གཉོས་ཀྱི་འབར་བ་རྒྱན་མཚན་ལམ་ཡིག མུ་འགོད། ༥

མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། སྐྱེས་བུ་ཁོང་རྣམས་བྲག་ཁུང་ཉལ་དུ་སོང་གསུངས། སྐྱེས་བུས་ལམ་འོག་གི་བྲག་ལུང་དེར་གཟིམས། མ་རིག་མུན་པ་སངས་ནས་འོད་གསལ་མ་བུ་འཕྲོད་པ་ཡིན། བསམ་གཏན་ཕུག་ཅེས་མཚན་གསོལ། མཚོ་ཕུག་གི་ཕ་བོང་བར་དེར་གཟིམས་པས་བསམ་གཏན་ཏིང་ངེ་འཛིན་ཐུགས་སུ་འཁྲུངས། ཕོ་བྲང་གི་དབུ་རྩེར་འདུག་པ་དབུ་རྩེ་ཕུག་ཅེས་མཚན་གསོལ། ལྷོ་ཕྱོགས་ཀྱི་ཕུག་པ་དེར་གཟིམས་པས་ཏིང་ངེ་འཛིན་ཐུགས་ལ་འཁྲུངས། ཏིང་འཛིན་ཕུག་མཚན་གསོལ། ལམ་གོང་བྲག་སྐྱིབས་དེར་གཟིམས་པས། ལྷ་འདྲེ་རྣམས་བསྐོར་བ་བྱས་འཚོགས་འདུག་ཅིང༌། ལམ་ཟེན་ཕུག་མཚན་གསོལ། ཡང་གཉོས་དཔོན་སློབ་རྣམས་རོང་སྐོར་མཛད་ནས་ཆོ་འཕྲུལ་ཆེན་པོའི་རྟ་ཡི་ཟླ་བའི་བཅོ་ལྔ་ཕོ་བྲང་ཁར་བྱོན་པས། གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་འཇམ་དབྱངས་ཞལ་གཟིགས། ཚོགས་གཏོར་བཤམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་གཉོས་ལ་ཁྲུས་མཛད། ཕོ་བྲང་གི་དཀྱིལ་དུ་བྱོན། ཚོགས་གཏོར་བཤམ་དངོས་གྲུབ་རྙེད། རི་ཐེབས་གཉིས་པར་གཉོས་ཀྱིས་ཕྱི་སྐོར་བཞིན་དུ་གཡུ་མཚོར་བྱོན་པས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང༌། དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར། གསང་བ་འདུས་པའི་དཀྱིལ་འཁོར་ལ་སོགས་གསང་སྔགས་ཀྱི་ལྷ་ཚོགས་མ་ལུས་པ་ཞལ་གཟིགས། ཚོགས་གཏོར་བཤམ་བླ་མ་མཚོ་ནང་དུ་བྱོན་པས། པོ་པོ་བཀྲ་ཤིས་སྒང་ལ་སོགས་པའི་སློབ་མ་རྣམས་ཀྱིས་མི་འབྱོན་པ་ཞུ་ཞུས་པར་མ་གསན་པར་མཚོ་ནང་དུ་བྱོན། དར་ཅིག་སོང་ནས་སྐུ་ཟིལ་པ་ཕྲོམ་མེར་བྱོན། ལྟད་མོ་ཆེན་པོ་འདུག་ཟེར། ཁྱོད་ཚོས་ཅི་མཐོང་གསུངས། པོ་པོས་ལྷ་ཁང་དུ་མཐོང་གསུངས། གཞན་རྣམས་ཀྱིས་མཚོ་མཚོ་རུ་མཐོང་ཞུས་པས་ཁྱོད་ཚོ་ཐ་མ་ཡིན་ཡང་མཆོད་རྟེན་ནམ་ལྷ་ཁང་ལྟ་བུ་མཐོང་ཚོད་རེད་གསུངས། དགའ་པོ་མཛད་བཀྲ་ཤིས་བརྗོད་པ་ཡིན། ཡང་མགར་དམ་པ་ཆོས་ལྡིང་པ་ཕོ་བྲང་ཁར་བྱོན་དུས། ཞལ་ཡལ་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཞལ་གཟིགས། དགྱེས་རྡོར་ལྷ་དགུ་འཇིག་རྟེན་པའི་ལྷ་བཅུ་གསུམ་བཅས་ཀྱི་ཞལ་གཟིགས། གཏོར་མ་ཆ་ཉི་ཤུ་རྩ་གཅིག་བཏང༌། མཚོ་གཏོར་རྒྱ་རྩ་བརྒྱད་མཛད། འོད་ཟེར་གྱི་སྤྲོ་བསྡུ་མཛད། དངོས་གྲུབ་རྣམ་གཉིས་ཐོབ། འོག་གི་བྲག་ཕུག་དེ་ལ་ཐུགས་དམ་མཛད་མཉམ་པར་བཞག་པས། ཀླུ་རྒྱལ་བ་ཐོད་དཀར་བུ་ཆུང་ལོ་བརྒྱད་པ་གཅིག་ཏུ་སྤྲུལ་ནས། བླ་མ་རིན་པོ་ཆེ་ཐུགས་དམ་གློད་པར་ཞུ་ཟེར། ཁྱེད་ཀྱི་མིང་ཅི་ཡིན། ཕོ་བྲང་གང་ན་ཡོད་གསུངས་པས། ང་ཡི་མིང་རྒྱལ་བ་ཐོད་དཀར་བྱ་བ་ཡིན། ཕོ་བྲང་མ་གིར་ཡིན། ཀླུ་མགོ་དགུ་པའི་རང་བྱོན་ཡོད། ངེད་ཀྱི་ཕུག་པར་ཁྱེད་བྱོན་དང་འབུལ་ཟེར། ཕུག་པ་དེར་ཀླུ་རྒྱལ་ཕུག་ཏུ་མཚན་གསོལ། དུང་མགོ་དགུ་པ་འདི་ཡང་འབུལ། དགེ་བསྙེན་གྱི་སྡོམ་པ་གཅིག་ཀྱང་ཞུ་ཟེར། ཁོ་ལ་དགེ་བསྙེན་གྱི་སྡོམ་པ་གནང༌། དུང་གི་ལེན་དུ་གསེར་སྲང་གང་གནང༌། གཉོས་ཀྱིས་གསུངས་ནས། ངས་མ་འདོད་པ་དེ་ཁྱོད་ཀྱིས་བླངས་འདུག་གསུངས། དུང་ད་ལྟ་ཡང་ཁམ་སྤོ་ཆོས་སྟེང་གིས་ཚོགས་དུང་བྱེད་པ་དེ་ཡིན། ཡང་མགར་དམ་པས་རི་ཐེབས་གཉིས་པར་གཡུ་མཚོ་ནང་སྐོར་མཛད་ནས་བྱོན། དང་པོ་ཀླུ་རྒྱལ་དེ་སྦྲུལ་སོར་བཞི་པ་དགུ་བྱས་ནས། དམ་པ་ཀླུ་རྒྱལ་ཕུག་ཏུ་གཟིམས་ལོག་པའི། སྔས་མགོར་གསོལ་ཞལ་ནང་དུ་སྦྲུལ་ཕྲུག་སོར་བཞི་པ་རྣམས་གསོལ་ཞལ་ནང་གཟིམས་ལོག་འདུག་པ། དམ་པས་ལྟ་སྟངས་གཟིགས་པས་ཨ་ཀྱང་ཀུ་རེ་ཞུས་ཟེར། ཁྱིའུ་གཡུ་ཡི་ཟུར་ཕུད་ཅན་དར་དཀར་གྱི་ན་བཟའ་གསོལ་ནས་ནོར་བུ་རིན་པོ་ཆེ་ལག་ཏུ་ཐོགས་ནས་ཕུལ། ཀླུ་མོ་བྲམ་ཟེ་འོད་ལྡན་མས་གཡུ་གཅིག་ཕུལ། གཉོས་ཆེན་པོས་གསུངས་ནས། གཡུ་དེ་ངས་མ་བླངས་ཁོས་བླངས་པ་ཡིན་གསུངས། ཆོས་རྗེའི་དྲུང་དུ་ལོ་རྒྱུ་ཞུས་པས། འོད་གསལ་གནད་དུ་སོང་ནས་ཀླུ་དབང་དུ་འདུས་པ་ཡིན་གསུངས། བུ་ཁྱེད་ཀྱིས་འོད་གསལ་གནད་དུ་སོང་ཟིན་གསུངས། ཡང་གཡུ་མཚོའི་ནང་དུ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང༌། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་དུ་སེང་གེ་བཞིས་བཏེགས་པའི་ཁྲི། དེ་ཡི་སྟེང་དུ་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་སྒོ་བདུན་བཅུ་རྩ་གཉིས་ཡོད་པ་གཅིག་ཞལ་གཟིགས། དེ་ཡི་ནང་དུ་གསུང་རབ་གླེགས་བམ་བརྩེགས་པའི་ཚུལ་དུ་བཞུགས། ཀློག་མཁན་མེད་པར་གསུང་ལྷང་ལྷང་བྱོན་ཅིང་གསན། ཡང་མགར་དམ་པ་དཔལ་ཆོག་ཡེ་ཤེས་སྨན་དོར་རྒྱལ་མཆོག དྭགས་པོ་དགོང་མཁར་བ་རྣམས་ཀྱིས། བདེ་མཆོག་དང་དགྱེས་རྡོར་ཞལ་གཟིགས། ཚོགས་གཏོར་བཤམ་དངོས་གྲུབ་རྣམ་གཉིས་རྙེད། སྐྱེས་བུ་གཉོས་མགར་རྣམས་ཀྱིས། འདི་ཡི་འོག་འདིར་གཙུག་ལག་ཁང་གི་སྒོ་རུ་ཞལ་མཇལ། སྒོ་སྲུང་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་དང་བྱ་རོག་གདོང་ཅན་གཉིས་ཞལ་གཟིགས། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང༌། གནོད་པས་མི་ཚུགས་པ་དེ་ཡིན་གསུངས། དེ་ནས་མུ་སྟེགས་རིག་སྔགས་ཅན་རྣམས་དང༌། ལྷ་སྲིན་གདུག་པ་ཅན་རྣམས་བསྒྲོལ་ཏེ། ནང་པ་སངས་རྒྱས་པའི་བླ་རི་བླ་མཚོ་རྣམས་བཤིག་པའི་ཕྱིར་དུ། ༼སྤིར༽ཆུ་སྲིན་དང༌། རུས་སྦལ། གླང་པོ་ཆེ་རྣམས་ལྟས་ངན་བསྒྲུབས་ནས་བཏང་བས། ༼སྤིར༽ཆུ་སྲིན་དེ་ཕོ་བྲང་གཡུ་མཚོར་དོང༌། རུས་སྦལ་དེ་མཚོ་དཀར་ལ་དོང༌། གླང་ཆེན་དེ་ས་ལ་བཀྲ་ཤིས་ལྗོངས་ཀྱི་མཚོ་ལ་ཕོག་པས། དེའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་དང་རིག་འཛིན་དགའ་རབ་རྡོ་རྗེ། པཎ་ཆེན་བི་མ་མི་ཏྲ་གསུམ་གྱི་དགོངས་པ་ལ། གསང་སྔགས་ཀྱི་ཕོ་བྲང༌། གདུག་པ་ཅན་གྱིས་བཤིག་དོགས་འདུལ་བར་བྱོན་ཏེ། གླང་པོ་ཆེ་སྟེང་དུ་ཨོ་རྒྱན་པདྨས་སངས་རྒྱས་འོད་སྲུང་གི་ཚེ་ཆུའི་གཏེར་སོགས་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས། ལྟས་ངན་གཡང་དུ་བླངས། གསང་སྔགས་ཀྱི་ཕོ་བྲང་བྱིན་གྱིས་བརླབས། རིག་འཛིན་དགའ་རབ་རྡོ་རྗེ་མ་ཧཱ་གསེར་གྱི་རུས་སྦལ་སྟེང་དུ་མཆོད་རྟེན་ཁྱུང་གཤོག་མ་བཞག ཏིང་ངེ་འཛིན་གྱི་ཟིལ་གྱིས་གནན། ལྟས་ངན་གཡང་དུ་བཀུག གསང་སྔགས་ཀྱི་ཕོ་བྲང་དུ་བྱིན་གྱིས་བརླབས། ༼སྤིར༽ཆུ་སྲིན་གྱི་སྟེང་དུ་བི་མ་མི་ཏྲས་ཞབས་རྗེས་བཞག ལྟས་ངན་གཡང་དུ་བཀུག གསང་སྔགས་ཀྱི་ཕོ་བྲང་བྱིན་གྱིས་བརླབས། བཞུགས་ཁྲི་འདི་མཁའ་འགྲོ་མ་རྣམས་ཀྱིས་ཕུལ། ལྷ་འདྲེ་རྣམས་དམ་ལ་བཏགས། དེ་ཡི་དུས་སུ་མཁའ་འགྲོ་རྡོ་ཡི་ལྷ་ཁང་དུ་འཇའ་ཡི་ཞལ་ཁེབས་གསོལ་ནས་འདུག ཕྱི་རབས་ཀྱི་དོན་དུ་བི་མ་ལ་ཡིས་ཞལ་ཁེབས་བསལ་ནས་གདའ། སྐྱེས་བུ་དང་གཉོས་མགར་རྣམས་བྱོན་དུས། མཁའ་འགྲོ་རྡོ་ཡི་ལྷ་ཁང་འདི་གཞལ་ཡས་ཁང་བྱ་འདབ་གསུམ་རྩེགས་སུ། གདུགས་གྷན་ཛྙི་ར་དང་བཅས་ནང་དུ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚོགས་འཁོར་བསྐོར་བ་གཟིགས། ཁོང་རྣམས་ཀྱང་ཚོགས་གྲལ་དུ་ཚུད་དངོས་གྲུབ་རྙེད། ཆོས་རྗེ་རྒོད་ཚང་པས། རྒྱ་ཕིབས་གྲིབ་མ་མཚོ་ཡི་ནང་དུ་བྱུང་བས། མཁའ་འགྲོ་རྡོ་ཡི་ལྷ་ཁང་རྙེད་པ་ཡིན། ཕྱིས་འབྲི་གུང་གླིང་ལོག་བྱུང་དུས། མཁའ་འགྲོ་རྡོ་ཡི་མཆོད་རྟེན་བོར་བ་ཡིན་པ་གདའ། ཅུང་རིན་པོ་ཆེའི་བུ་སློབ་མལ་གྲོ་བ་ཤེས་རབ་ཟེར་བ་གཅིག་གིས། སྤུ་རིའི་འགོ་ནས་མཁའ་འགྲོ་རྡོ་ཡི་ལྷ་ཁང་གཟིགས་པ་ཡིན་པར་གདའ། ལྡན་མ་གཅིག་གིས་རི་ཐེབས་ལ་ལོ་གསུམ་བསྡད། གཡུ་མཚོ་མ་བསྐོར་བར་དབུས་ལ་འགྲོ་བསམ་ཙ་ན། དྭགས་པོ་གཡག་ཤུལ་མཛོ་ཁར་སླེབས་ཙ་ན། རྒྱབ་ནས་འཐེན་བྱུང་བས་ཕྱིར་མིག་བལྟས་པས། བུད་མེད་རྨ་ར་ཁྱུག་སེ་བ་གཅིག་བྱུང་ནས། ཁྱེད་རི་ཐེབས་མ་ཕེབས་པར་གར་འགྲོ་ཟེར། ང་ལོ་གསུམ་སོང་ཟེར་ཞུས་པས་ཁྱེད་ལོ་གསུམ་སོང་ཡང་གཡུ་མཚོ་མ་འཁོར་བས་མཆོག་ཐུན་མོང་གི་དངོས་གྲུབ་མི་ཐོབ་ཟེར། མཁའ་འགྲོ་མ་འདུག་གམ་ལོག་སྟེ་ལོ་བཞུགས་བྱས་པས། ལོ་དང་པོ་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་མཐོང༌། བར་པར་ལྷ་ཁང་ཆེན་པོ་མཇལ། ཕྱི་ལོར་ནང་སྤྲུལ་པའི་ལྷ་ཚོགས་མ་ལུས་པ་མཇལ། ཡང་རྫ་དགོན་པའི་བཙུན་ཆུང་གཅིག་གིས་གཡུ་མཚོ་བསྐོར་ནས་ལོ་གཅིག་ལས་མ་སོང་བ་དང། ཟླ་བ་གཉིས་ལོ་གསུམ་སོང་ཡང་གཡུ་མཚོ་མ་འཁོར་བ་དང་སྡེབ་ནས་སོང་བས། གྲུམ་མདའ་ན་བསོད་སྙོམས་ཕྱིན་པས་བྲེ་གང་ལས་མ་རྙེད། དེར་ཆང་ཉོས་པས། ཆང་མ་ན་རེ། ཁྱེད་གསུམ་འགོ་མཇུག་ལོག་འདུག་ཟེར། བཙུན་ཆུང་གིས་ང་རང་གྲལ་འདི་ཡིན། ཁོང་གཉིས་རི་ཐེབས་ལ་སླེབས་ནས་ལོ་གསུམ་སོང༌། ང་གཅིག་ལས་མ་སོང་ཟེར། ལོ་གསུམ་སོང་ཡང་གཡུ་མཚོ་མ་འཁོར་བས་མཆོག་ཐུན་མོང་གི་དངོས་གྲུབ་མ་ཐོབ་ཟེར། ཁྱེད་གསུམ་གྲལ་འགོ་མཇུག་བསྒྱུར་ན་ལྟོ་རྙེད་པར་འདུག་ཟེར། མཁའ་འགྲོ་མ་ཡིན་པར་ཤེས་ནས། ལོ་གསུམ་ལོ་བཞུགས་བྱས་པས་གོང་ལྟར་གཟིགས། དེ་ནས་གཉོས་མགར་གཉིས་གོང་ཁ་དེ་ལ་བྱོན། ཕར་ཕྱོགས་བྲག་དེ་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་དང༌། ལོགས་དེ་ལ་རྒྱལ་བ་རིགས་ལྔ་ཞལ་གཟིགས། ད་ལྟ་ཡང་བྲག་ལ་རང་བྱོན་ཡོད། ཆོས་ཁྲི་དེ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་ཡིན། ཞིང་སྐྱོང་གིས་མཁའ་འགྲོ་མ་རྣམས་ལ་ཆོས་བཤད་པ་ཡིན། དེ་ནས་གཉོས་མགར་གཉིས་ཕར་བྱོན། ལས་མཁན་བྱ་རོག་གདོང་ཅན་གྱིས་གཤོག་པ་བརྡབས། གཏོང་དུ་མ་ཉེན་པས་གཏོར་མ་བཏང་བཀའ་བསྒོ་བྱས། བྲག་དེ་ལ་ཐིམ་པ་མཐོང༌། དེ་ནས་མཁའ་སྤྱོད་ལ་ཁར་ཕེབས། དོ་བོ་གཅིག་ལ་དོ་བོ་བརྒྱད་ཀྱིས་བསྐོར་བ་ལ། དབུས་ཀྱི་གཙོ་བོ་དེ་ལ་དཔལ་གསང་བ་འདུས་པ་རྒྱལ་པོ་ཨིཎྜ་བྷོ་ཏི། རྗེ་བཙུན་ལ་ཝ་པ། འཕགས་པ་ཀླུ་སྒྲུབ། དྲིལ་བུ་པ། ལཱུ་ཧི་པ། བིར་བ་པ། ཨརྻ་དེ་བ། འབྲི་གུང་༧སྐྱོབ་པ་ཆོས་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་གསང་བ་བུམ་སྐུའི་ཚུལ་དུ་བཞུགས་པ་ཞལ་གཟིགས། ཕ་གི་མཚོ་དེ་ལ་འཇའ་གུར་གྱི་ནང་དུ་འབྲི་གུང་ཆོས་རྗེ་༧སྐྱོབ་པ་རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ་གཉོས་མགར་གཉིས་ཀྱིས་གཟིགས། འབྲི་གུང་གླིང་ལོག་དུས། སྦས་ཤུལ་ཙམ་གཅིག་མིན་སྐམ་ནས་འདུག བཀའ་བརྒྱུད་བླ་མཚོར་མཚན་གསོལ། དེ་ནས་ཕར་ལ་དེའུ་གཅིག་ལ་འཇའ་གུར་འདུག སྔོན་འདས་པའི་དུས་རྗེ་ལ་ཝ་པ་མཁའ་སྤྱོད་ལ་གཤེགས་པའི་གནས་ཡིན། བྲག་ལོགས་ལ་ཞབས་རྗེས་ཀྱང་ཡོད། ཉེ་གནས་འབུ་སུ་ཀུ་དེ་ནས་ལོག་པ་ཡིན། འབྲི་གུང་གླིང་ལོག་བྱུང་དུས། བླ་མ་གཅུང་གིས་སློབ་མ་རྩ་འབྲང་བྱ་བ་གཅིག་ལྷོ་བྲག་མཁར་ཆུ་ལ་བཞུགས་པ་གདའ། དེ་ཡི་དུས་སུ་འབྲི་གུང་པ་ལ་ངོ་ལྟར་མ་བྱུང་བས། བླ་མ་གཅུང་གི་ནང་རྟེན་གསེར་སྐུ་འདི་ལ། ཏཻ་ལོ། ནཱ་རོ། མཻ་ཏྲི། མར་པ། མི་ལ། སྒམ་པོ། ཕག་མོ་གྲུ་པ། འབྲི་གུང་ཆོས་རྗེ་༧སྐྱོབ་པ་རིན་པོ་ཆེ། གཅུང་བཅས་ཀྱི་དབུ་ལོ། གདུང། རིང་བསྲེལ་རྣམས་བཞུགས་པའི་གསེར་སྐུ་འདི། མཁའ་སྤྱོད་རི་ལ་བཞུགས་བཅུག་དང༌། འབྲི་གུང་བ་ལ་ངོ་ལྟ་ཡོང་བ་ཡིན། རྩྭ་རི་བའི་རྡོའི་ཁ་གནོན་ཡང་ཡོང་བ་ཡིན་ཞེས་གསུངས་པ་བཞིན་བྱུང༌། ཡང་སྐྱེས་བུ་དེ་ནས་ཕར་བྱོན། དེའུ་འགོ་ཞིག་ན་འཇའ་ཡིས་གུར་ཕུབ་པ་གཟིགས། ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་བསྐོར་བ་གཟིགས། གཉོས་དཔོན་སློབ་རྣམས་ཀྱིས་ཀྱང་དེ་ལྟར་ཞལ་གཟིགས། ཚོགས་གྲལ་དུ་ཚུད་ནས་དངོས་གྲུབ་བརྙེས། བདེ་མཆོག་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་གཟིགས། ལུས་ལ་བུམ་དབང་བསྐུར་སྡིག་སྒྲིབ་ཐམས་ཅད་དག བུམ་པའི་དབང་ཐོབ། བསྐྱེད་པའི་རིམ་པ་ལ་དབང༌། རྒྱལ་པོའི་ལམ་ཡིག་ནས་ཐབས་རྡོ་རྗེའི་རི་མཚན་གསོལ། གནང་བ་རི་ཡི་ཚུལ་དུ་གནང་ཡང༌། དོན་དམ་བུམ་སྐུར་བཞུགས། ལུས་ལ་སྦྱར་ན་རྩ་རོ་མ་འོང་བ་འདུག ཚོགས་གཏོར་བཤམ་དངོས་གྲུབ་བརྙེས། བྲག་རྩ་དེ་ལ་རྗེ་བཙུན་མའི་ལྷ་ཚོགས་རིན་པོ་ཆེ་གཟིགས། རྡོ་ཟིལ་གནོན་དང་རྡོ་རྗེ་རླུང་གི་གཤོག་པ་ཅན་གྱི་བཤད་པ་བྱའོ། །རང་རང་རྣམས་ཀྱི་ཞབས་འོག་ཏུ་རྡོ་ལེབ་རེ་བཅུག་ནས། ཡི་དམ་ཐུགས་རྗེ་ཆེན་པོ་སྒོམ། བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། རྡོ་རྗེ་སྤུན་ཚོགས་བྱང་ཆུབ་བསྒྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། རྡོ་རྗེའི་སྤུན་ཚོགས་ཐར་ལམ་བསྒྲོད་པའི་དངོས་གྲུབ་སྩལ་དུ་གསོལ། མཁའ་འགྲོ་མ་རྡོ་རྗེ་རླུང་གི་གཤོག་པ་ཅན་ལ་གསོལ་བ་འདེབས། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་གསོལ་བ་འདེབས། ཕ་བརྒྱུད་དཔའ་བོའི་ལྷ་ཚོགས་ལ་གསོལ་བ་འདེབས། མ་བརྒྱུད་དཔའ་མོའི་ལྷ་ཚོགས་ལ་གསོལ་བ་འདེབས། རྡོ་རྗེ་སྤུན་ཚོགས་ཞེས་པ་ཀུན་ལ་སྦྱར། དེ་ནས་རྩྭ་རི་རོང་ལ་གཉོས་ཕེབས་དུས། དེ་ཡི་དུས་སུ་ཉིན་མ་ཕྱེད་ཙམ་ལ་མུན་རུབ་བྱུང་པས་འབྲི་གུང་ཆོས་རྗེ་༧སྐྱོབ་པའི་དྲུང་དུ་མཇལ་དུ་བྱུང་པས་བུ་ཁྱེད་རི་ཐེབས་འཁོར་རམ། ཞིང་མོ་ཁྲག་ཁྲིག་འཁོར་རམ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་བམ་གསུངས། དེར་ཕྱིན་པའི་དུས་མུན་རུབ། སྐར་མ་ཐར་ཐོར་བྱུང་ཞུས་པས། བུ་ཁྱེད་དེར་མ་ཕྱིན་ན་མཆོག་ཐུན་མོང་གི་དངོས་གྲུབ་མི་ཡོང༌། སྐར་མ་ཁྲག་ཁྲིག་ཞིང་མོ་ཁྲག་ཁྲིག་བྱ་བ་ཡིན་གསུངས། དེ་ལ་འབྲུ་སྣ་ལྔ་གཏོར་ན་སྐྱེ་བ་འདི་ཡི་འོག་རོལ་ན། མ་རྨོས་པ་ལ་ལོ་ཏོག་སྐྱེ་བ་ཡིན་གསུངས། དེ་ནས་རི་ཐེབས་གསུམ་པ་ལ་བྱོན་པའི་དུས་སུ། འོག་ཀླུ་ཡི་མཁའ་འགྲོ་མ་རྣམས་ཀྱིས་ཆོས་རྒྱལ་མྱ་ངན་མེད་པའི། སྲས་པོར་བྱོན་བསུ་བ་བགྱིས་གསུངས་དགྲ་ཆེན་པོ་བྱུང༌། ས་འོག་ཀླུ་ཡི་མཁའ་འགྲོ་མ་རྣམས་ཀྱིས་བཞུགས་ཁྲི་འདི་རྟ་རྔའི་དྲྭ་མིག་ལ་དྲངས་ནས་གཉོས་ལ་ཕུལ། བཞུགས་ཁྲི་འདི་ཡི་སྟེང་ནས་བྱང་ཆུབ་སེམས་པའི་སྤྱོད་འཇུག་གི་ཆོས་གསུངས། ཆོས་གསུངས་པའི་ཡོན་དུ་དངོས་གྲུབ་ཀྱི་ཆུ་མིག་འདི་ཕུལ་བ་ཡིན། ས་བོན་གཏོར་ཞིང་སྨོན་ལམ་བཏབ། ཞབས་རྗེས་དེ་གཉོས་ཀྱི་ཡིན། །

དེ་ནས་རྒྱལ་པོའི་ལམ་ཡིག་ནས་གསལ་བ་ལྟར། གཉོས་མགར་གཉིས་ཀྱི་དམར་ནག་རཀྟ་ལ་བྱོན། མགར་དམ་པ་ལ་མགོན་པོ་ཁྱི་གདོང་ཅན་དང། སེང་གེ་གདོང་ཅན་གཉིས་ཀྱིས་བསུ་བ་བྱས། བདུད་ཀྱི་ཤན་པ་ནམ་གྲུ་སྤུན་དགུ་གཉོས་མགར་གཉིས་ཀྱི་ལམ་བཀག་ནས་བར་བཅད་བརྩམ་དུ་བྱུང་པས། གཏོར་མ་བཏང་བཀའ་བསྒོ་བྱས་པས་དེའུ་འགོ་དགུ་སོར་རེ་རེར་ཐིམ། དེ་ནས་མཚོ་ཁར་བྱོན་ནས་མཚོ་ཐེངས་གསུམ་འཁོལ་བས་གཏོར་མ་བཏང་ཚོགས་ཀྱི་འཁོར་ལོ་བསྐོར་བཀའ་བསྒོ་བྱས་པས། འཇའ་གུར་གྱི་ནང་དུ་གསང་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཏི་དང༌། བདུད་ཀྱི་ཤན་པ་ནམ་གྲུ་སྤུན་དགུ་དང་བཅས་པ་མ་མོ་འབུམ་གྱིས་བསྐོར་ནས་ཞལ་གཟིགས། ད་ལྟ་ཡང་མཚོ་ཕུག་ན་རང་བྱོན་ཡོད། སྐལ་ལྡན་རྣམས་ཀྱིས་དངོས་གྲུབ་ལེན། ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པས། སྐལ་མེད་རྣམས་ཀྱི་ཚེ་སྲོག་གཅོད། གནས་ཤིན་ཏུ་འཇིགས་པར་གྲགས་སོ། །
མ་དད་ལྡན་པས་བསྟོད་པ་ཡང་མཛད། མགར་དམ་པས་ལྷ་ཆེན་ཡབ་ཡུམ་ཞལ་གཟིགས། སྲོག་གི་སྙིང་པོ་ཕུལ། ཏྲག་གཤེད་ཀྱི་བླ་མཚོ་བཞེས། དེ་ནས་སྐྱེས་བུ་གཉོས་མགར་གཉིས་ཤེས་རབ་དྲིལ་བུ་རི་ལ་བྱོན། ཕག་མོ་ལྷ་ལྔའི་གཙོ་བོར་གྱུར་པའི་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས། ཡུལ་ཉེར་བཞིའི་མཁའ་འགྲོ་མ་འདུས་ནས། ཚོགས་འཁོར་འཇའ་དང་འོད་ཀྱི་གུར་ནང་རྒྱ་ཆེར་བསྐོར་འདུག ཁོང་རྣམས་ཀྱང་ཚོགས་གྲལ་དུ་ཚུད་དངོས་གྲུབ་བརྙེས། ངག་ལ་གསང་བའི་དབང་སྐུར་ངག་གི་སྒྲིབ་པ་དག ཟླས་བརྗོད་ནུས་མཐུ་དང་ལྡན། རྩ་རླུང་སྒྲུབ་པའི་སྐལ་བར་ལྡན། འབྲས་བུ་ལོངས་སྐུ་ཐོབ། ལུས་ལ་སྦྱར་ན་རྩ་རྐྱང་མ་ཞེས་བྱ་ཤེས་རབ་ཀྱི་རྩ་ཡིན། ནུབ་ཕྱོགས་ཨོ་རྒྱན་ཡུལ་དང་ཡོན་ཏན་མཉམ་པར་འདུག་གསུངས། སྐྱེས་བུ་ཡེ་རྡོར་དཔོན་སློབ་འདིར་ཕེབས་དུས། དེའུ་དེ་ལ་འཇའ་གུར་ཕུབ་ནས་འདུག ཡུལ་ཉེར་བཞིའི་མཁའ་འགྲོ་རྣམས་ཀྱིས་ཚོགས་འཁོར་བསྐོར་འདུག ཁོང་ཡང་ཚོགས་གྲལ་དུ་ཚུད་མཆོག་ཐུན་མོང་གི་དངོས་གྲུབ་རྙེད། ཕྱི་ལྟར་དབུ་མ་རི་ནང་ལྟར་ལུས་ལ་སྦྱར་ན་རྩ་དབུ་མ། གསང་བ་ལྟར་བསྐྱེད་རྫོགས་ཟུང་དུ་འཇུག་པར་བྱ། ཡང་ཐབས་ཤེས་རབ་ཟུང་དུ་འཇུག་པའི་དབུ་མ་རི་ལ་བྱོན། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཡིད་ཀྱི་སྒྲིབ་པ་དག རང་སེམས་རྣམ་པར་དག་ནས་འགྱུར་བ་མེད་ཅིང༌། ལྷུན་གྱིས་འགྲུབ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། འཁོར་འདས་གཉིས་སུ་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕྱོགས་ཐམས་ཅད་རྩོལ་མེད་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་འབྱུང་བ་ཡིན། འདས་མ་འོངས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ནི། ཕྱི་སྣང་པའི་ཡུལ་མི་མངོན། ནང་འཛིན་པའི་སེམས་ཀྱང་མེད་པའི་དུས། སེམས་ཉིད་མངོན་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འབྲས་བུ་ཆོས་ཀྱི་སྐུ་ཐོབ། བཞི་པ་ཚིག་དབང་ཐོབ། སྣང་བ་རི་ཡི་ཚུལ་དུ་གནས་ཀྱང་གསང་བ་བུམ་སྐུ་ཁ་བྱེ་བའི་ནང༌། མཁའ་འགྲོ་མ་གསང་བ་བླ་མེད་ཀྱི་མཛོད་ཞེས་བྱ་བ་སྐྱེས་བུ་གཉོས་མགར་གཉིས་ཀྱིས་ཞལ་གཟིགས། རི་འདི་ཡི་འོག་ཏུ་ཕེབས་པ་ཐམས་ཅད་ས་དང་པོ་ནོན་པ་གཅིག་ནས་བཅུ་ཡི་བར་དུ་འོང༌། ཆོས་བཤད་དང་མིང་དབང་ལ་སོགས་འདིར་བྱའོ། །ཚོགས་གཏོར་བཤམ་པ་དང་དངོས་གྲུབ་རྣམ་གཉིས་རྙེད། གསོལ་འདེབས་དགའ་ཡེལ་མ་འཐེན། མེ་ཐུང་མ་དང་བཀྲ་ཤིས་བརྗོད། ཕུག་པ་འདི་ལྷོ་རིན་པོ་ཆེའི་གཟིམས་ཁང་ཡིན། སྐྱེས་བུ་འདིར་ཕེབས་དུས་སུ་མཚོ་དེ་ཉིད་རིན་པོ་ཆེ་ཤེལ་གྱི་མདོག་ཁམ་སེང་ཅན་དུ་ཞལ་གཟིགས། ཚོགས་གཏོར་བཤམ་གསོལ་བ་བཏབ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། རྡོ་རྗེ་རིའི་སྐུ་བརྙན་འདུག དེ་ནས་ལ་ཁའི་མཚོ་ཆུང་འདི་རིན་པོ་ཆེ་རྡོ་ཆུང་ཞེས་བྱ་བ་ཤིན་ཏུ་དྭངས་པའི་མཚོ་ན། མགོ་བོ་བསྟན་ན་ཀླད་པ་གསལ་བའི་མཚོ། རོ་སྨད་བསྟན་ན་རྒྱུ་ལོང་གསལ་བ་དང༌། གདམས་ངག་མེད་པས་བཏུང་ན་ལུས་རྡོ་བོང་ལྟར་འགྱུར་པས་ན་བདུད་རྩི་ཞེས་བྱའོ། །ཨ་རུ་གསེར་མདོག་སྐྱུར་ན། རྟེན་འབྲེལ་གྱིས་གསེར་དུ་འགྱུར་ཏེ་གསེར་འགྱུར་གྱི་རྩི་ཞེས་བྱའོ། །
དེ་ལྟར་གྱི་བདུད་རྩིའི་ཆུ་མིག་དེ་གདམས་ངག་དང་ལྡན་པའི་ཧུབ་རེ་འཐུང་ན་ལུས་རྡོ་རྗེའི་སྐུ་ཐོབ། གཡུང་དྲུང་རིག་འཛིན་གྱི་སྐུ་ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཐོབ། དེ་ནས་འཕྲང་སྐྱོགས་མོར་ཕེབས་པའི་དུས། ཁྲོ་རྒྱལ་སྨེ་བ་རྩེགས་པས་མི་ནག་པོ་གཅིག་ཏུ་སྤྲུལ་ནས་ལམ་བཀག གཏོར་མ་བཏང་བཀའ་བསྒོ་བྱས་པས་བྲག་ལ་ཐིམ། ཕོ་བྲང་སྐྱོགས་མོ་རྒྱལ་པོའི་ལམ་ཡིག་ནས་གསལ་བ་བཞིན། རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ། ཚོགས་གཏོར་བཤམ་བདག་གི་སྨིན་མཚམས་ནས་འོད་ཟེར་སྔོན་པོ་འཕྲོས། ཌཱ་ཀི་མའི་སྨིན་མཚམས་སུ་ཕོག ཐུགས་རྒྱུད་བསྐུལ་ནས་འོད་ཟེར་སྔོན་པོ་ཚུར་འཕྲོས་པས་རང་གི་སྨིན་མཚམས་སུ་ཕོག་སྟེ་ཐིམ། ལུས་སྔོན་པོར་གྱུར་བར་དམིགས་ན་དངོས་གྲུབ་ཐོབ་པའི་རྟགས་བྱུང༌། ཕོ་བྲང་དེ་ཉིད་གཞལ་ཡས་ཁང་ཡོངས་སུ་དག་པའི་ནང་དུ། རྗེ་བཙུན་མ་ཆེ་ཆུང་གཉིས། དབུ་བཅད་ཆེ་ཆུང་གཉིས། དོན་གྲུབ་མ་ཆེ་ཆུང་གཉིས། ཕག་མོའི་ལྷ་ཚོགས་མ་ལུས་པ་སྐྱེས་བུ་གཉོས་མགར་རྣམས་ཀྱིས་ཞལ་གཟིགས། གཉོས་ལ་སྔར་མེད་པའི་ཐུགས་དམ་ཁྱད་པར་ཅན་ཞིག་འཁྲུངས། ཆོས་རྗེ་གཙང་པས་ཆུ་འབབ་གསུམ་གྱི་རྗེ་བཙུན་མ་གསུམ་དུ་ཞལ་གཟིགས། སིན་དྷུ་ར་འབབ་པའི་ཆུ་མིག་བདུན་པོ་ཕག་མོ་མཆེད་བདུན་དུ་ཞལ་གཟིགས། མཚོ་ཡི་དབྱིབས་ཀྱང་རྗེ་བཙུན་སྐུ་རུ་ཡོད། ཕུག་པ་དེ་ཞིང་སྐྱོང་གིས་མཁའ་འགྲོའི་གཟིམས་ཁང་དུ་ཕུལ་བ་ཡིན། དེ་ནས་ལ་ཁ་དེར་ཕེབས་དུས་མགོན་པོ་ཏྲག་གཤེད་ཀྱིས་ལམ་བཀག གཏོར་མ་བཏང་བཀའ་བསྒོ་བྱས་པས། བྲག་འདི་ལ་ཐིམ་པ་ཡིན། འཕྲང་སྐྱོགས་མོའི་སྒོ་སྲུང་དུ་བཞུགས། ལ་ཁ་འདིར་དགའ་ཡེལ་མ་འཐེན་བཀྲ་ཤིས་བརྗོད། དེ་ནས་གཉོས་མགར་གཉིས་པར་པ་ཏ་ཡིད་བཞིན་དུ་བྱོན། སྐྱེས་བུ་ཡེ་རྡོར་དཔོན་སློབ་རྣམས་རྩྭ་རི་ནང་སྐོར་དུ་བྱོན་པ་དང་མཇལ། ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་ཀྱིས་བཞུགས་ཁྲི་འདི་ཕུལ། ཚོགས་གཏོར་བཤམ་དངོས་གྲུབ་རྙེད། སྐྱེས་བུ་ཡེ་རྡོར་གྱིས་གསུངས་པ། འབྲི་གུང་པ་ཡན་ལག་བདུན་པ་ལ་མངའ་བརྙེས་པས་ཡན་ལག་བདུན་པ་གཅིག་མཛོད་དང་གསུངས། གཉོས་ཀྱིས་ཡན་ལག་བདུན་པ་གསེར་ཁང་མ་གསུངས་པས། མགོན་པོ་འཁོར་བཅས་མཉེས་གསུངས། མདུན་གྱི་ནམ་མཁའ་ལ་འབྲི་གུང་ཆོས་རྗེ་༧སྐྱོབ་པ་རིན་པོ་ཆེ་སེང་གེ་ལ་ཆིབས་ནས། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བྱོན། ལུང་པ་ཐམས་ཅད་སྤོས་དྲིས་ཁེངས། བར་སྣང་ཐམས་ཅད་འཇའ་དང་རོལ་མོའི་སྒྲ་དང༌། ལྟས་བཟང་པོ་སྣ་ཚོགས་སུ་བྱུང་བས། ཁོང་རྣམས་ཀྱིས་འཁོར་རྣམས་ལ། ངེད་ཀྱི་མཐོ་ཕྱིར་ཅི་འདུག་གསུངས་པར། སྦྲང་བུ་མང་པོ་འདུག་ལགས་ཞུས་པས། ཁོང་རྣམས་ཀྱིས་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་གཟིགས། རི་འདི་སྟོན་པ་གཙོ་བོར་ཞལ་གཟིགས། གཡས་དེ་ཤ་རིའི་བུ། གཡོན་དེ་མོང་ག་ཡི་བུ། ཆུ་འབབ་གཉིས་སྙན་གྱི་དར་དཔྱང་དུ་གཟིགས། ཁོང་དཔོན་སློབ་རྣམས་ཀྱིས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཚོགས་འཁོར་བཤམ་དངོས་གྲུབ་བརྙེས། གཉོས་འབྲི་གུང་ཐེལ་དུ་བྱོན། འབྲི་གུང་ཆོས་རྗེ་༧སྐྱོབ་པ་དང་མཇལ་བས་བུ་ཁྱེད་ཀྱིས་པར་པ་ཏ་ཡིད་བཞིན་དུ་ཕུལ་པའི་སྤོས་ལྷག་པ་དེ་ཕུལ་དང་གསུངས་མཉེས་པར་འདུག ཡན་ལག་བདུན་པ་ཕུལ་བས་སྤོས་དྲི་དང་འཇའ་དང་རོལ་མོའི་སྒྲ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང༌། གླིང་པ་རྣམས་ཀྱི་དགོངས་པ་ལ། བླ་མ་རིན་པོ་ཆེ་མཁའ་འགྲོས་སྤྱན་དྲངས་པ་ཡིན་ནམ་བསམ། དྲུང་འཁོར་རྣམས་ལ་ཞུས་པས། གཉོས་ཇོ་སྲས་ཀྱིས་རྩེད་མོ་བྱས་པ་ཡིན་གསུངས། ཨའུ་ཙེ་གསུངས་མཉེས་པར་གདའ། མགར་དམ་པ་བྱོན་ནས་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་ཀྱི་དངོས་གྲུབ་ཕུལ་གསུངས། དེ་ནས་སྐྱེས་བུ་ཡེ་རྡོར་པོ་ཏ་ལ་ཁར་ཕེབས། ལུང་པ་ཐམས་ཅད་སྤོས་དང་སྨན་དྲིས་ཁེངས། བར་སྣང་ཐམས་ཅད་འཇའ་དང་འོད་ཀྱིས་ཁེངས། གཡུ་མཚོའི་ལྷ་ཚོགས་མ་ལུས་པ་ཞལ་གཟིགས། ཞབས་ས་ལ་མ་རེག་པའི་ཉམས་ཤར། མཁའ་འགྲོ་མ་ཡིས་གླིང་གི་དངོས་གྲུབ་ཕུལ། ཕྱག་གཡས་ཀྱིས་གླིང་བུ་བཟུང༌། གཡོན་གྱིས་ཆུ་འབེར་བསྣམས་ནས་གར་བྱས་ནས་འདི་སྐད་གསུངས། །

འདི་ཕལ་དང་ཕལ་གྱི་འགྲོ་ས་མིན། །འཇིག་རྟེན་གྱི་བྱ་བ་བཏང་བ་ཡིན། །
འཁོར་འདས་ཀྱི་རུ་ཤན་འབྱེད་པ་ཡིན། སྒོམ་ཆེན་སྲང་ལ་འགྱོག་ས་ཡིན། །
སེམས་རིག་པའི་རྡར་ཤ་གཅོད་ས་ཡིན། །འདི་ཕལ་དང་ཕལ་གྱི་འགྲོ་ས་མིན། །
ཉམས་དྲི་མེད་ཀྱི་འོད་གསལ་སྐྱོང་ས་ཡིན། །རྐྱེན་ཕྱི་ནང་གི་བར་ཆད་འབྱུང་ས་ཡིན། །
མི་སྡུག་གི་ཆོ་འཕྲུལ་སྟོན་ས་ཡིན། །འདི་ཕལ་དང་ཕལ་གྱི་འགྲོ་ས་མིན། །
གནས་མཆོག་དཔལ་གྱི་རྩྭ་རི་འདི། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་མིན། །
དཔའ་བོ་མཁའ་འགྲོ་འདུ་བའི་གནས་མཆོག་ཡིན། །འདི་ཕལ་དང་ཕལ་གྱི་མཆེད་གྲོཊ་མིན། །
གྲོང་ཁོད་ཚོང་ཁང་འགྲིམས་པའི་མཆེད་གྲོཊ་མིན། །དངོས་གྲུབ་ལྷན་ཅིག་བླངས་པའི་མཆེད་གྲོཊ་ཡིན། །
འདི་ཕལ་དང་ཕལ་གྱི་འཁར་བ་མིན། །སྒོ་རྒྱབ་ཁྱི་རྒན་བརྡུང་བའི་འཁར་བ་མིན། །
ངན་སོང་བཀག་པའི་འཁར་བ་ཡིན། །མཐོ་རིས་ཐར་ལམ་འདྲེན་པའི་རྟ་ཕོ་ཡིན། །
འདི་ཕལ་དང་ཕལ་གྱི་ཁ་ཟས་མིན། །གླིང་ཆེན་ཟས་ཀྱི་དངོས་གྲུབ་ཡིན། །
བྲའུ་བརྡུང་བའི་ཁ་ཟས་མིན། །རྣལ་འབྱོར་དངོས་གྲུབ་ལེན་པའི་ཁ་ཟས་ཡིན། །
སེམས་སྣང་བ་རང་གྲོལ་གྱི་གླུ་ལགས་སོ། །

རྟ་རྒྱུགས་མཛད་དོ། །གཉོས་ཆེན་པོ་འདིར་བྱོན་དུས། ཞིང་སྐྱོང་མཁའ་འགྲོ་དང་མཇལ་ཆོས་གསུངས། དམ་ལ་བཏགས་པ་ཡིན། དེ་ནས་སྐྱེས་བུ་ཕར་བྱོན། རི་དེ་ལ་བྱམས་པའི་སྐུར་གཟིགས། མ་འོངས་པའི་དུས་སུ་མགོན་པོ་བྱམས་པ་འབྱོན་པའི་གནས་ཡིན་གསུངས། མཎྜལ་འབུལ་བ་དེ་བཞིན་ཡིན། ཐང་འདི་རུ་ཞིང་སྐྱོང་གི་མཁའ་མགྲོ་མ་དང་མཇལ། གཉོས་མགར་བྱོན་དུས་ཞིང་སྐྱོང་གི་མཁའ་འགྲོ་དང་མཇལ། འོག་མའི་མཚོ་དེ་ནས་མགར་དམ་པ་ལ་སྲིན་པོ་ཕོ་མོ་གཉིས་ཀྱིས་ཐེ་ཚོམ་དུ་བྱུང་བས། གཏོར་མ་བཏང་བཀའ་བསྒོ་བྱས་པས་མཚོ་དེརཐིམ་སོང༌། གཉོས་ཆེན་པོ་བྱོན་དུས་ཡང་ལྕགས་ཀྱི་ཕག་རྒོད་གཉིས་འཐབ་འདུག ཐུགས་དམ་ལ་བཞུགས་བྲག་དེ་ལ་ཐིམ་སོང༌། དེ་ནས་མར་བྱོན་ཙ་ན་མཁའ་འགྲོ་མ་རྣམས་ཀྱིས་ཆོས་ཁྲི་ཤེལ་འདི་ཕུལ། འདི་ཡི་སྟེང་ནས་མི་མ་ཡིན་རྣམས་ལ་རྒྱུ་འབྲས་ཀྱི་ཆོས་གསུངས༌། མ་འོངས་པའི་དུས་ན་འདི་ཡི་སྟེང་ནས་བྱམས་པ་མགོན་པོས་ཆོས་གསུང་པ་ཡིན། བཞུགས་ཁྲི་འདི་ཡི་སྟེང་ན་གཉོས་ཀྱི་ཞབས་རྗེས་ཡོད། མ་རྩེག་པའི་ཁྲི་གཅིག་འདི་ཡིན། རྗེ་ལ་ཝ་པ་མཁའ་སྤྱོད་ལ་གཤེགས་ནས་ཉེ་གནས་འབུ་སུ་ཀུ་འདིར་བྱོན་པའི་དུས། སྟག་མ་སྤུན་བདུན་སྤུ་སིག་བྱེད་ཀྱིན་བྱུང་པས། ཉེ་གནས་ཀྱི་དགོངས་པ་ལ་བླ་མ་རིན་པོ་ཆེ་ནི་མཁའ་སྤྱོད་ལ་གཤེགས། ང་ཡང་སྟག་མ་བུ་འདི་རྣམས་ཀྱིས་ཟོས་ནས་ཚེའི་དུས་བྱེད་པར་འདུག་བསམ། འཇིགས་སྐྲག་ཆེན་པོ་བྱུང་བ་ལ། ཁྱི་བདག་པོ་ལ་འདྲིས་པ་བཞིན་སྟག་གིས་འཛུམ་བསྟན་པར་གདའ། ཕྱིས་གཉོས་དཔོན་སློབ་བདུན་བྱོན་པའི་དུས་སུ་ཤིང་གི་ལྷ་མོ་དར་ཐོད་ཅན་བདུན་གྱིས་བསུ་བ་བྱས། གནས་འདི་ཉིད་ལ། གནམ་གྲུ་གསུམ། ས་གྲུ་གསུམ། ཤིང་གྲུ་གསུམ། ཆུ་གྲུ་གསུམ་དུ་གཟིགས། ཚོགས་གཏོར་བཤམ། ལྷག་གཏོར་གཏོང་ཕྱིན་པས་སྐུ་གཉེར་བཙུན་ཆུང་དེ་ནམ་མཁའ་ལ་དངོས་སུ་ཁྱེར་ཏེ། བླ་མ་རིན་པོ་ཆེ་ཐུགས་རྗེས་བཟུང་ཟེར། སྐད་ངན་རྩི་རེར་སོང༌། ནངས་པར་ཐང་དེ་ལ་སྣ་ཁྲག་ཕུ་ལེར་ཤི་འདུག ཕྱིས་འབྲི་གུང་ཆོས་རྗེ་དང་མཇལ་དུས་ཞུས་པས། ད་ནི་ཁྱེད་དེ་ཙམ་དྲན་དགོས་པ་ཡིན་གསུངས། སྔོན་གྱི་དུས་མཁའ་སྤྱོད་ལ་གཤེགས། ཁྱེད་རང་ལོ་དུས་དེར། སྟག་མ་སྤུན་བདུན་པོ་དེ་ལས་ཀྱི་མཁའ་འགྲོ་མཆེད་བདུན་ཡིན། དུས་རྒྱུན་དུ་དེ་ན་གནས་པ་ཡིན། སྐྱེས་བུ་རབ་ཀྱིས་ཞག་གསུམ། འབྲིང་ལྔ། མཐའ་མ་བདུན་ལ་དངོས་གྲུབ་ལོང༌། བདུན་ཕྱིན་ལ་སྡོད་མི་ཐུབ། གནས་སྟག་ཚང་རོང་ཟེར་བ་དེ་ལྟར་ཡིན། འབྲི་གུང་ཆོས་རྗེས་གསུངས་པ་ལ་མ་ཉན་པར་ཚལ་པར་གྱིས། སྒོམ་ཆེན་གསུམ་གྱིས་ལོ་བཞུགས་བྱས་པས། གཅིག་གིས་གཅིག་ཤ་ཟ་བར་ཤོག་ཟེར། ཐབ་ལ་ཤ་ཚོད་ལུགས་ཕྱར་བའི་ཡོལ་བའི་༼སྐྱོག་༽ན་གྲོགས་པོའི་མགོ་ལུས་འདུག་པ་དང༌། ང་ལ་གྲི་མེད་པས་ལེན་དུ་འགྲོ་ཟེར་བྲོས་སོང་ངོ༌། །ཟམ་པ་ཆུ་ལ་བསྟར་བས་འདེད་མཁན་ཁོ་ཡང་ཆུས་ཁྱེར་སོང༌། ཁོ་རང་ཡང་ཡུལ་སྟོད་སླེབས་པ་དང་ཤི་བ་འདུག སྐྱེས་བུ་དང་མགར་དམ་པ་ཆོས་རྗེ་གཙང་པ་རྣམས་ཀྱིས་ལས་ཀྱི་མཁའ་འགྲོའི་ཕོ་བྲང་དུ་ཞལ་གཟིགས། ཚོགས་གཏོར་བཤམ་པའི་དངོས་གྲུབ་རྙེད་དོ། །ཡང་མགར་དམ་པ་ཆོས་ལྡིང་པ་གཉིས་ལ་མགོན་པོ་སྟག་ལ་བཞོན་ནས་ཤ་ངུས་ལ་ལ་སྐྱེལ་བྱུང་གསུངས། གྲོགས་པོ་ལ་ལས་ནི་མགར་ལ་ཁོང་དང་མཉམ་ཟེར་བ་ལ། དེ་མཐོང་བ་དང་དག་སྣང་སྐྱེས་པར་གདའ། ཁ་དེར་སྒོ་འབྱེད་མ་འཐེན། དེར་བྱོན་དུས་གཉོས་ཀྱིས་སློབ་མ་ཤྭ་ཕོ་ཁ་བྱ་བ་ངུས་པའི་ཤ་ངུས་ལ་མིང་བཏགས། དེར་མགོན་པོ་སྟག་བཞོན་ཅན་སྐྱེས་བུ་དང་མཉོས་མགར་རྣམས་ཀྱིས་ཞལ་གཟིགས། ཚོགས་གཏོར་བཤམ་བཀའ་བསྒོ་བྱས་པའི་ཕ་རིའི་རི་དེ་ལ་ཐིམ་སོང༌། དེ་ནས་དོམ་ཚང་རོང་དུ་བྱོན། གཉོས་ཀྱིས་མ་ཕུག་པའི་ཕུག་གཅིག་འདི་ཡིན། བཞུགས་ཁྲི་འདི་ཡིས་སྟེང་ནས་སྒྱུ་ལུས་ཀྱི་ཁྲིད་རྣམས་གསུངས་པ་ཡིན། དེ་ཡི་དུས་སུ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག ཆོས་ཀྱི་སྐུ་མངོན་དུ་མཛད། སོ་ཕག་གི་མཆོད་རྟེན་རང་བྱོན་ཕག་ཞལ་དངོས་སུ་གཟིགས། མཆོད་རྟེན་ལ་མགོན་པོ་ཁྱི་ཐོད་ཀྱིས་ཤིང་གི་ན་བཟའ་གསོལ་ནས་སྦས་པ་ཡིན། དེ་ནས་སྐྱེས་བུ་དཔོན་སློབ་ལུང་སྟོང་དུ་ཕེབས། འཕྲང་དེ་ལ་འཕར་བ་བདུན་གཅིག་གིས་མཇུག་མར་གཅིག་གིས་འཇུས་ནས་ལ་དེ་ལ་སོང༌། ལ་དེར་སླེབས་ཙ་ན་འཕར་བ་བདུན་འཇའ་དམར་པོ་གཅིག་ཏུ་ཡལ་ནས་སོང༌། ཕ་རི་ཡི་མཚོ་དེ་ལ་ཐིམ་པས་ཕག་མོ་ལྷ་བདུན་ཡིན་པར་མཁྱེན། ད་ལྟ་ཡང་ལག་མཆོད་བྱེད་པ་དེ་བཞིན་ཡིན། སྐྱེས་བུ་ཡིས་འཕྲང་དེ་ལ་ཤིང་ལ་ཐག་པ་བཏགས་ནས་བྱོན་པ་ཡིན། ལུང་པ་དེ་འཇའ་འོད་ཀྱིས་ཁེངས་སོང་འཇའ་ཚང་རོང་ཟེར། སྐྱེས་བུ་དཔོན་སློབ་ཀྱིས་རིབ་ལ་ལ་ཁར་བྱོན་དུས། ཐུགས་དགྱེས་ནས་དགའ་ཡེ་མ་འཐེན་བཀྲིས་བརྗོད། དགའ་ཡོ་ལོ་རྡོ་རྗེ་སྤུན་ཚོགས་ཕོ་བྲང་གཡུ་མཚོ་འཁོར་བ་འདི་དགའོ། །མཆོག་ཐུན་མོང་དངོས་གྲུབ་ཐོབ་པ་འདི་དགའོ། །མཚན་ལྡན་མཁའ་འགྲོ་མའི་གསུང་བཞིན་འགྲུབ་པ་དགའོ། །རྡོ་རྗེ་སྤུན་ཚོགས་ཅི་བསམ་འགྲུབ་པ་འདི་དགའོ། །མི་འགྱུར་ལྷུན་རྫོགས་བཀྲ་ཤིས་བརྗོད། གཉོས་ཀྱིས་འབར་བ་རྒྱལ་མཚན་ཆེན་པོ་རྫོགས་སོ། །
དེ་ལྟར་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། །རྣམ་དག་ཐར་པ་ཆེན་པོའི་གྲོང་མཆོག །
གསང་སྔགས་བླ་ན་མེད་པའི་ཕོ་བྲང༌། །ལྷ་མི་འགྲོ་བ་ཀུན་གྱི་མཆོད་རྟེན། །
ངོ་མཚར་རྨད་དུ་བྱུང་བའི་དག་ཞིང༌། །གསོལ་བཏབས་དགོས་འདོད་འབྱུང་བའི་ནོར་བུ། །
འོག་མིན་མཁའ་སྤྱོད་དག་པའི་ཞིང་ཁམས། །ས་གསུམ་འགྲན་ཟླ་ཐམས་ཅད་དང་བྲལ་བར། །
ལྷོ་གནས་མཆོག་དཔལ་གྱི་རྩྭ་རི་ཏྲ་ཞེས་མཚན་ཡོངས་སུ་གྲགས་པ། སྔོན་ཚེ་རྒྱལ་བ་རྣམས་ཀྱིས་ལུང་བསྟན་པ། རིམ་པས་གྲུབ་ཐོབ་རྣམས་ཀྱིས་ངོས་བཟུང་བར། འདི་ཉིད་ཀྱི་ལོ་རྒྱུས་དཀར་ཆག་དང་གནས་ཡིག་རྒྱས་འབྲིང་བསྡུས་གསུམ་མང་དུ་ཡོད་པ་གྲགས་ན་ཡང༌། འདི་ཉིད་གཉོས་ཆེན་པོའི་མཛད་པ་རེ་ཞིག་རྫོགས་སོ། །
འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་རྣམས། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པར་དང༌། །

མཐར་ཐུག་བདེ་ཆེན་དག་པའི་ཞིང་ཁམས་སུ། །པདྨ་མཆོག་ལ་བརྫུས་ཏེ་སྐྱེ་བར་ཤོག །
གསོལ་འདེབས་ནི།
མཁའ་སྤྱོད་གནས་མཆོག་དཔའ་བོ་མཁའ་འགྲོ་ཀོ་ཊ་ནས། །བླ་མ་ཡི་དམ་མཁའ་འགྲོར་གསོལ་བ་འདེབས། །
ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་འབྱུང་ཞིང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

བཀྲ་ཤིས་ཤོག །དགེའོ། །དགེའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*