གཉོས་ཀྱི་འབར་བ་རྒྱན་མཚན་ལམ་ཡིག མུ་འགོད། ༤

ཅེས་གསུངས་ནས་ཕྱག་མཚན་དུ་གཏད། ཚོགས་དང་གཏོར་མ་ཕུལ། མགར་དམ་པས་མ་བདེ་ཆོས་ཀྱི་དབྱིངས་ཅེས་བསྟོད། དེ་ནས་འཇའ་ཚོན་སྒང་དུ་བྱོན་ནས། བྲག་ཕུག་དེ་ལ་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཚོགས་འཁོར་བསྐོར་བ་ཞལ་གཟིགས། ཁོང་གིས་ཚོགས་དཔོན་མཛད་བཞུགས་ཁྲི་འདི་ཡི་སྟེང་ནས་མཁའ་འགྲོ་མ་རྣམས་ལ་སྨོན་པ་སེམས་བསྐྱེད་ཀྱི་ཆོས་གསུངས། གཞན་ཆོས་གོས་ཉི་མའི་ཟེར་ལ་བཀལ་བ་སོགས་གྲུབ་རྟགས་མང་དུ་བསྟན་པ་གདའ། གོང་མའི་བྲག་དེ་ལ་གཉོས་ཀྱིས་ཞིང་སྐྱོང་བླ་མཁར་དུ་གཟིགས། གོང་མའི་མཚོ་དེ་ཐུགས་རྗེ་ཆེན་པོ་སྤྱན་མཚོར་གཟིགས། ཤེལ་རིའིི་འདབས་དེ་ལ་སྐྱེས་བུ་གཉོས་མགར་རྣམས་ཀྱང་སངས་རྒྱས་སྟོང་སྐུའི་ཕོ་བྲང་ཞལ་གཟིགས། ཡང་སྐྱེས་བུ་བྱོན་དུས་ལམ་གར་ཡོད་དགོངས་ཙ་ན། ཨེ་ཚང་དུ་གཟིགས་པ་དང་ཝ་མོ་བདུན་སྒང་དེ་ལ་ཡལ་བ་དང༌། ལ་ཁར་ཕེབས་ཙ་ན། འཇའ་དམར་པོ་གཅིག་ཏུ་ཡལ་ནས་སོང༌། ཕག་མོ་ལྷ་བདུན་ཡིན་པ་མཁྱེན། དེ་ནས་གསེར་མཚོར་བྱོན་གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་དུ། ཡོན་ཏན་གྱི་ཌཱ་ཀི་མ་གསེར་མོ་འབུམ་གྱིས་བསྐོར་བ་ཞལ་གཟིགས། ཚོགས་གཏོར་ཕུལ། འོད་ཟེར་ལྟེ་བ་དངོས་གྲུབ་ཞུ་བ་ནི། རཏྣ་སི་དྷིའོ། །མཚོ་དེ་མཚོ་ཕྲན་རྒྱ་རྩ་བརྒྱད་ཀྱིས་བསྐོར་བའོ། །དེ་ནས་ལ་ཁ་དེ་རུ་སྐྱེས་བུ་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་ཤ་སྐམ་མང་པོ་ཕུལ། གཉོས་ལ་ཡང་སྲིན་པོ་རྣམས་ཀྱིས་ཤ་སྐམ་མང་པོ་ཕུལ། ཤ་སྐམ་ལ་མཚན་གསོལ། ལྕགས་ཀྱི་ལུག་ཐུག་ཆེན་པོ་གཉིས་ཀྱིས་ལམ་བཀག གཏོར་མ་བཏང་བཀའ་བསྒོ་བྱས་ལམ་གོང་འོག་གི་བྲག་ལ་ཐིམ། གཉོས་ལ་ཕ་བོང་ཁ་འཐབ་བཞི་ཡོད་པ་གཅིག་འདི་ཡིན། གཉོས་མགར་གཉིས་ལ་ཡུལ་ཉེར་བཞིའི་མཁའ་འགྲོ་རྣམས་ཀྱིས་ཆོས་པོ་ཏི་རེ་ཕུལ། མགར་དམ་པའི་གསུང་རབ་རྣམས་སྒྲོག་མཁན་མེད་ཀྱང་སྒྲ་འུར་དི་རེར་བསྒྲགས་པ་གསན། དེ་ནས་མར་བྱོན་ཆོས་རྗེ་གཙང་པ་ལ་ལྕགས་ཀྱི་ཕ་བོང་ཁ་ཐབ་ཡོད། ཐང་འདི་བྱམས་པ་འབྱོན་པའི་ཐང་ཡིན། རི་འདི་བྱམས་པའི་སྐུར་གཟིགས། དེ་ནས་མར་བྱོན་པ་དང༌། སྐྱེས་བུ་གཉོས་མགར་གཉིས་ཀྱིས་རི་དེ་ཕག་མོ་དབུ་བཅད་མར་གཟིགས། དེ་ནས་མར་བྱོན་ཙ་ན། གཉོས་ཀྱི་དགོངས་པ་ལ། འོ་རྒྱལ་སྙམ་པ་གཅིག་བྱུང་བའི་ངང་ནས། རུས་སྦལ་གཅིག་གིས་ལམ་བཀག་གཏོར་མ་བཏང་བཀའ་བསྒོས་པས་བྲག་ལ་ཐིམ། ཆོས་རྗེ་རིན་པོ་ཆེ་མདུན་གྱི་ནམ་མཁར་བྱོན་ནས། བླ་མའི་བཀའ་མ་བཅག་པར་གནས་སྐོར་གཅིག་སྐོར་གསུངས། གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཞལ་མཇལ་བའི་དུས་ཡོང་གསུངས། སྐྱེས་བུ་འདིར་ཕེབས་དུས་ལུང་པ་ཐམས་ཅད་འཇའ་དང་འོད་ཀྱིས་གང་འདུག ཁྱད་པར་ཕུག་པ་འདི་འཇའ་འོད་འཁྱིལ་འདུག འདི་ན་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་བསྐོར་འདུག ཁོང་གིས་ཚོགས་དཔོན་མཛད། མཆོག་ཐུན་མོང་གི་དངོས་གྲུབ་རྙེད། ཕུག་པ་འདི་ཡི་ལོགས་ལ་ལྷ་མོ་དྲེལ་བཞོན་མ། གཡོན་ཕྱོགས་ཀྱི་བྲག་ལ་མཁའ་འགྲོ་སྡེ་ལྔ། གཡས་ཀྱི་བྲག་ལ་མགོན་པོ་གྲི་གུག ཟམ་གདོང་ཕ་གིར་ཡེ་ཤེས་མཁའ་འགྲོ་ལྔ་ལ་མཆོད་པ་འབུལ་བ་ཞལ་གཟིགས། ལུང་པ་ཐམས་ཅད་འཇའ་དང་འོད་ཀྱིས་གང་ཞིང་ཁྱད་པར་དུ་ཕུག་པ་འདི་གང་འདུག འོད་འབར་ཕུག་མོ་ཆེ་མཚན་གསོལ། ཡུལ་ཉེར་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་དཔོན་མཛད། བཞུགས་ཁྲི་འདི་ཡི་སྟེང་ནས་མཁའ་འགྲོ་རྣམས་ལ་འཇུག་པ་སེམས་བསྐྱེད་ཀྱི་ཆོས་གསུངས། གཞན་ཡང་ཆོས་གོས་ཉི་མའི་ཟེར་ལ་བཀལ་ནས་གྲུབ་རྟགས་མང་དུ་བསྟན། གོང་གི་ཕ་བོང་དེ་ཞིང་སྐྱོང་གི་བླ་མཁར་ཡིན། ཨོཾ་ཨཱཿཧཱུྂ་གི་ཆར་པ་བབས་པ་གཟིགས། བླ་མ་ལྷོ་རིན་པོ་ཆེ་བྱོན་དུས། ཨོཾ་ཨཱཿཧཱུྂ་གཟིགས་པ་གདའ། ད་ལྟ་ཡང་བྲག་ལོགས་ལ་ཡིག་འབྲུ་གསུམ་གྱི་རང་བྱོན་ཡོད། ལུང་པ་འདི་དཔའ་བོ་མཁའ་འགྲོའི་རུ་བའི་གང་བ་གཟིགས། ཁོང་དཔོན་སློབ་རྣམས་རྒྱགས་ཟད་ནས། གཉོས་ཆེན་པོས་ཉེ་གནས་ལ་ཚ་བ་ཕོབ་གསུངས། ཉེ་གནས་ཀྱིས་ཅི་ཡང་མེད་ཞུས་པས། ཨའུ་ཙེ་ཁྱེད་རང་སྒྱིད་བུ་ཚུགས་གསུངས། བླ་མ་སྐུ་ཐང་གསོལ་ཕ་རི་ལ་བྱོན་ནས་རུ་བ་རྣམས་ལ། བསོད་སྙོམས་མཛད་པས་དཀར་ཕུད་དང་འབྲས་ཕུད་མང་དུ་ཕུལ་ནས། བླ་མ་རིན་པོ་ཆེ་སང་ཕོད་ཀྱང་བྱོན་པར་ཞུ་ཟེར་ནས། ཁོང་རྣམས་ཀྱིས་ཡོན་བདག་ཁས་བླངས་ཏེ། ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདིར་ཐོབ་པ་ཡིན། སྔོན་གྱི་རྣམ་པར་ཐར་པ་ལ་བརྟེན་ནས། བསོད་སྙོམས་བྱེད་གསོལ་བ་འདེབས། བརྒྱ་རྡོ་བརྩིགས་པས་མཁའ་འགྲོ་དཔའ་བོ་ཐམས་ཅད་མཉེས་པར་གདའ། དེར་གཟིམས་པས་མནལ་ལམ་དུ། མཆོད་ཁང་སྒོ་བརྒྱ་རྩ་བརྒྱད་ཡོད་པ་གཅིག་གཟིགས། བན་བཙུན་གཅིག་གིས་ལྡེ་མིག་སློ་མ་གང་ཕུལ། ལྡེ་མིག་རེ་རེས་སྒོ་རེ་ཕྱེས་པས་མཆོད་ཁང་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གསང་སྔགས་ཀྱི་ལྷ་ཚོགས་མ་ལུས་པ་ཞལ་གཟིགས། ཆོས་སྐུ་རྡོ་རྗེ་འཆང་གིས་གཙོ་བོར་གྱུར་པ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཞལ་གཟིགས། མགར་དམ་པས་ཡང་གོང་ལྟར་གཟིགས། གཉོས་ལ་མ་ཕུག་པའི་ཕུག་པ་བཞི། ཕུག་པའི་ཕུག་པ་བཞི། མ་རྩིག་པའི་ཁྲི་བཞི། རྩིག་པའི་ཁྲི་བཞི། དངོས་གྲུབ་ཀྱི་རི་བཞི། རོང་ཆེན་པོ་བཞི། ཆུ་ཆེན་པོ་བཞི། ཐང་ཆེན་པོ་བཞི། སྒང་ཆེན་པོ་བཞི། ལ་ཆེན་པོ་བཞི། ཕ་བོང་ཁ་ཐབ་ཀྱི་འཕྲང་རིང་བཞི། མི་མ་ཡིན་གྱི་བུ་སློབ་བཞི་ཡོད་པར་གདའ། མ་ཕུག་པའི་ཕུག་པ་བཞི་ནི། ལྷ་མོ་འཇའ་ཚོན་ཕུག འོད་འབར་ཕུག དོམ་ཚང་ཕུག་དང་བཞིའོ། །ཕུག་པའི་ཕུག་པ་བཞི་ནི། ཀ་ལ་ཕུག དོམ་ཚང་ཕུག སྤར་པ་རོང་ཕུག སྟག་ཚང་རོང་ཕུག་དང་བཞིའོ། །མ་རྩིག་པའི་ཁྲི་བཞི་ནི། འོད་འབར་མཚོ་ན་གཅིག ཞིང་མོ་ཁྲག་ཁྲིག་ན་གཅིག སྟག་ཚང་རོང་ན་གཅིག དོམ་ཚང་རོང་ན་གཅིག་བཅས་བཞི། རྩིག་པའི་ཁྲི་བཞི་ནི། འཇའ་ཚོན་སྒང་ན་གཅིག འཕྲང་སྐྱོགས་མོ་ན་གཅིག སྤར་ཏ་ཡིད་བཞིན་ན་གཅིག ཞིང་མོ་ཁྲག་ཁྲིག་ན་གཅིག་བཅས་བཞི་དེ་བཞིན་ཡིན། རོང་ཆེན་བཞི་ནི། སྤར་པ་རོང༌། འོད་འབར་རོང༌། སྟག་ཚང་རོང་དང་བཞི། ཐང་ཆེན་པོ་བཞི་ཡང་དེ་བཞིན་ཏེ། ཆུ་ཆེན་པོ་བཞི་ཡང་དེ་བཞིན་ཡིན། དངོས་གྲུབ་ཀྱི་རི་བཞི་ནི། དཔལ་ཤེལ་རི་དང༌། མཁའ་སྤྱོད་ཀྱི་རི་གསུམ་དང་བཞིའོ། །དཔལ་ཤེལ་རི་ལ་ཟུར་ཆེན་པོ་བཞི་ཡང་ཟེར། སྒང་ཆེན་པོ་བཞི་ཡང་ཟེར། ཟུར་བཞི་ནི། ཨེ་ཚང་གི་ལ། ཤ་སྐམ་ལ། མཁའ་སྤྱོད་ལ། ཤ་ངུས་ལ་དེ་རྣམས་ཡིན། ཕ་བོང་ཁ་འཐབ་བཞི་ནི། ཤ་སྐམ་ལ་ན་གཅིག སྟག་མ་ལ་ན་གཅིག སྟག་ཚང་ན་གཅིག ནེ་རིང་དང་བཞིའོ། །མི་མ་ཡིན་གྱི་བུ་སློབ་བཞི་ནི། ཐང་ལྷ། ཀུན་དགའ་གཞོན་ནུ། ཀླུ་དབང་པོ་ལྷང་ལྷང༌། བཙན་གྲལ་སྐྱེས་རྣམས་སོ། །བཙན་གྲལ་སྐྱེས་ནི། མོན་ལྕགས་ས་སྒ་རུས་དམ་ལ་བཏགས་པ་མོན་གྱི་ལྷ་འདྲེ་ཡིན། སྐྱེས་བུས་འོད་འབར་གྱི་ཕ་རི་ལ། གསེར་གྱི་བུམ་པ་རྟ་ནག་ཅན། མགོན་པོ་ཏྲག་གཤེད། རྒྱལ་ཆེན་རིགས་བཞི། མཆོད་པའི་ལྷ་མོ་བཞི། མཁའ་འགྲོ་སེང་གདོང་མ་འབིར་བ་པ་རྣམས་ཞལ་གཟིགས། སྐྱེས་བུ་སྟག་མ་ལ་བྱོན། ལས་མཁན་བྱ་རོག་གདོང་ཅན་གྱི་གཤོག་པ་སྡེབས་ཤིང་གཏོང་དུ་མ་ཉན་པས། གཏོར་མ་བཏང་བཀའ་བསྒོ་བྱས་པས་དེའུ་དེ་ལ་ཐིམ་སོང༌། འོད་འབར་གྱི་སྒོ་སྲུང་དུ་གཟིགས། སྐྱེས་བུར་སློབ་མ་ལྡན་མ་གཅིག་ཡོད་པ། ལ་དེ་ལ་ཆད་པ་ལྡན་ཆད་སྟག་ལ་བཏགས། གཉོས་མགར་གཉིས་འདིར་ཕེབས་དུས། ལྕགས་ཀྱི་ལུག་ཐུག་ཆེན་པོ་གཉིས་འཐབ། གཏོར་མ་བཏང་བཀའ་བསྒོ་བྱས་བྲག་འདི་ལ་ཐིམ་པ་ཡིན། གཉོས་ཀྱི་ཕ་བོང་ཁ་འཐབ་གཅིག་འདི་ཡིན། རི་འདི་ཆོས་རྗེ་གཙང་པས་རིགས་གསུམ་མགོན་པོ་ཞལ་གཟིགས། དེ་ཡི་རྩེ་ལ་སྨན་ལྷའི་ལྷ་ཚོགས་ཞལ་གཟིགས། སྐྱེས་བུ་གཡོན་བསྐོར་ལ་བྱོན། གཉོས་མགར་གཉིས་གཡས་བསྐོར་དུ་བྱོན། འདིར་ལྷན་རྒྱས་པས། དཔའ་བོ་ཐམས་ཅད་ཀྱིས་བསུ་བ་བྱས། བླ་མ་རྣམས་ཕྱག་ཕེབས་སམ་ཟེར་དངོས་གྲུབ་ཕུལ། དཔའ་བོ་ལ་ཞེས་མཚན་གསོལ། དེ་ནས་འུ་ལ་ལ་བྱོན། དཔའ་མོ་རྣམས་ཀྱིས་བསུ་བ་བྱས། དཔའ་མོ་ལ་ཞེས་མཚན་གསོལ། ཞབས་འདི་ན་འབྲུག་པའི་སྲོག་བདུད་མཚོ་ནག་ཡོད། དེ་ནས་གཉོས་ཆེན་པོ་བཤགས་པ་ལ་ཁར་ཕེབས་དུས། བཀའ་སྲུང་གཞི་བདག་རྣམས་ཀྱིས་ཁ་ཆར་བུ་ཡུགས་འཚུབ་ཀྱིས་འདས། རྟགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན། མདུན་གྱི་ནམ་མཁའ་ལ་ཆོས་རྗེ་རིན་པོ་ཆེ་སེང་གེ་ལ་ཆིབས་ནས་བྱོན། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས། བུ་བཤགས་པ་མ་བྱས་ནས་གར་འགྲོ། བཤགས་པ་བགྱིས། མི་གཙང་བ་སྤྱད་ནས་བཤགས་པ་མ་བྱས་ན་དམྱལ་བ་ཚ་ཁོལ་ཅན་དུ་སྐྱེ་བ་ཡིན་གསུངས། གཉོས་ཀྱིས་ཐོ་རི་མཛད་ཨ་ཙི་ཙི་གསུངས་ནས་བཤགས་པ་མཛད་དོ། །སྐྱེས་བུ་འདིར་ཕེབས་དུས་མཆེད་གཉིས་གཟིགས། བླ་མ་ཞང་གིས་གཡུ་མཚོ་བསྐོར་བ་ལ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན། འདིར་ཕེབས་དུས་བུད་མེད་རྒན་མོ་འཁར་བ་ཐོགས་པ། བཞིན་མི་སྡུག་པ་མང་པོ་བྱུང་ནས། འཁར་བ་བརྡབ་ཅིང་མཚན་མ་སྟོན་པ་སོགས་རྟགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན་བྱུང་པས། གཏོར་མ་བཏང་བཀའ་བསྒོ་བྱས་པས་མཚོ་དེ་ལ་ཐིམ། མི་སྡུག་པའི་མཚོ་ཟེར། སྐྱེས་བུ་གཉོས་མགར་རྣམས་ཕེབས་དུས་སྤྱང་ཀི་ཆེན་པོ་གཅིག་གིས་ལམ་བཀག གཏོར་མ་གཏང་བཀའ་བསྒོ་བྱས་པས། མཚོ་ལ་ཐིམ་ཁྲ་མོ་གཟི་མཚོའི་སྒོ་སྲུང་དུ་གཟིགས། ཁྲ་མོ་གཟི་མཚོར་བྱོན་གཞལ་ཡས་ཁང་གི་ནང་ན་འཕྲིན་ལས་ཀྱི་ཌཱ་ཀི་མ་འཁོར་དང་བཅས་པ་སྐྱེས་བུ་གཉོས་མགར་གཉིས་ཀྱིས་གཟིགས། ཚོགས་གཏོར་དབང་ལེན་གོང་བཞིན་བྱ། གསང་གནས་འོད་ཟེར་གྱི་སྤྲོ་བསྡུ་དང་དངོས་གྲུབ་ཞུ། ཀརྨ་ཌཱ་ཀི་ནི་སི་དྷི་ཅེས་སོ། །དེ་ནས་ཕར་བྱོན་མཚོ་དེ་ལ་ཕྱག་དྲུག་མགོན་པོ་ཞལ་གཟིགས། བྲག་ལོགས་ཀྱི་ཏྲག་གཤེད་དང་བྱ་རོག་གདོང་ཅན་འདི་ཡི་སྒོ་སྲུང་དུ་ཞལ་གཟིགས། ཕྱག་ན་རྡོ་རྗེའི་བླ་མཚོ་འདི་ཡི་གུར་གྱི་བྲག་ལོགས་ན་ཕྱག་ན་རྡོ་རྗེ་མེ་རི་མེ་དཔུང་བཅས་ཞལ་གཟིགས། དེ་ནས་མར་བྱོན་མཚོ་དེ་ལ་སྒྲོལ་མ་མཆེད་བདུན་ཞལ་གཟིགས། སྐྱེས་བུ་འོད་འབར་ཕེབས་དུས། ཡི་དམ་འཁོར་ལོ་སྡོམ་པ་དང་དགྱེས་པ་རྡོ་རྗེ་ལྷ་དགུའི་ཚོགས་རྣམས་ཞལ་གཟིགས། ཚོགས་གཏོར་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། གཉོས་ཀྱིས་འོད་འབར་མཚོ་ཁར་འཇའ་གུར་གྱི་ནང་དུ་སྐྱེས་བུས་གཟིགས་པ་བཞིན། རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ཞལ་གཟིགས། རི་ཐེབས་གཉིས་པར་གསང་བ་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་གཟིགས། ཡུལ་ཉེར་བཞིའི་མཁའ་འགྲོ་དཔའ་བོ་རྣམས་ཀྱིས་གཉོས་ཆེན་པོ་ལ་གཞུགས་ཁྲི་ཕུལ། འདི་ཡི་སྟེང་ནས་མཁའ་འགྲོ་མ་རྣམས་ལ་དོན་དམ་སེམས་བསྐྱེད་ཀྱི་ཆོས་གསུངས། ཆོས་ཞུས་པའི་ཡོན་དུ་མཚོ་ནང་གི་མཎྜལ་འདི་ཕུལ་བ་ཡིན་འདུག གཉོས་ཆེན་པོ་ལ་སྔར་མེད་པའི་ཐུགས་དམ་ཆེན་པོ་ཁྱད་པར་ཅན་གཅིག་འཁྲུངས། མགར་དམ་པས་དགྱེས་རྡོར་ལྷ་དགུའི་ཡབ་ཡུམ་བདག་མེད་མ་བཅས་ཞལ་གཟིགས། ཚོགས་གཏོར་ཕུལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། མགར་དམ་པའི་སློབ་མ་སངས་རྒྱས་རས་ཅན་བྱ་བས་སྤང་ཁ་ཡ་གི་གཡུ་མཚོ་ཕྱོགས་གཅིག་ཏུ་བསྐོར་བའི། ཕྱག་ཆེན་མཛད་པས་ཟ་བེར་གྱི་གཡུ་སླང༌། གཡུ་གར་འཁྱེར་མ་འཆམ་པས་རས་ཆེན་གྱིས་གསུངས་ནས་ང་ཡི་གཡུ་ཨེ་ཡིན་བལྟ་གསུངས་ནས་མཚོ་ནང་དུ་འཕང་བ་འདུག རྡོར་འཛིན་གྱིས་གཡས་གྲལ་དུ་ཆེན་མོ་འཁྲིད་ནས་ཕེབས། རྡོར་འཛིན་གྱིས་གསུངས་ནས་ཁྱེད་དངོས་གྲུབ་ཐོབ་པ་གཅིག་ཡིན་ན། མཚོ་འདིའི་ནང་དུ་གཡུ་ཡིད་བཞིན་གྱི་ནོར་བུ་ཕུག་རོན་ཙམ་གཅིག་ཡོད་ཟེར། དེ་ཁྱེད་ཀྱིས་ལོངས་དང་གསུངས། རྒོད་ཚང་པས་ཕྱག་འཁར་གྱི་སྣེ་དེ་མཚོ་ནང་དུ་བཙུགས། ང་སྐྱེས་རྫོགས་ལ་བརྟན་པ་ཐོབ་པ་གཅིག་ཡིན་ན། གཡུ་དེ་འཁར་བ་ལ་འབྱོར་ཤོག་གསུངས། དེ་མིན་ན་འབྱར་མ་ཡོང་གསུངས། གཡུ་དེ་འཁར་བ་ལ་འབྱར་བྱུང་བས་གཡུ་རྩྭ་རིའི་ཡུལ་སྟོད་དུ་གདན་དྲངས། ལས་ཚན་རྣམས་གཡུ་སུས་བྱེད་མ་འཆམ་པས། གཉོས་ཆེན་པོས་ནོར་བདག་པོར་སྤྲོད་གསུངས། སྤང་ཁང་ཡ་བཅུ་བཞིའི་མི་སྣ་རྣམས་ཞག་གསུམ་གྱི་ཉི་དྲོས་ཙམ་མཚོ་ཁར་སླེབས། རྒོད་ཚང་པས་རྫ་ཁྲོད་ཤར་མ་ནས་གཡུ་བསྐྱུར་བས་སྦལ་མཚོའི་ནང་དུ་ཆོམ་དེ་བྱུང༌། རྒྱལ་པོའི་ལམ་ཡིག་ནང་གསལ་བ་བཞིན། མཚོ་བཤམ་དུ་གཡོན་རི་དྭགས་ཤ་བའི་རྣ་བ། གཡས་སུ་བྱམས་པ་མགོན་པོ་ཞལ་གཟིགས། ཚོགས་གཏོར་བཤམ་དངོས་གྲུབ་རྙེད། དེ་ནས་ཕར་ཕྱིན་པ་ན་བླ་མ་ཞང་གིས་མཚོ་གཉིས་ཡོད། དེ་ལ་མཁའ་འགྲོ་མ་གཉིས་ཉི་ཟླའི་སྤྱན་ཞལ་གཟིགས། ཐུན་མོང་ནོར་གྱི་དངོས་གྲུབ་ཞུས། ཚལ་པའི་གདུལ་བྱ་དེ་ནས་བྱུང་བ་ཡིན། སྐྱེས་བུ་དཔོན་སློབ་རྣམས་ཕོ་བྲང་ཆེན་པོར་ཕྱག་ཕེབས་པའི་དུས་སུ། སྐྱེས་བུས་ཕྱག་མི་མཛད་པ་སྤྱན་ཧུར་རེ་མཛད་འདུག ཕྱག་ཕྱི་རྣམས་ལ་ཁྱེད་ཚོས་ཅི་མཐོང་གསུངས། གྱེར་སྒོམ་མིག་པོ་ཆེས་མཆོད་རྟེན་བརྒྱ་རྩ་བརྒྱད་དུ་མཐོང༌། གཞན་ཚོས་མཚོ་རང་མཐོང་ཞུས་པས། ཁྱེད་ཚོས་མཐའ་མར་ཡང་མཆོད་རྟེན་དང་ལྷ་ཁང་དུ་མཐོང་ཚོད་རེད་གསུངས། ཁོང་རང་གིས་རྗེ་དྭགས་པོ་རིན་པོ་ཆེས་ལུང་བསྟན་པ་བཞིན། གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་དུ་གསང་སྔགས་ཀྱི་ལྷ་ཚོགས་མ་ལུས་པ་ཞལ་གཟིགས། ཐུགས་དགྱེས་པ་ཆེན་པོས་མགུར་འདི་གསུངས།

སྔོན་གྱི་མེ་ཏོག་ཟླ་མཛེས་ལ། །རྗེ་སྨན་པའི་རྒྱལ་པོ་མི་ཟེར་རམ། །
རྫ་མཁན་རབ་ཏུ་བྱུང་བ་ལ། །སྐྱེས་བུ་ཡེ་རྡོར་མི་ཟེར་རམ། །
སེམས་ཅན་གང་བ་རང་གྲོལ་བྱ་ལགས་སོ། །གནས་འཇིགས་སུ་རུང་བའི་དུར་ཁྲོད་དུ། །
རྩྭ་རི་རྩ་གོང་མི་ཟེར་རམ། །དག་པ་ཤེལ་གྱི་མཆོད་རྟེན་ལ། །
ལྷ་ཉིས་སྟོང་བརྒྱད་བརྒྱ་མི་ཟེར་རམ། །འཇའ་ཚོན་སྣ་ལྔའི་གུར་ཁང་ལ། །
ཕོ་བྲང་གཡུ་མཚོ་མི་ཟེར་རམ། །རྟེན་རྒྱལ་བ་འབུར་དུ་དོད་པ་ལ། །
ནང་སྤྲུལ་པའི་ལྷ་ཚོགས་མི་ཟེར་རམ། །ཤ་ཟ་རབ་ཏུ་འཇིགས་པ་ལ། །
ཡི་དམ་ལྷ་ཚོགས་མི་ཟེར་རམ། ཁྲག་འཐུང་རབ་ཏུ་རྔམ་པ་ལ། །
མ་མགོན་ལྕམ་དྲལ་མི་ཟེར་རམ། །དབྱིངས་དང་རིག་པ་འདྲེས་པ་ལ། །
རྗེ་བླ་མའི་ཐུགས་དགོངས་རྫོཊ་རྫོཊ་འདྲ། །བུ་ཡེ་རྡོར་གྱི་བསམ་པ་དེ་འགྲུབ་འདྲ། །
སེམས་སྣང་བར་རང་གྲོལ་བྱ་བ་ལགས་སོ། །          རྗེས་མ། >>>

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*