དངོས་གྲུབ་ཡོད་པས། ནམ་སྐྱ་སེང་ལ་ཕྱིན་པས་འབྲི་གུང་དུ་དྲོ་ཁར་སླེབས། ཆོས་རྗེས་ཁྱོད་ཅི་ལ་འོང་གསུངས༌། གཉོས་ཆེན་པོའི་ཞབས་ཅུང་ཞིག་སྙུང་བ་དེའི་གཏོར་མ་ཞུ་ལ་འོང་ཞུས་པས། འོ་ན་ཁྱོད་རང་ཇ་འཐུང་གསུངས། དེ་ནས་ཕར་ལོག་ཅིག་ཁོང་གི་ཞབས་དྲག་ཡོད་གསུངས། གཉོས་ཀྱིས་ན་བཟའ་མ་གསོལ་བར་ཉི་མ་བསྲོ་ནས་བཞུགས་ཙ་ན། ལུང་པ་ཐམས་ཅད་སྤོས་དྲི་སྨན་དྲིས་ཁེངས། བར་སྣང་ཐམས་ཅད་འོད་དང་རོལ་མོའི་སྒྲ་སོགས་རྟགས་ཁྱད་པར་ཅན་མང་པོ་བྱུང༌། མདུན་གྱི་ནམ་མཁར་ཆོས་རྗེ་རིན་པོ་ཆེ་སེང་གེ་ལ་ཆིབས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བྱོན་པ་དང༌། གཉོས་ཆེན་པོའི་ཐུགས་ཉམས་འབར་ནས་སྐུ་གཅེར་བུར་འཁྲབ། ཉམས་སངས་པ་དང༌། བླ་མ་བྱོན་པ་ལ་གཅེར་བུ་མི་ཉན་དགོངས་ནས་ན་བཟའ་གསོལ། མཆོད་པ་འབུལ་དགོས་བསམ་ཙ་ན། བུ་ཁྱོད་ཚུལ་འཆོས་དང་མ་བྲལ་ལོངས་གསུང༌། ཁྱོད་ཀྱི་སྔ་མའི་སྤྱོད་ལམ་ཤུགས་འབྱུང་དེ་ཡིན་པ་ན། ཁྱེད་ཀྱི་སེམས་ལ་སྙེམས་འདྲེ་འདུག་པས་ད་རུང་སྒྲུབ་པ་ལོ་གསུམ་བགྱིས་གསུངས། བཀའ་བརྒྱུད་བླ་མ་རྣམས་ཀྱིས་གདམས་ངག་ཚིག་མི་གཅིག་པ་རེ་རེ་གནང་བྱུང༌། གཉོས་ཉམས་འབར་ནས་འཁྲབ། བུ་སྙིང་ནས་སྐྱོ་བ་སངས་བྱུང་གསུངས་ནས། སྐྱོ་བསང་མའི་མགུར་གསུངས། བརྒྱུད་པ་གསེར་ཕྲེང་གི་མགུར་དང་གསོལ་འདེབས་སྒྲོལ་མ་ཆེ་རྣམས་མཛད། པོ་པོ་སླེབས་ཙ་ན། གཉོས་ཀྱི་སྙུང་གཞི་ཡང་བསངས༌། གཉོས་མགར་གཉིས་གྲོགས་མཆེད་རྣམས་ལ་བསང་བཏབ་པ་བསང་དགོན་འདྲ་བ་ཡིན། ཆོས་སྐྱོང་མ་མགོན་སྒྲུབ་ཞག་བདུན་ནས་འགྲུབ། རྟ་རྗེས་དང་དྲེལ་རྗེས་ཡོད་པ་དེ་ཡིན། ཚོགས་འཁོར་ཐུགས་དམ་ལ་བཞུགས་དུས་ཤིང་མེ་གཡོག་གཅིག་ཕང་ནས། ངེད་ཀྱི་སྒྲུབ་བརྒྱུད་འདིར་དར་ཡོང་ན་ཤིང་ཁྱོད་སང་ཕོད་སྐྱེས་ཤོག་གསུངས། མི་དར་ན་མ་སྐྱེ་གསུངས། ཤིང་དེ་སང་ཕོད་སྐྱེས་པ་ཡིན། དངོས་གྲུབ་མི་རོ་ཁུན་པའི་རྟགས་ན་བྲག་ནེའུ་ལེ་འདྲ་བ་ཡོད། དེ་ཡི་འོག་ནས་མཁའ་འགྲོ་འཁྲུས་ཀྱི་ཆུ་ཡོད། དེར་དུས་བཟང་ནམ་བྱུང་ལ་ཡུལ་ཉེར་བཞིའི་གནས་ཀྱི་མཁའ་འགྲོ་མ་རྣམས་ཁྲུས་བྱེད་པ་ཡིན། ཚོགས་ཀྱི་འཁོར་ལོ་ཡང་བསྐོར་བ་ཡིན། ཁྱད་པར་རྟ་ཡི་ཟླ་བའི་ཆོ་འཕྲུལ་ཆེན་པོའི་ཚེས་བཅོ་ལྔ་ལ་དེར་གཏོར་མ་དང་ཚོགས་གཏོར་བཤམ་ན་དངོས་གྲུབ་ངེས་པར་ཐོབ། བསྒྲུབ་བྱ་ལྔ་དང་དུར་ཁྲོད་བཞིའི་བཤད་པ་བྱའོ། །
ཆུ་བོ་ཡན་ལག་བརྒྱད་ལྡན་དུར་ཁྲོད་སྟེང་གི་བྲག་འདི་ཡི་འོག་ན་སྤྱོད་པ་ཆ་ཐེར་དང་བཅས་པ་བསྣན་ཡོད་པ་ཡིན། མ་ཏའི་བྲག་དེ་ལ་ཆོས་སྐྱོང་བྱ་རོག་གདོང་ཅན་སྒོ་སྲུང་དུ་ཡོད། འདི་རུ་སླེབས་ཚད་ངན་སོང་དུ་མི་འགྲོ གཉོས་ཆེན་པོ་འདིར་མར་བྱོན་དུས་གྲོགས་པོའི་རྡོ་ཐམས་ཅད་གཡུ་རུ་གཟིགས། ཕྱིས་འབྲི་གུང་ཆོས་རྗེའི་དྲུང་དུ་ཕྱིན་པའི་ཚེ། ཆོས་རྗེས་གསུངས་ནས་ཁྱོད་ཀྱིས་དུར་ཁྲོད་སྟེང་ཁའི་གཡུ་རྡོའི་གྲོགས་པོ་དེ་ལ་རྡོ་ཐམས་ཅད་གཡུ་རུ་མཐོང་དུས། གཡུ་འགའ་རེ་བཟུང་བས་ཆོག་པ་ཡིན། ཁྱོད་རང་ལ་མི་དགོས་ཀྱང་སྙོམ་ཆུང་ཆོས་བྱེད་འགའ་ལ་སྦྱིན་པས་ཆོག་པ་ཡིན། དེ་དུས་ང་ཡི་རྟེན་བཀྲ་ཤིས་སྒོ་མང་བཞེངས་ཡོད་ཁྱོད་ཀྱིས་བླ་མ་ལ་ཕུལ་ལམ། ཞེས་སྒོ་མང་གི་གཡུ་ཁྲ་མི་ཉུང་བའི་རྟེན་འབྲེལ་ཡོད་པ་ཡིན་ཏེ་གསུངས། རྒོད་ཚང་པ་དེ་ཡི་ཉིད་འབྲུག་པའི་གླང་དམར་པོ་ཟེར་ཁྲོས་པོ་ཁོ་ན་སྐྱེལ་འདིར་ཞབས་རྗེས་བཞག ཇོ་བོ་ལ་བཅུ་གཅིག་ཞལ་དུ་གཟིགས། གཉའི་བྲག་ཆུ་འཆར་དེ་འཇམ་དབྱངས་སེར་པོས་སྤྱན་རས་གཟིགས་ལ་སྐུ་ཁྲུས་གསོལ་བ་གཟིགས། ཁོ་བོ་ཡིས་རྐང་རྗེས་འཇོག་པ་སྔས་གསུངས། རི་སྲིབ་ལ་ཕ་ནང་གི་ཞབས་རྗེས་དེ་ཨོ་རྒྱན་གྱི་ཡིན། དེ་ལྟར་རྩྭ་རི་ནུབ་ཀྱི་དག་སྣང་དང་གཟིགས་སྣང་ཉམས་སྣང་རྣམས་གཏན་ལ་ཕབ་པའོ།། །།
གདོད་ནས་རྣམ་དག་འོག་མིན་རྩྭ་རི་ཏྲ། །རང་བྱུང་ལྷུན་གྲུབ་རྩ་གསུམ་དཀྱིལ་འཁོར་ལྷ། །
གཉིས་མེད་གསལ་སྟོང་ངང་ནས་གསོལ་བ་འདེབས། །གཉིས་འཛིན་འཁྲུལ་སྣང་དག་པར་བྱིན་གྱིས་རློབས
།གཉོས་ཀྱི་འབར་བ་རྒྱན་ཚན་ཆེན་པོ་ལས། རྩྭ་རིའི་ཤར་ཕྱོགས་ཀྱི་གཟིགས་སྣང་དང༌། རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དག་པའི་སྣང་བར་འཆར་ཚུལ་ནི། དེ་ནས་སྐྱེས་བུ་སློབ་དཔོན་གནམ་ལྕགས་རྡོ་རོང་དུ་ཕེབས་དུས་མི་ནག་པོ་གཅིག་གིས་ལམ་བཀག་སྟེ་གཏོང་དུ་མ་ཉན། གཏོར་མ་བཏང་བཀའ་བསྒོ་བྱས་པས་གུར་གྱི་བྲག་ལ་ཐིམ། མགོན་པོ་ཏྲག་གཤེད་མེ་འབར་མཚོ་ཡི་སྒོ་སྲུང་དུ་ཞལ་གཟིགས། དེ་ནས་སྐྱེས་བུ་དང་མགར་བྱོན་ནས། ལུང་པ་འདི་འཇའ་དང་འོད་དུ་མེ་འབར་བ་གཟིགས། མཁའ་མགྲོ་མེ་ལྕེ་འབར་བའི་རྒྱུད་ལས། །གཡའ་དང་གངས་གི་ཕ་རོལ་ན། སྤྲིན་དང་ན་བུད་ཚུ་རོལ་ན། །དབྱིངས་ཕྱུག་དཔལ་ལྡན་མཁའ་མགྲོ་འདུ་བའི་གནས། ཅེས་གསུངས་པ་བཞིན། མཚོ་ཁར་དེར་ཕྱིན་པ་དང་མཚོ་དེ་ལ་མེ་འབར་འཇའ་ཡིས་གུར་ཕུབ་པ་གཟིགས། ཚོགས་གཏོར་བཤམ་གསོལ་བ་བཏབ་པས། གཞལ་ཡས་ཁང་རྒྱ་ཆེ་ཞིང་ཡངས་པའི་དཀྱིལ་དུ་མེ་ལྕེ་འབར་བའི་ལྷ་ཚོགས་ཞལ་གཟིགས། མཚོ་ནང་དེའུ་དེ་ལ་ཐེག་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་གཟིགས། ཡི་གེ་དྲུག་མའི་སྒྲ་དཔག་ཏུ་མེད་པ་གསན། མེ་འབར་མཚོ་མཚན་གསོལ། དེ་ནས་ལ་ཁ་དེར་མགར་དང་སྐྱེས་བུ་གཉིས་བྱོན། སྒོ་སྲུང་རྣམས་ཀྱིས་ཐོག་ཕབས་པས། གཏོར་མ་བཏང་བཀའ་བསྒོ་བྱས་པས་བར་ཆད་ཞི། འདི་ལ་ཐོག་ལ་ཟེར། མཁའ་མགྲོ་སེང་གེ་གདོང་ཅན་གྱིས་བསུ་བ་བྱས་ནས། ཚོགས་གཏོར་བཤམ་གསོལ་བ་བཏབ་པས། ང་ཡི་ཕོ་བྲང་མ་གི་ན་ཡོད། བླ་མ་རིན་པོ་ཆེ་ལ་འབུལ་ཟེར་ནས་ཁོ་རང་ཕུག་པ་དེར་ཐིམ་སོང་པས་ཕུག་པ་སེང་ཕུག་མཚན་གསོལ། དེ་ནས་སྐྱེས་བུ་དང་མགར་གཉིས་རྩྭ་རི་ནང་སྐོར་བཞིན་དུ་བྱོན། མི་ནག་ཁྱི་མགོ་ཅན་གྱིས་རེས་གནམ་ལ་འཕང༌། རེས་ས་ལ་རྡབ། གཏོར་མ་བཏང་བཀའ་བསྒོ་བྱས་གསོལ་བ་བཏབ་པས་བར་ཆད་ཞི་ནས་རི་དེ་ལ་ཐིམ་སོང༌། མགོན་པོ་ཁྱི་ཐོད་ཅན་དུ་མཚན་གསོལ་གཉོས་ལ་ཡང༌། དེ་ལྟར་བྱས་སྔོན་དུས་བི་མའི་ལམ་ཡིག་ནས་གསལ་བ་བཞིན། མཁའ་འགྲོ་གསང་བ་བླ་ན་མེད་པའི་རང་བཞིན་གྱི་གནས་ཞེས་བྱ་བ་དང༌། ལུང་པ་འདི་ཡི་ཕ་རི་ཚུ་རི་ན་མཁའ་འགྲོ་སྡེ་བཞིའི་སྐུ་རང་བྱོན་ཡོད། འདི་ཡི་རྒྱབ་ན་ཁྱད་པར་ཅན་གྱི་སྒོ་ཕྱེ་རྒྱུ་ཡོད། རྡ་ར་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་ལམ་ཡིག་ནས་བཤད་པ་བཞིན་ཤེས་པར་བྱའོ། །ཆོས་རྗེ་རིན་པོ་ཆེ་ཐུགས་དམ་བདེ་བར་གཤེགས་པའི་ནང་རྟེན། བོད་ལ་མེད་པའི་རྟེན་ཁྱད་པར་ཅན་ཞིག་བཞེངས་དགོས་དགོངས་པ་ལ། སྒམ་པོ་དར་གྱི་རྩེ་ལ་བྱོན་ནས། མང་ཇ་སྐོལ་ཞིང་གསོལ་བ་བཏབ་པས་རྩྭ་རི་ལ་འཇའ་འོད་དུ་འབར་བ་ཞལ་གཟིགས། ཁྱད་པར་དུ་རྟེན་བཀྲ་ཤིས་སྒོ་མང་ཞལ་གཟིགས། རྒྱ་དང་བལ་པོའི་ལྷ་བཟོ་བ་མཁས་པ་རྣམས་བཀུག་ནས། རྟེན་བཀྲ་ཤིས་སྒོ་མང་བཞེངས་པས། ལྷ་བཟོ་བ་རྣམས་ན་རེ། ངེད་ཀྱིས་སྔར་ལྷ་འདི་འདྲ་བཞེངས་མ་མྱོང་ཟེར་སྐད། ཆོས་རྗེས་གསུངས་ནས། ཁོ་བོས་དག་པའི་སྣང་བ་ལ་གསོལ་བ་བཏབ་པས་ཞལ་གཟིགས་པ་ཡིན་གསུངས༌། ལྷ་བཟོ་བ་རྣམས་དད་པར་གྱུར། གཉོས་མགར་གཉིས་ལ་ལུང་བསྟན་ཏེ། ཀ་ལ་ཁང་འདིར་བྱོན་པའི་དུས་སུ་གཉོས་ཀྱིས་གཟིགས་པའི་མཚོ་ཡི་ནང་ནས་བུ་མོ་རས་གོས་གྱོན་པ་དུང་གི་ལག་རྩེ་སྐོར་བ་གཉིས་འདུག་པས་མི་བྱུང་ཟེར་ནས་མཚོ་ལ་ཐིམ། མགར་དམ་པས་ཆོས་ལྡིང་པ་ལ་མཁའ་འགྲོ་སྡེ་ལྔས་ཚོགས་འཁོར་ཕུལ། མཁའ་འགྲོ་སྙིང་ཕུག་འདི་ཚོགས་ཁང་དུ་ཕུལ་བ་ཡིན་འདུག ཡང་མགར་དམ་པ་རི་ཐེབས་གཉིས་པར་བྱོན་དུས། དཔལ་ཤེལ་རི་ཡང༌། ལྷ་ཉིས་སྟོང་བརྒྱད་བརྒྱ་དང་བཅས་པ་མཚོ་ནང་དུ་ཞལ་གཟིགས་པར་གདའ། ཚོགས་གཏོར་བཤམས། རྒྱལ་པོའི་ལམ་ཡིག་ནས་གསལ་བ་བཞིན་གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་ན། རིག་འཛིན་སྐུ་ཡི་ཌཱ་ཀི་མའི་ལྷ་ཚོགས་རྣམས་ཞལ་གཟིགས། དེ་ནས་དངོས་གྲུབ་ཞུ་བ་ནི་བསྐྱེད་རིམ་སྒོམ། རང་བཞིན་གྱི་སྤྱི་བོའི་གཙུག་ནས་འོད་ཟེར་དཀར་པོ་འཕྲོས་པས་སྐུའི་ཌཱ་ཀི་མའི་སྨིན་མཚམས་སུ་ཕོག ཐུགས་བརྒྱུད་བསྐུལ་ནས་ཌཱ་ཀི་མའི་སྨིན་མཚམས་སུ་འོད་ཟེར་འཕྲོས། རང་གི་སྨིན་མཚམས་སུ་ཕོག རང་ལུས་ཀྱང་འོད་དུ་གྱུར་པ་བསྒོམ། རང་གི་ཉམས་སྣང་ངམ་རྨི་ལམ་དུ་མཚོ་ཡི་ནང་ནས་འཇའ་དཀར་པོ་བྱུང་ནས་རང་ལ་ཐིམ་མམ། བུད་མེད་དཀར་པོས་ལམ་འདྲེན་པའམ། བརྡ་སྟོན་པ་བྱུང་ན་དངོས་གྲུབ་ལོན་པའི་རྟགས་ཡིན། དངོས་གྲུབ་ཞུ་བའི་སྔགས་ནི། ཨོཾ་བུདྷ་ཌཱ་ཀི་ནི་སི་དྷི་སི་དྷི་ཨོཾ་ཨཱཿཧཱུྂ། ཞེས་བཟླས་སོ། ། རྗེས་མ། >>>
Leave a Reply