གཉོས་ཀྱི་འབར་བ་རྒྱན་མཚན་ལམ་ཡིག མུ་འགོད ༣

རབ་ཀྱིས་ནམ་མཁའ། འབྲིང་གིས་འཇའ། མཐའ་མས་རྨི་ལམ་དུ་ཞལ་མཐོང༌། ཡང་གཉོས་ཆེན་པོས་མཚོ་ཡི་ནང་དུ། ཕྱི་མཆོད་རྟེན་དུ་གྲུབ་པ། ནང་གཞལ་ཡས་ཁང་དུ་གྲུབ་པ། བྱ་འདབས་གསུམ་རྩེགས་སུ་ཡོད་པ། རྟེན་བཀྲ་ཤིས་སྒོ་མང་ཇི་ལྟ་བ་བཞིན་ཞལ་གཟིགས། བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། བཀའ་བརྒྱུད་བླ་མ་ཚོགས་འདུག་གསུངས། ཀ་ལ་ཞེས་བྱ་བ་མཚོ་ཡི་ཁ་དོག་དཀར་པོར་འདུག དུང་མཚོ་ཞེས་པ་ནི་གཟུགས་དུང་དང་འདྲ་བ་འདུག མཚོ་ཡི་ཕུག་ན་ཕ་བོང་སྙིང་འདྲ་བ་གཅིག་ཡོད་པ་འདི། ཡུལ་ཉི་ཤུ་རྩ་བཞིའི་ནང་མཁའ་འགྲོའི་སྙིང་གི་ཕུག་པ་རེ་རེ་ཡོད་པ་གཅིག་འདི་ཡིན། གཉོས་ཀྱི་གཟིམས་ཁང་གི་མདུན་ན་ཕ་བོང་ལྕོག་ལྕོག་དེ་ཡི་ངོས་སུ། སྔགས་ཀྱི་རྒྱལ་མོ་ཨེ་ཀ་ཛ་ཏིའི་སྐུ་ཡོད། དེ་ཡི་འོག་ན་ལྷ་མོ་དབྱངས་ཅན་མའི་སྐུ་རང་བྱུང་ཡོད། ཚུར་ལྟའི་བྲག་དེ་རྒོད་ཚང་པའི་ཡིན། དེ་ཡི་ཚུར་ལྟ་དེ་འགྲོ་མགོན་དུང་མཚོ་རལ་པའི་ཡིན། དེ་ནས་ཤེལ་རིའི་གོང་ཁ་དེ་བརྒལ་བ་དང༌། དཔལ་ཤེལ་རིས་ཤར་ཕྱོགས་ན་ཡུལ་ཉེར་བཞིའི་དཔའ་བོ་དང༌། དཔའ་མོ་ཐམས་ཅད་ཚོགས་ནས། ཚོགས་འཁོར་སྐོར་ཞིང་ཕྱག་མཆོད་རྒྱ་ཆེར་བྱེད་འདུག་པ་གཉོས་མགར་གཉིས་བྱོན་ནས། ཚོགས་འཁོར་དང་ཕྱག་མཆོད་བྱེད་སའི་ཐོད་པ་བརྒྱ་རྩ་བརྒྱད་ཁོང་རྣམ་གཉིས་བྱོན་ནས་ཕུལ། ད་ལྟ་ཡང་རང་བྱོན་དུ་ཡོད། ཡང་གཉོས་མགར་གཉིས་གཡུ་མཚོ་ལ་ཕྱིར་སྐོར་དུ་ཕེབས། བོད་ཀླུང་དབང་པོ་ལྷང་ལྷང་དུ་སྐུ་མདུན་དུ་ཀླུ་རྒྱལ་མལ་གྲོ་གཟི་ཆེན་བུ་ཆུང་ལོ་བརྒྱད་པ་གཅིག་ཏུ་སྤྲུལ་ནས། བསྙེན་གནས་ཀྱི་སྡོམ་པ་ཞུས་བྱུང་བ་ལ། སྡོམ་པ་ཕོག་ཆོག་པའི་ཡོན་དུ་བང་མཛོད་ཕུལ། ཁྱེད་ཀྱི་གནས་གང་ཡིན་གསུངས་པས། ང་ཡི་དབྱར་ས་འདི་ཡིན། དགུན་ས་ཆུ་མིག་ནག་མོ་ཡིན་ཟེར། ཁོ་ལ་སྐྱབས་སུ་འགྲོ་བའི་བསླབ་བྱ་ཞིག་འབད་དགོས་སྙམ་པར། ཁོ་ལ་དེ་ཡི་བསོད་ནམས་མེད་པས་ཁོ་མི་སྣང་བ་གྱུར་ཏོ། །མགར་དམ་པ་དབང་པོ་ལྷང་ལྷང་དུ་ཀླུ་མི་ཡི་ལུས་ལ་ཆུ་སྲིན་གྱི་མགོ་ཡོད་པ་ལ་སྦྲུལ་མགོའི་གདེང་ཀ་མང་པོ་ཡོད་པ་སྦྲུལ་གྱི་ཁ་ནས། ནད་ཀྱི་རླངས་པ་སྤྲིན་བཞིན་དུ་གཏིབས་པ་ཞལ་གཟིགས། ངེད་ཀྱི་དེ་ཉིན་གཤིན་རྗེ་གཤེད་ལ་མཉམ་པར་བཞག་ནས་ཕཊ་བྱས་པས། ཁོ་ཧྲིལ་གྱིས་འགྱེལ་ནས་སྦྲུལ་མགོ་རྣམས་ས་ལ་ཉིལ་གྱིས་བྱུང་བས། དེ་མ་ཐག་ཏུ་ཁྱེའུ་ཤ་ཡི་རལ་པ་ཅན་ཅིག་བྱུང་ནས། ཨ་ལ་ལ་བླ་མ་རིན་པོ་ཆེ་བྱོན་པ་ཡིན་འདུག་ཟེར་ནས། གཏེར་གྱི་ཁ་བྱང་ཉེར་གཅིག་ཕྱག་ཏུ་ཕུལ། གཤིན་རྗེ་དམར་ནག་དང་གསང་བ་ལ་སོགས་མུ་ཏིག་བླ་མཚོ་སོགས་ཟབ་པའི་གདམས་ངག་དགུ་ཕུལ། ཡབ་ཀྱི་གདམས་ངག་དང་ཁྱད་པར་མི་འདུག་གསུངས༌། དེ་ནས་གློ་བོ་མི་ཁྱིམ་བདུན་པར་གཉོས་ཀྱིས་སྐྱེ་བ་སྔོན་མའི་བྱོན་ཚུལ་གསུངས། ཟླ་བ་པ་དང་ཇོ་བོ་རྗེའི་ལམ་ཡིག་ནས་གསལ་བ་ལྟར་ཤེས་པར་བྱའོ། །
དེ་ནས་ཅིག་ཅར་ཟམ་གདོང་ནས་མ་མགོན་ལྕམ་དྲལ་ཞལ་གཟིགས། སྒོ་འབྱེད་མ་ཐེན་ཅིག་ཅར་བ་རྫ་ཁྲོད་ཤར་མ་ནས་སྒོར་ཐོན་དུས། རི་ཐེབས་ལོ་གསུམ་ཆད། ཀོང་ལུང་པ་མི་ནད་དང་ཕྱུགས་ནད་བྱུང་བའི་མོ་མ་དང་མངོན་ཤེས་མཁན་ལ་དྲིས་པས། རྩྭ་རི་ལ་རི་ཐེབས་ཆད་པས་ལན་ཟེར། ཀོང་པོ་ལུང་པའི་མི་རྣམས་གྲོས་བྱས། སྟག་རྡོ་རྗེ་དཔོན་གཡོག་གསུམ་གཙང་ནེ་རིང་ལ་རི་ཐེབས་གདན་འདྲེན་པར་བཏང༌། རིན་པོ་ཆེ་གནས་ལ་རི་ཐེབས་རྫོངས་བར་ཞུ་ཞུས་པར། ངས་ས་སྨད་ཕྱོགས་ལ་ནོར་ཉན་པ་རེ་བཏང་ཡང་ནོར་མི་ཉན་པ་རེ་ཡོང་འདུག རི་ཐེབས་མི་རྫོངས་གསུངས་པས། རྒྱལ་པོ་ཁོ་རང་གི་སྙིང་ཁར་གྲི་བཙུགས་ནས། ང་མར་ཕྱིན་ཡང་ནད་ཀྱིས་ཤི་བ་ལས་འོས་མེད། འདི་རུ་བླ་མའི་སྐུ་མདུན་དུ་ཤི་སྡོད་པ་ཡིན་བྱས་པས། ཚོ་ལྡན་སྤོས་རྒྱ་པ་རིན་པོ་ཆེ་ཞལ་ནས། ཁྱེད་དེ་ཙམ་ལ་ཐུག་ན་རི་ཐེབས་རྫོངས་གསུངས། བོད་ལུང་ཆོས་ཟམ་གདོང་ནས་མར་ཆུ་འབབ་བཅུ་གསུམ་རྩིས་པའི་ས་ན། ཅིག་ཅར་དམར་པོ་ཟེར་བ་གཅིག་གིས་གནས་ང་ལ་ཕུལ་ནས་ལོ་གསུམ་སོང༌། དེར་གནས་ཐོབ་གསུངས། དེ་ནས་འགྲོ་མགོན་བསོད་ནམས་རྒྱལ་མཚན་དབུ་མཛད་ཀྱིས་རི་ཐེབས་རྫངས༌། ཅིག་ཅར་ཟམ་གདོང་དུ་ཕེབས་བུ་མོ་དྲེའུ་བཞོན་པ་གཅིག་བྱུང་ནས། ལམ་བསྟན་ཟམ་པ་ལྡེམ་གཅིག་ལས་མ་ཐུག་ཟེར་བཀའ་བསྒོ་མཛད། སྐྱེས་བུ་གགཉོས་མགར་གྱིས་གཟིགས་བཞིན། མགོན་པོ་ཏྲག་གཤེད་དང་དཔལ་ལྡན་ལྷ་མོ་དྲེའུ་བཞོན་པ་ཞལ་གཟིགས་དེ་ནས་གོང་དེར་བྱོན། ལམ་འོག་གི་བྲག་དེ་ལ་རྒྱལ་པོས་ཕྱག་ན་རྡོ་རྗེ་ཞལ་གཟིགས། གཡས་གཡོན་ན་སྒྲོལ་མ་དཀར་སྔོན་གྱི་ཞལ་གཟིགས། རྒྱན་གཡུང་དྲུང་དེའུ་དེ་ལ་ཡུལ་ཉེར་བཞིའི་མཁའ་འགྲོ་མ་ཐམས་ཅད་རྒྱན་གསོལ་ནས་འཆམ་གྱིན་འདུག ཁོང་རྣམས་བྱོན་པ་དང་རྒྱན་ཐམས་ཅད་དེ་ལ་སྤུངས་ནས་ཁོ་རང་རྣམས་མཚོ་ལ་ཐིམ། འགྲོ་མགོན་དང་རྒྱལ་པོ་ལྷན་རྒྱས་ཕྱག་འཚལ། སྤང་ཁར་ཕེབས་ཙ་ན་ལྷ་མ་མཆེད་གཉིས་ཀྱིས་དར་ཐག་འཐེན་བསུ་བ་བྱས། འགྲོ་མགོན་གྱིས་རྒྱལ་པོར་མདའ་གཅིག་རྒྱོབས་གསུངས། རྒྱལ་པོས་མདའ་རྒྱབ་པས་ཚོགས་ཁང་ཅན་དུ་སླེབས། དེ་ནས་བརྒྱ་གཅིག་ལང་སོང་བས་འགྲོ་མགོན་གྱིས་བརྒྱ་ཤུལ་དུ་བརྒྱ་སྡོད་པས་རྟེན་འབྲེལ་ལེགས་གསུངས། ཚོགས་ཁང་ཆེ་བ་དེ་རྟ་མགྲིན་གྱི་ཕོ་བྲང་ཞལ་གཟིགས། གཉོས་ཀྱིས་རྡོ་ཆས་ཆེན་མོ་ཡང་ཟེར། གདན་སའི་ཕོ་བྲང་དེ་ཕྱག་ན་རྡོ་རྗེ་ཞལ་གཟིགས། དབུས་རི་རྒན་སྤང་མོ་ལ་སྒྲོལ་མ་དཀར་མོ་ཞལ་གཟིགས། རྒྱབ་རི་དེ་ལ་སྒྲོལ་མ་སྔོན་མོ་ཞལ་གཟིགས། གཉོས་མགར་གཉིས་ཕེབས་དུས། བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང༌། སྒྲོལ་མ་མཆེད་བདུན་གྱི་ལྷ་ཚོགས་ཞལ་གཟིགས། སྡོང་པོ་ལྡན་སྐྱེས་ལ་གཙང་པ་རྒྱ་རས་ཀྱིས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་བསྐོར་བ་ཞལ་གཟིགས། ཁོང་ཡང་ཚོགས་གྲལ་དུ་ཚུད་དངོས་གྲུབ་བརྙེས། གོང་གི་བཞུགས་ཁྲི་འདི་མཁའ་འགྲོ་རྣམས་ཀྱིས་ཕུལ་བ་ཡིན། སྡོང་པོ་འདི་ལ་གནས་བརྟན་བཅུ་དྲུག་གི་སྟ་གྲི་རྒྱབ་པས་ཁྲག་འཛགས། སྡོང་པོ་ཁྲག་འཛགས་ཟེར། ཞིང་སྐྱོང་རྟ་ཕུར་གཡོན་གྱི་བྲག་དེ་ལ་བཅུ་གཅིག་ཞལ་གྱིས་ཞལ་གཟིགས། ཅིག་ཅར་ཕུ་ཡི་ཕ་བོང་ཤོ་འདྲ་བ་ན་ཨོ་རྒྱན་གྱི་གཏེར་སྒོ་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་ཡོད། ལོགས་ན་མཚལ་གྱི་གཡུང་དྲུང་རིས་དང་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཡོད། དེ་ནས་སྐྱེས་བུ་ཡར་བྱོན་པ་དང་གཉོས་མགར་གཉིས་བཅས། རུས་སྦལ་གྱིས་ལམ་བཀག་ནས་མ་བཏང༌། གཏོར་མ་བཏང་བཀའ་བསྒོ་བྱས་པས་བྲག་ལ་ཐིམ། ཡང་གཙང་པ་རྒྱ་རས་ཕེབས་དུས། སེང་གེ་གདོང་ཅན་གྱིས་ལམ་བཀག་གཏོར་མ་བཏང་བཀའ་བསྒོ་འགྲམ་ལྕག་རྒྱབ་པས་ད་ལྟ་ཡང་གཡས་ཕྱོགས་དེ་ལ་ཕྱག་རྗེས་ཡོད། ཕ་རིའི་བྲག་ལ་སྤྱན་རས་གཟིགས་མགོན་རྟ་ནག་ཅན། ཚུར་རིའི་ནགས་ཚལ་དེ་ལ་མི་གཡོ་བ་དཀར་པོ་རྣམས་ཞལ་གཟིགས། སྐྱོབ་ཆེན་གྱིས་གཡས་ལོགས་ཀྱི་བྲག་དེ་ལ་མགོན་པོ་སྟག་ཤམ་ཅན་ཞལ་གཟིགས། དེ་ནས་གཉོས་ཆེན་པོ་ཕེབས་དུས། སྐྱེས་བུའི་གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་དུ་སློབ་དཔོན་ཆེན་པོ་ལ་ཝ་པ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་ནས་བཞུགས་པ་དང༌། འཁོར་ལོ་སྡོམ་པའི་ལྷ་ཚོགས་དང༌། གསང་བ་འདུས་པའི་དཀྱིལ་འཁོར་དང༌། དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར། རྗེ་སྒམ་པོ་པ་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་འདུག་པ་གཟིགས། ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཚོགས་འཁོར་བསྐོར་བ་གཟིགས། ཁོང་ཡང་ཚོགས་གྲལ་དུ་ཚུད་ནས་དངོས་གྲུབ་བརྙེས། ཕྱིས་ཀྱི་དུས་སུ་ཆོས་རྗེ་རིན་པོ་ཆེ་ཨེ་ཆུང་ན་བཞུགས་དུས། སྙུང་ནད་དྲག་པོ་གཅིག་བྱུང་བས་ཐུགས་རྗེ་ཆེན་པོ་ཡི་དམ་མཛད་ནས། བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པས། ཞག་གསུམ་ཉི་མ་དྲོས་པའི་ནངས་པར་མི་ཁོ་བོའི་ལས་ངན་རང་སར་དག གསུངས་ནས། ཐུགས་དམ་གྱི་ལྷ་བཞི་འོད་གསལ་གྱི་ངང་ལ་གཟིགས་སྐད། ཆོས་རྗེ་གཉོས་མགར་གཉིས་རི་ཐེབས་གཉིས་པར་ལུང་བསྟན་ནས་བྱོན། སྔོན་གྱི་རྣམ་པར་ཐར་པ་ལ་བརྟེན་ནས་བོད་ཀྱི་ཕ་བོང་སྐྱབས་ཆེན་འདི། མཁའ་འགྲོ་མ་རྣམས་ཀྱི་རྟ་རྔའི་དྲྭ་མིག་ལ་གདན་དྲངས་ནས། ལ་ཝ་པའི་དབུ་ལ་གདུགས་ཕུབ་པ་ཡིན་པ་འདུག དེ་ཡང་རྒྱ་དང་བོད་ཀྱི་ས་མཚམས་ན་ཡོད་ཀྱང༌། བོད་ཀྱི་ཕ་བོང་སྐྱབས་ཆེན་བྱ་བ་ཡིན། དེ་ཡི་ནང་དུ་ཚོགས་འཁོར་བསྐོར་ཞིང་ཕྱག་རྒྱ་ཆེན་པོ་ཐུན་རེ་བསྒོམ་ན། འཁོར་བ་ནས་སྐྱོབ་པས་སྐྱོབ་ཆེན་ཞེས་ཕུག་པའི་གཏིང་དུ་ལ་ཝ་པ་ཡི་ཞབས་རྗེས་ཡོད། སྐྱོབ་ཆེན་གྱི་རྒྱབ་རི་རྒྱལ་པོ་ཨིནྜ་བྷོ་ཏི་ཞལ་གཟིགས། གཉོས་མགར་གཉིས་ཀྱིས་སྐྱོབ་ཆེན་དུ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང༌། སྒྲོལ་མ་མཆེད་བདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ཞལ་གཟིགས། ཆོས་རྗེ་འབྲི་གུང་༧སྐྱོབ་པ་རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། གྲུབ་ཆེན་བརྒྱད་བཅུས་བསྐོར་བ་ཡི་དམ་གྱི་ལྷ་ཚོགས་དང༌། ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་རྣམས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཞལ་གཟིགས། ཁོང་རྣམས་ཀྱང་ཚོགས་གྲལ་དུ་ཚུད་རྒྱ་གར་གྱི་རྣལ་འབྱོར་ནག་པོ་སྤྱོད་པ་དང་མཇལ། གང་ནས་བྱོན་གང་དུ་བཞུགས་ཞུས་པས། ངའི་ཕོ་བྲང་འདི་ཡི་འདབས་ན་ཡོད་དེ་ཁྱེད་ཀྱིས་མ་དྲན་ནམ་གསུངས། སྐུ་ཇི་ལྟ་བ་བཞིན་བྲག་ལ་རང་བྱོན་ཡོད། གཉོས་དེ་སྔར་དྲན་པ་བརྗེད་མེད་འདྲ་བའི་དྲན་པ་གཅིག་རྙེད་བྱུང་གསུངསས། ཁོང་ནག་པོའི་སྐུ་ཡི་སྐྱེ་བ་ཡིན་པ་དྲན། སྐྱེས་བུ་དང་གཉོས་མགར་དཔོན་གཡོག་རྣམས་བདུད་མགོན་བླ་མཚོར་བྱོན་དུས། མཚོ་འཁོལ་བྱུང་བས་རི་བོའི་རྩེ་ལ་བྱོན་ཚོགས་དང་གཏོར་མ་བཤམ་པས་མཚོ་འཁོལ་ཞི་བ་དང༌། འཇའ་འོད་ཀྱི་གུར་ཁང་ན་ཐོད་པའི་གུར་ཁང་ནང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་དང༌། བདུད་མགོན་བྱ་རོག་གདོང་ཅན་ལ་འཁོར་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ་ཤིན་ཏུ་འཇིགས་པ་ཞལ་གཟིགས་སོ། །
བི་མའི་ལམ་ཡིག་ནས་ལུང་འདྲེན་བྱ། དེ་ནས་ཕྲེད་དེ་ལ་བྱོན་པ་དང་མཚོ་ཆུང་གཅིག་གི་ནང་ནས་བྱ་སྐད་འདོན་བཞིན་གཉོས་ལ་ཐེ་ཚོམ་བྱུང་ནས། གཏོར་མ་བཏང་བཀའ་བསྒོ་བྱས་ནས་བྱ་དེ་མཚོ་ལ་ཐིམ། ཡང་ཕར་བྱོན་རྩ་ན་མཚོ་ཆུང་གཅིག་གི་ནང་ནས། ཁྱི་གུ་ཁམ་པ་གཅིག་གིས་གཉོས་ཀྱི་ཐུ་བ་ནས་འཇུས་བྱུང་སྐད། སྒྲོལ་མ་བླ་མཚོར་བྱོན་དུས་འཇའ་དང་འོད་ཀྱི་གུར་ཁང་དུ། ཡུལ་ཉེར་བཞིའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཁྲུས་བྱེད་པར་ཞལ་གཟིགས། ཁྲུས་མཚོ་ཆེན་པོར་མཚན་གསོལ། ཨ་ལ་ལ་ཤིན་ཏུ་ངོ་མཚར་ཆེ་བ་འདུག་གསུངས། ལྷ་མོ་སྐྱབས་བདུན་མའི་བསྟོད་པ་ཡང་མཛད། ཡ་གིའི་བྲག་དེ་ལ་མགོན་པོ་གྲི་གུག་ཅན་འདིའི་སྒོ་སྲུང་དུ་ཞལ་གཟིགས། དེ་ནས་བདེ་མཆོག་མཚོ་ཁར་འཇའ་གུར་གྱི་ནང་དུ་བདེ་མཆོག་དྲུག་བཅུ་རྩ་གཉིས་དང༌། ལྷ་བཅུ་གསུམ། ལྷ་ལྔ་མ་རྣམས་མཚོ་གོང་འོག་གསུམ་ལ་རིམ་གྱིས་ཞལ་གཟིགས། སྐྱོབ་ཆེན་ཉའི་མཚོ་དེ་ལ་གཙང་པ་རྒྱ་རས་ཀྱིས་སྤྱན་རས་གཟིགས་ཀྱི་སྤྱན་མཚོར་གཟིགས། སྐྱེས་བུས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱིས་སྤྱན་མཚོར་གཟིགས། སྐྱེས་བུ་དཔོན་སློབ་རྣམས་ཡར་བྱོན་དུས། སྒོ་སྲུང་སེང་གེའི་གདོང་ཅན་གྱིས་ཐེ་ཚོམ་བྱུང་བའི་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་སྤྱན་ཆབ་བསྙིལ་དགོས་བྱུང༌། གཏོར་མ་བཏང་གསོལ་བ་བཏབ། བཀའ་བསྒོ་བྱས་པས་དེ་ཡི་གཡོན་ཕྱོགས་ན་བྲག་སྙིང་འདྲ་བ་གཅིག་ཡོད། དཔལ་རི་ཟླུམ་པོ་ཟེར་བ་ཡིན། ང་ཡི་ཕོ་བྲང་ཡིན། གཏོར་ལམ་ཕ་ལྟོ་ན་ཡོད་ཟེར་རི་དེ་ལ་ཐིམ་སོང༌། བྲག་ལོགས་དེ་ལ་སྤྱན་རས་གཟིགས་དང་ཏྲག་གཤེད་སེང་གེ་གདོང་ཅན་རྣམས་གཟིགས། རི་འདི་ཞིང་སྐྱོང་གི་ཐུགས་ཀྱི་རྟེན་ཡིན། གཉོས་ཆེན་པོ་ལ་ཁར་ཕེབས། རྩེ་ན་མགོན་པོ་སེང་གདོང་ཅན་དང་མཇལ། གཏོར་མ་བཏང་དམ་ལ་བཏགས། ཁོ་ན་རེ། འོག་གི་བྲག་འདི་ང་ཡི་གཏོར་ལམ་ཡིན། གཡོན་ཕྱོགས་ཀྱི་རི་དེ་ང་ཡི་ཕོ་བྲང་ཡིན། ང་འདི་ན་ཡོད་པ་ཡིན། ཁྱེད་ཀྱི་བུ་བརྒྱུད་དང་བཅས་པ་གདོང་གྲོགས་བྱེད། ང་ལ་གཏོར་མ་ཕུལ་ཅིག་ཟེར་རི་དེ་ལ་ཐིམ་སོང༌། ལ་ཁ་ན་བུ་མོ་ཆེ་ཐེན་གཡས་ཀྱི་བྲག་དེའི་ལོགས་ན་མགར་དམ་པས་ཚེ་དཔག་མེད་སྐུ་གཟིགས། རྡོ་རྗེ་རྣལ་འབྱོར་མ་འཇའ་དེ་ལ་ཐིམ་སོང༌། ཨེ་ཚང་སྒང་དུ་བྱོན་དུས། སྐྱེས་བུ་གཉོས་མགར་གསུམ་གྱིས་ཕུག་པ་འདི་ན་ཡུལ་ཉེར་བཞིའི་མཁའ་འགྲོ་མ་ཐམས་ཅད་ཚོགས་འཁོར་མཛད་པ་གཟིགས། ཁོང་རྣམས་ཀྱང་ཚོགས་གྲལ་དུ་ཚུད་ནས་དངོས་གྲུབ་རྙེད། སྐྱེས་བུར་དཔལ་ལྷ་མོའི་ཞལ་གཟིགས་གཏོར་མ་ཕུལ་བས་ཝ་མོ་བུ་བདུན་མར་ལངས་སོང༌། འཇའ་དམར་པོ་གཅིག་ཏུ་ཡལ་ནས་སོང༌། ཕག་མོ་ལྷ་བདུན་ཡིན་པ་མཁྱེན། གཉོས་མགར་དཔོན་སློབ་རྣམས་ཀྱིས་དཔལ་ལྷ་མོའི་ཞལ་གཟིགས། གཏོར་མ་ཕུལ་བས་ཕྲིན་ལས་རྣམ་བཞི་སྒྲུབ་པ་ཞལ་གྱིས་བཞེས། བྲག་ལ་ཨ་ཡི་ཆར་པ་བབས་པ་གཟིགས། ད་ལྟ་ཡང་ཨ་དཀར་པོ་ཡོད། བྲག་ཕུག་དེ་ཡི་ཡར་ངོས་ན་ཐུབ་པ་གཙོ་འཁོར་གསུམ་ཞལ་གཟིགས། མར་ངོས་ལ་ལྷ་མོ་དུང་སྐྱོང་མ་ཞལ་གཟིགས། སྣང་བ་དག་པས་མཚོ་ལ་ད་ལྟ་ཡང་གསལ་པོར་ཡོད། མདུན་གྱི་དེའུ་དེ་ལ་མཆོད་པའི་ལྷ་མོ་གྷིར་ཏི་མ་ཞལ་གཟིགས། དཔལ་རི་ལྷུམ་པའི་འདབས་ལ་ཤཱཀྱ་ཐུབ་པ་གཙོ་བོར་གྱུར་པའི། སངས་རྒྱས་སྟོང་རྩ་གཉིས་རྩེ་རུ་གདུགས་དང་བཅས་པ་ཞལ་གཟིགས། དེ་ཡི་གཤམ་ན་སྨན་ལྷ་དང་གནས་བརྟན་བཅུ་དྲུག་ཞལ་གཟིགས། ཕར་ལོགས་ཀྱི་ཆུ་འཕྱར་དེ་ལ་ལྷ་མོ་དུང་སྐྱོང་མ་ཞལ་གཟིགས། དེ་ནས་རྡོ་རྒྱང་གི་ས་ན། རྒྱལ་པོའི་ལམ་ཡིག་ནས་གསལ་བ་ལྟར། པར་པ་རོང་བྱ་བ་འདི་ཡིན། སྦ་རོང་དེ་ལ་འཇའ་གུར་གྱི་ནང་དུ་ཨེ་ཀ་ཛ་ཏི་ཞལ་གཟིགས། སྐུ་རང་བྱོན་དུ་ཡོད། དེ་ཡི་ཕ་རི་ན་ཇོ་བོ་རྗེའི་ལམ་ཡིག་ནས་གསལ་བ་ལྟར། བྲག་ལོགས་ལ་སོ་ཕག་གི་རང་བྱོན་མཆོད་རྟེན་ཡོད། གཉོས་མགར་གྱིས་ཀྱང་དེ་ལྟར་ཞལ་གཟིགས། ལམ་འོག་གི་བྲག་དེ་ལ་གཉོས་ཀྱི་རྡོ་རྗེ་ཕག་མོ་ཞལ་གཟིགས། ཡང་ཆོས་རྗེ་རྒོད་ཚང་པས་ཨེ་ཚང་སྒང་དུ་ལོ་བཞུགས་མཛད་དུས། ཕོ་བྲང་འདི་ལ་སྔགས་ཀྱི་རྒྱལ་པོ་ཞལ་གཟིགས། ཐུགས་དམ་འུར་ནས་སྤྲོ་བསྡུ་ཡང་མཛད། ཕོ་བྲང་ལ་ཕར་མཆོངས་ཚུར་མཆོངས་བྱས་པས་ཞབས་རྗེས་ཕ་རི་ཚུ་རི་གཉིས་ཀར་ཡོད། དེ་ནས་རྡོ་རྒྱང་གི་ས་ན་མགོན་པོ་ཕྱག་བཞི་པ་གཙོ་འཁོར་ལྔ་ཞལ་གཟིགས། ཡང་ཐུགས་ཀྱི་མགོན་པོ་སྲོག་བདག་བྱ་རོག་གདོང་ཐུགས་ཀའི་བྲག་ལ་རང་བྱོན་ཞལ་གཟིགས། གསུང་གི་མགོན་པོ་སྲོག་བདག་བྱ་རོག་གདོང་ཅན་མགྲིན་པའི་བྲག་ལ་རང་བྱོན་དུ་གཟིགས། བཀའ་སྡོད་སེང་གེ་གདོང་ཅན་གྱིས་ཧ་ཧ་ཟེར་ནས་དགོད་བྱུང་བས། གཏོར་མ་བཤམ་པས་ཕ་བོང་ལ་ཐིམ། སྐྱེས་བུས་གཏོར་མ་བཏང་བས་ཡེ་ཤེས་མགོན་པོ་ཕྱག་གཡས་པ་བརྐྱང་ནས་ཐོད་པར་གཏོར་མ་བཞེས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ཡེ་ཤེས་མགོན་པོའི་བསྟོད་པ་མཛད། ཕྱི་རབས་ཀྱི་བུ་སློབ་རྣམས་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས། མི་ལྤགས་ཐང་འདི་གླང་ཆེན་གྱི་ཀོ་རློན་རྐྱང་པར་གཟིགས། ཐང་འདི་ལ་བྱམས་པ་ཐང་ཟེར་བ་ཡིན། འདི་ཡི་བྲག་ལ་བྱམས་པའི་ཞབས་རྗེས་ཀྱང་ཡོད། མི་ལྤགས་ཐང་དུ་སྐྱེས་བུ་དང་གཉོས་མགར་གཙང་པ་རྒྱ་རས་རྣམས་ཀྱིས། རྡོ་རྗེའི་ལུས་ཀྱི་རྩ་ཡི་བཀོད་པ་ཡང་གཟིགས། དུར་ཁྲོད་ཀྱི་གླིང་དུ་ཡང་གཟིགས། ཐང་འདི་ལ་མི་མགོ་འཇའ་རིལ་མང་པོ་ཕར་རིལ་ཚུར་འགྲིལ་བྱས་ཏེ་གཏོང་དུ་མ་ཐུབ། གཏོར་མ་བྱས་བཀའ་བསྒོས་པས་བྲག་དེ་ལ་ཐིམ་པར་གདའ། ཐང་འདི་ལ་རྩ་དབུ་མ་པའི་རྩ་རེ་ཡོད། དེ་ནས་མར་བྱོན་དུས་གཡས་ཀྱི་བྲག་ལོགས་ལ་མཆོད་པའི་ལྷ་མོ་བཞི་མཁའ་འགྲོ་མ་སེང་གེའི་གདོང་ཅན་ཆོས་རྗེ་གཙང་པས། དེ་ཡིས་གཡས་ལ་མགོན་པོ་ཏྲག་གཤེད་ཅན་གཙོ་འཁོར་གསུམ་ཞལ་གཟིགས། ཆུ་འགྲམ་ན་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཞལ་གཟིགས། དེ་ནས་ཡར་བལྟས་པས་མིག་རྒྱང་གི་སར། ལ་དེ་བརྒལ་བ་ན་བྲག་དམར་པོ་མི་རིང་གནམ་ལ་འཕྱོ་བ་འདྲ་བའི་བར་ན་ཆོས་འབྱུང་ཟངས་མཚོ་ཡོད། གཞལ་ཡས་ཁང་ཡོངས་སུ་དག་པ་ན། པདྨ་འདབ་སྟོང་དང་ལྡན་པ་ལ་དམར་མོ་གསུང་གི་ཌཱ་ཀི་མ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ། གཉོས་མགར་རྣམ་གཉིས་དང་སྐྱེས་བུ་བཅས་ལ་ཞལ་གཟིགས། ཚོགས་དང་གཏོར་མ་བཤམ་གསུང་གི་དངོས་གྲུབ་ཞུ་བ་ནི་མཆོད་པ་འབུལ། འོད་ཟེར་མགྲིན་པ་ནས་སྤྲོ་བསྡུ་གོང་དང་འདྲ། ལྷ་ཡི་སྐུ་མདོག་སོ་སོར་ཤེས་པར་བྱའོ། །སྔགས་ནི་པདྨ་ཌཱ་ཀི་ནི་ཞེས་པའོ། །ཡ་གིའི་བྲག་འདི་ལ་དཔལ་རྟ་མགྲིན་དུ་ཞལ་གཟིགས། མཚོ་བཤམ་དེར་སྦྲུལ་ཁྲ་བོ་གཅིག་འདུག་སྒོ་སྲུང་ཡིན་པར་མཁྱེན། མཚོ་གཞུག་དེ་ནས་མར་བྱོན་པའི་ཐང་རི་ལ་མགར་དམ་པ་བྱོན་པས་རྗེ་བཙུན་འཇམ་དབྱངས་མགོན་པོ་ཞལ་གསུམ་ཕྱག་དྲུག་ནམ་མཁའ་གང་བ་གཅིག་ཞལ་གཟིགས་ནས། །
བུ་བཟུང་འཛིན་དྲི་བྲལ་ཆོས་ཀྱི་སྐུ། །གཉུག་མར་གནས་པའི་བྱང་ཆུབ་སེམས། །
ནམ་མཁའ་སྒོམ་པའི་རྣལ་འབྱོར་པ། །ཏིང་འཛིན་ཐང་ལ་བྱོན་པ་ལེགས།།

ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཐང་ཏིང་འཛིན་ཐང་མཚན་གསོལ། དེ་ནས་མཐིང་མཚོར་བྱོན། སྒོ་སྲུང་གིས་ལམ་བཀག མཚོ་འཁོལ་བྱུང་བས་གཏོར་མ་བཏང་བཀའ་བསྒོ་བྱས་པས་ཤན་པ་ནམ་གྲུ་ཞལ་གཟིགས། དཔལ་ལྡན་ལྷ་མོའི་རྒྱུད་ནས་གསུངས་པ་བཞིན། གསེར་གྱི་ཚུགས་ཤིང་ཁྲབས་སེ་ཁྲབས། གཡུ་ཡི་ཆོན་ཐག་སྦྲེངས་སེ་སྦྲེངས། དུང་གི་ཆོན་ཕུར་ཁྲོ་ལོ་ལོ། གསུངས་པ་བཞིན་འཇའ་གུར་ནང་དུ་ཐུགས་ཀྱི་ཌཱ་ཀི་མ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གྱི་བསྐོར་བ་ཞལ་གཟིགས། ཚོགས་གཏོར་བཤམ་ཐུགས་ཀྱི་དངོས་གྲུབ་ཞུ་བ་ནི། མཆོད་པ་ཕུལ་ལ་ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུ་གོང་དང་འདྲ། སྐུ་མདོག་མཐིང་ཁ་བཛྲ་ཌཱ་ཀི་ཞེས་པའོ། །དེ་ནས་ཡར་བལྟས་པ་ན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་བཀོད་པ་རྒྱ་གར་ནས་ལུང་བསྟན་པ་བཞིན། བྱ་འདབས་གསུམ་རྩེགས་དང་བཅས་པ་ཕོ་བྲང་གི་དབུ་རྩེར་ཞལ་གཟིགས། ལུང་བསྟན་ཚུལ་ནི། བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ནི་སྐུ་མདུན་དུ་བྱིས་པ་མོན་ཕྲུག་གསུམ་གྱིས་སྨོན་ལམ་བཏབ་ནས། གཅིག་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུ་སྐྱེ་བར་ཤོག གཅིག་ཆོས་སྐྱོང་མཁན་པོར་སྐྱེ་བར་ཤོག གཅིག་ལྷ་འདྲེ་གདུག་པ་ཅན་འདུལ་བའི་སྔགས་པར་སྐྱེ་བར་ཤོག ཅེས་པ་དང༌། ཁོང་གསུམ་སྨོན་ལམ་འདེབས་དུས་སུ་མདུན་གྱི་ནམ་མཁའ་ལ་སྦྲང་བུ་གཅིག་འདུག་པ་དེ་ཤི་བ་དང༌། སྨོན་ལམ་སྟོབས་ཀྱིས་བསམ་ཡས་རྒྱལ་པོའི་སྲས་མོར་འཁྲུངས་པ་ཡིན་འདུག མཆོད་རྟེན་དེ་ཡི་སྤྲུལ་པ་ཡུལ་ཉེར་བཞི་ན་རེ་ཡོད་པ་གཅིག་འདི་ཡིན། གཉོས་མགར་དཔོན་སློབ་འདིར་ཕེབས་དུས། གོང་གི་བྲག་འདི་ལ་གཉོས་ཆེན་པོ་ལ། མ་ཕུག་པའི་ཕུག་པའི་ཕུག་པ་ཡོད། སློབ་དཔོན་ཨན་ཙམ་བཞུགས་པས་ཤིན་ཏུ་གཉན་པ་འདུག་གསུངས། རྒྱབ་རི་ཡི་བྲག་དེ་ལ་ཆོས་རྗེ་གཙང་པས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཞལ་གཟིགས། གཉོས་མགར་གཉིས་ཕ་རི་ཡི་ཆུ་འགྲམ་ལ་དཔལ་ལྡན་ལྷ་མོ་དྲེའུ་ཆིབས་ནས་བྱོན་པ་ཞལ་གཟིགས། ད་ལྟ་ཡང་བྲག་ལ་དྲེའུ་རྗེས་ཡོད། དེ་ནས་ཡང་བྱོན་ཆུ་བརྒལ་ཙ་ན། རི་ཐེབས་དང་པོ་ལ་གཉོས་ཀྱིས་ཕ་བོང་དེ་ལ་ཡི་གེ་བཾཾ་ཐིམ་པ་གཟིགས། རི་ཐེབས་གཉིས་པ་ལ་ཕག་མོ་ཞལ་གཉིས་མའི་སྐུ་ཕྱེད་ཐོན་ཙམ་པ་གཟིགས། རི་ཐེབས་གསུམ་པ་ལ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལོགས་ལ་ཕག་མོ་དབུ་བཅད་མ་ཡང་གཟིགས། ད་ལྟ་ཡང་རང་བྱོན་ཡོད། སྐྱེས་བུས་ཀྱང་དེ་ལྟར་གཟིགས། དེ་ནས་ལྷ་མོ་ཁར་བྱོན་ནས་ཆུ་འཕྱར་དེ་ལ་འཇའ་ཡི་འོད་གུར་ནང་དུ་ལྷ་མོའི་རྒྱུད་ནས་ཇི་ལྟར་གསུངས་པ་བཞིན།

བྱང་ཐང་དེ་ནི་འཕྱ་མ་འཕྱོ། །བྱང་རི་དེ་ནི་གྱ་མ་གྱུ། །
དེ་འདྲའི་ཐང་གི་འོག་ཤོད་ན། །བྲག་ལ་ཆུ་འཐབ་འུར་རུ་རུ། །
ཙིཏྟ་གུར་གྱི་ནང་ཤེད་ན། །དེ་ན་དཔལ་ལྡན་ལྷ་མོ་བཞུགས། །

ཞེས་གསུངས། དཔལ་ལྡན་ལྷ་མོའི་དྲེའུ་བཞོན་པ་ཞལ་གཟིགས། སྐྱེས་བུས་གཏོར་མ་ཕུལ་བས་ལྷ་མོའི་ཕྱག་གཡས་པ་བརྐྱངས་པས་ཀ་པ་ལར་གཏོར་མ་བཞེས། ལྷ་མོའི་ཐུགས་ཀ་ནས་འོད་ཟེར་གྱི་སྤྲོ་བསྡུ་མཛད། གུར་གྱི་ཁ་ཁྱེར་ལ་སངས་རྒྱས་སྟོང་སྐུ་ཞལ་གཟིགས། གཉོས་ཀྱི་ཡང་ཞལ་གཟིགས། ཕྱག་གཡས་པ་ནར་མཛད་གཏོར་མ་ཕུལ། མ་བཅོས་ཆོས་སྐུ་མ་དང༌། ཉི་མ་བྱང་ཕྱོགས་མའི་བསྟོད་པ་མཛད། ལྷ་མོའི་ཐུགས་ཀ་ནས་འོད་ཟེར་གྱི་སྤྲོ་བསྡུ་ཡང་མཛད། མཆོག་ཐུན་མོང་གི་དངོས་གྲུབ་ཀྱང་ཐོབ། ཡང་མགར་དམ་པ་ཆོས་ལྡིང་པ་ལྷོ་ཁར་བྱོན་དུས། དཔལ་ལྡན་ལྷ་མོ་ཆུ་རླུང་འཚུབ་མའི་ནང་དུ་མཐོན་མཐིང་སྨུག་པོའི་གུར་ཁང་ནང་ན། ལྷ་མོས་དྲེའུ་བཞོན་ནས་ཁ་ཁྲིད་དང་བཅས་པ་ཞལ་མཇལ། ལྷ་མོའི་ཞལ་ནས།
བུ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ། །རྟོག་འཛིན་གྱི་ལྷན་པ་མ་བཏབ་ཅིག །
དྲག་པོ་ཕྲིན་ལས་ཀྱི་སྦྱོར་བ་ལ། །བྱང་ཆུབ་སེམས་ཀྱི་ཟིན་པར་གྱིས། །
གསང་སྔཊ་གནད་ཀྱི་གདམས་ངག་ལ། །དམ་ཚིག་མིག་གི་འབྲས་ལྟར་རྩིས། །                 རྗེས་མ། >>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*