མཚོ་དཀར་གྱི་གནས་ཡིག་མདོར་བསྡུས་ནི། །
བི་མའི་ལམ་ཡིག་ནས་གསུངས་པ་རི་བོ་ཆེན་པོ་ཨ་བ་དྷུ་ཏཱི་ལ། རྣམ་པར་སྣང་མཛད་ཡབ་ཡུམ་བཞིས་བསྐོར་བ་ཡང་བཤད་འདུག ལམ་ཡིག་ལ་ལ་ནས་མཆོད་རྟེན་གྱི་ཚུལ་དུ་ཡོད་པ་ཡང་བཤད་འདུག ལ་ལ་ནས་བཅོམ་ལྡན་འདས་ལ་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བ་བཤད། ལ་ལ་ནས་བདེ་མཆོག་འཁོར་ལོ་ཡབ་ཡུམ་སྦྱོར་མཚམས་ནས། བྱང་སེམས་ཀྱི་ཆུ་རྒྱུན་འབབ་པ་ཡང་བཤད། གསང་བ་ལྟར་ན་གཏུམ་མོ་མེ་ཤེལ་འདྲ་ཡང་བཤད། ལམ་ཡིག་དུ་མ་ནས་མི་འདྲ་བ་མང་དུ་བཤད་འདུག་སྟེ། ཁྱད་པར་དུ་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་ཀརྨ་པ་རོལ་པའི་རྡོ་རྗེས་གསུངས་པ་བཞིན། འདི་ལྟ་སྟེ་རི་བོ་ཆེན་པོ་ཨ་བ་དྷུ་ཏི། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བཞུགས་པའི་གཙོ་བོ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཕྱོགས་ཐམས་ཅད་དུ་གསང་སྔགས་ཞི་ཁྲོའི་ལྷ་ཚོགས་ཀྱི་ཕོ་བྲང་གླིང་བརྒྱད་ཀྱིས་བསྐོར་བ། དབང་གི་ཆུ་བོ་ཆེན་པོ་བཞི་འབབ་པ་ནི། ཤར་ཕྱོགས་བུམ་དབང་གི་ཆུ་བོ་ཆེན་པོ་ནི་ཀོང་པོ་ནད་པ་གླང་གོང་དུ་འབབ། དེ་ལ་འཐུང་ཞིང་འཁྲུས་བྱས་ན་ལུས་ལ་བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག དགའ་བ་བཞི་ལས་དགའ་བའི་ཡེ་ཤེས་གཏུད་མར་སྐྱེ། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་འབྲས་བུ་སྤྲུལ་པའི་སྐུ་འགྲུབ། ལྷོ་ཕྱོགས་གསང་དབང་གི་ཆུ་ནི་ཀློ་ཡི་ཡུལ་དུ་འབབ། དེ་འཐུང་ཞིང་འཁྲུས་བྱས་ན་ངག་ལ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག དགའ་བ་བཞི་ལས་མཆོག་ཏུ་དགའ་བའི་ཡེ་ཤེས་གཏུད་མར་སྐྱེ། རྩ་རླུང་ཐིག་ལེ་རྫོགས་པའི་རིམ་པ་སྒྱུ་ལུས་གསལ་སྟོང་གཉིས་མེད་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ། ནུབ་ཕྱོགས་ཤེས་རབ་ཡེ་ཤེས་ཀྱི་ཆུ་ནི་ཀློ་བོ་མི་ཁྱིམ་བདུན་པའི་ཡུལ་ན་འབབ། དེ་ལ་འཐུང་ཞིང་འཁྲུས་བྱས་ན། སེམས་ལ་ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག དགའ་བ་བཞི་ལས་འབྲས་བུ་ཡེ་ཤེས་རྒྱུད་ལ་སྐྱེ། ལམ་དགའ་བཞི་ཡེ་ཤེས་རྒྱུད་ལ་སྐྱེ། བདེ་སྟོང་དབྱེར་མེད་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་ཐོབ། བྱང་ཕྱོགས་དབང་བཞིའི་ཆུ་བོ་ནི། རིན་ཕུག་ཏུ་འབབ་དེ་འཐུང་ཞིང་འཁྲུས་བྱས་ན། དབང་བཞི་པ་ཚེ་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག དགའ་བཞི་ལྷན་ཅིག་སྐྱེ། ལམ་རིག་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ། དེ་རྣམས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཡིན། འཐུང་ཞིང་འཁྲུས་བྱས་ན་དབང་བཞི་ཡོངས་སུ་རྫོགས་པ་ཐོབ། ཕོ་བྲང་གླིང་བརྒྱད་ཀྱི་ཚུལ་དུ་བསྐོར་བ་ནི། ཤར་ཕྱོགས་ན་བ་ཡོ་རྣལ་འབྱོར་མའི་ཞིང་ཁམས། ཤར་ལྷོ་བདེ་ཆེན་སྨན་མོ་སྐྱེ་བའི་ཞིང་ཁམས། ལྷོ་ནུབ་རྟ་མགྲིན་གྱི་ཞིང་ཁམས། ནུབ་ཕྱོགས་རིག་འཛིན་གྱི་ཞིང་ཁམས། ནུབ་བྱང་ཀློ་རོང་ཞེས་པ་མཁའ་འགྲོ་མའི་ཞིང་ཁམས། བྱང་ན་རིག་ཕུག་ཅེས་པ་སྨན་ལྷའི་ཕོ་བྲང༌། བྱང་ཤར་ན་བྱིན་ལེགས་ཞེས་པ་ཡོངས་རྫོགས་ཀྱི་ཞིང་ཁམས་ཡིན། དེ་ལྟར་ཕོ་བྲང་གླིང་བརྒྱད་ཀྱི་ཚུལ་དུ་ཡོད་གསུངས་སོ། །
གནས་བསྟོད་ནི།
དབུས་ན་གངས་རི་ཆོས་སྐུའི་རྟེན་གྱི་དབྱིབས། །ལྷུན་སྟུགས་ཕོ་བྲང་སྤང་མཐོ་ཤེལ་དཀར་འོད།།
མཐོང་བའི་མོད་ལ་ལུས་ཀྱི་བ་སྤུ་ལྡང༌། །བདེ་གསལ་ཉམས་དང་གཉུག་མའི་གནས་ལུགས་འཆར།།
ཐེག་པ་གསུམ་གྱི་ལྷ་ཚོགས་གྲངས་མེད་པ། །རང་བྱུང་སྐུ་ཡི་རྣམ་པར་རྟག་ཏུ་བཞུགས། །
ཕྱོགས་བཞིར་དངོས་གྲུབ་ཆུ་བོར་རྒྱུན་རབ་འབབ། །འགྲོ་ཀུན་སྣ་ཚོགས་མཚོ་ཡིས་མཛེས་པ་སྟེ། །
དེ་དག་དབྱིབས་དང་ཁ་དོག་ཐ་དད་པ། །མཆོད་ཡོན་སྣ་ཚོགས་ཀུན་ནས་བཤམ་པའི་ཚུལ། །
ཡེ་ཤེས་ལྷ་ཀུན་དེ་ལ་གཉིས་མེད་གསུངས༌། རྒྱལ་པོའི་ལམ་ཡིག་ནས་ཀྱང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་སུ་འདུ་ཞིང་བྱིན་གྱིས་བརླབས་པའི་གནས། མཁའ་སྤྱོད་མི་ཡུལ་ན་གནས་པའོ། །ཞེས་གསུངས་པ་དང༌། ཨོ་རྒྱན་ལམ་ཡིག་ནས་ནུབ་ཕྱོགས་ཨོ་རྒྱན་ཡུལ་ན་ཡོན་ཏན་ཅི་མངའ་ཐམས་ཅད་འདི་ན་མངའོ། །ཞེས་གསུངས། མཁས་པ་བི་མ་ལ་ཡིས་ཞལ་ནས་ཀྱང༌། དབུས་ཀྱི་ཨ་བ་དྷུ་ཏི་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཡི་མཚན་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་དོ། །ཞེས་གསུངས། ཀརྨ་པ་དགོངས་པ་ལུང་བསྟན་ལས། དད་པ་མོས་གུས་དམ་ཚིག་ལྡན་པས་རྩྭ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་སུ་བལྟས་ན། མོས་གུས་བྱས་པ་ཙམ་གྱིས་མཆོག་ཐུན་མོང་གི་དངོས་གྲུབ་རྡོ་རྗེ་ལྟ་བུར་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཞལ་ནས། འགྲོ་བའི་སྒྲུབ་པ་པོ་རྣམས་ཀྱིས་ཇི་ལྟར་མཐོང་བ་དང་ཐོས་པ་ཐམས་ཅད་དག་པའི་སྣང་བ་སྒོམ་ཞིང༌། ཇི་ལྟར་སྣང་ཚུལ་བརྗོད་པར་བྱའོ། །
དཔལ་ལྡན་དབེན་གནས་ཐམས་ཅད་དུ། །སྒྲོལ་ཚེ་རྒྱལ་བས་གསུངས་པ་ཡིན། །
ཆོས་ཀྱི་གོ་ཆ་འདི་ལྟར་བསམ། །བདག་ནི་བདེན་པར་བསྒྲོད་པ་ལ། །
ཁེ་དང་གྲགས་པ་བཟའ་བཏུང་དང༌། །འཇིག་རྟེན་ལོངས་སྤྱོད་འདོད་པ་མིན། །
གཅིག་ཏུ་ཞི་བའི་བསྟན་འཛིན་དོན། །བསྒྲུབ་པའི་ཕྱིར་ནི་རབ་འོང་སྟེ། །
འཇིག་རྟེན་འདོད་པ་རྒྱང་སྲིང་ལ། །བཟོད་དང་བརྩོན་འགྲུས་རབ་ལྡན་པས། །
གནས་འདིར་སྒྲོལ་བ་བྱ་བའོ། །ཐོག་མར་འདུན་པ་བསྐྱེད་པར་བྱ། །
དེ་ནས་རི་བྲག་ངལ་དུབ་དང༌། །ཆུ་ཆེན་བགྲོད་དཀའ་ཐོན་པའི་ཚེ། །
སྡུག་བསྔལ་ཡིད་ལ་མི་བྱེད་པ། །སྐྱེ་བོ་རྣམས་ནི་ནོར་འདོད་ཕྱིར། །
དོན་མེད་སྡུག་བསྔལ་བརྒྱ་ཕྲག་སྤྱོད། །བདག་ནི་བསོད་ནམས་དོན་གཉིས་ཕྱིར། །
འབད་པའི་སྒྲིབ་པ་དག་གྱུར་ཅིག །ཀུན་ཏུ་དགའ་བ་སྐྱེད་པར་བྱེད། །
སྒྲུབ་པའི་གྲོགས་མཆོག་དམ་པ་བྱ། །སྐྱེ་མ་འདི་དག་བསོད་ནམས་གཉེར། །
རྒྱལ་བའི་རྗེས་སུ་འཇུག་པ་ལ། །བདག་ནི་གུས་པར་བྱ་བའོ། །
ཀུན་ཏུ་དགའ་བ་བསྐྱེད་པར་བྱ། །སྣ་ཚོགས་མི་དང་དུད་འགྲོ་དང༌། །
གཅན་གཟན་རི་དྭགས་བྱ་ལ་སོགས། །མཁའ་འགྲོའི་རྣམ་སྤྲུལ་དག་པ་ཡིས། །
ཇི་ལྟར་སྟོན་པ་མི་ཤེས་ཕྱིར། །སྡིག་པ་མི་བྱ་དག་སྣང་སྐྱེས། །
ཆུ་བོ་ལམ་འཕྲང་འཇིགས་པ་དང༌། །ཆུ་རླུང་སྨུག་པས་གནོད་བྱེད་ན། །
གཏོར་མ་སྦྱིན་ཞིང་བདེན་པ་བརྡར། །སྣ་ཚོགས་དུར་ཁྲོད་ལྷ་ཡི་གཟུགས། །
གཤེགས་པ་སྤོ་སོགས་མི་བྱ་ཞིང༌། །བྱས་ན་དུས་མིན་འཆི་བར་འབྱུང༌། །
བྱ་བ་གང་བསྒྲུབ་ཐམས་ཅད་ལ། །གཏོར་མ་སྦྱིན་ལ་བཀའ་བསྒོ་བྱ། །
བཟའ་བཏུང་ལོངས་སྤྱོད་ལེན་པ་རྣཾཾས། །ཆུད་མི་ཟ་ཞིང་ཚུལ་མཐུན་སྤྱོད། །
སེམས་ལ་ཉོན་མོངས་བསྐྱེད་འགྱུར་ན། །བདག་ནི་དབེན་པར་བསྟེན་པ་ཡིན། །
དོན་ལ་སེམས་ནས་འགལ་འགྱུར་ན། །རང་གིས་སེམས་ལ་མཚར་གཅོད་བསྒོམ། །
གཞན་གྱིས་སྐྱོན་ཡོན་མི་བལྟ་བར། །རང་གིས་སྐྱོན་ཡོན་བརྟག་བྱེད་དོ། །
སྐྱོན་སྤང་ཡོན་ཏན་བརྟག་བྱེད་པོ། ཞེས་པ་ལ་སོགས་རང་བྱུང་རྡོ་རྗེས་གསུངས། །
རྟོགས་ལྡན་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང༌། གནས་སྐོར་བ་ལ་མན་ངག་འདི་ལྟ་བུ་དགོས། ཕྱག་ཆེན་དེ་ཡང་རྒྱུད་ཆོས་དང་མཐུན་བཞིན། ལམ་ཡིག་དང་གཟིགས་སྣང་ཐམས་ཅད་མ་ནོར་བ་སྟོན་ཤེས་པ་ཞིག་དགོས། གནས་སྐོར་བ་རྣམས་ཀྱང་དད་གུས་རྩེ་གཅིག་གིས་སྒོ་ནས་བསྐོར་ཞིང༌། ཁྱད་པར་མཐོང་མེད་ལུག་ལྟར་འཁྱམ་གྱུར་ན། གནས་ཀྱིས་མིང་ངེས་པར་བྱ་བ་ཡིན། དོན་མེད་རི་ལ་བསྐོར་བ་མ་བྱེད་ཨང༌། བསྐོར་ན་མཁས་པ་དག་ལ་འགྲོགས་ནས་སོང་གསུངས། གནས་ཀྱི་ས་མཚམས་རྒྱུད་ཤེས་མཁན་དང་འགྲོགས། གནས་ཀྱི་རྒྱུད་བཤད་ཡིད་ལ་ངེས་པར་སྐོར། བླ་མའི་བྱིན་རླབས་འཇུག་པ་མོས་གུས་གསོལ་འདེབས་དང་བཅས་སྐོར། མཁའ་འགྲོའི་དངོས་གྲུབ་འབྱུང་བྱེད་དགའ་སྟོན་ཚོགས་འཁོར་དང་བཅས་སྐོར། སྲུང་མའི་བཀའ་རྒྱ་བཀྲོལ་བར་དམ་རྫས་གཏོར་མ་དང་བཅས་སྐོར། སྒྲིབ་སྦྱོང་ཚོགས་སུ་འགྲོ་བ་དཀའ་སྤྱད་གདུང་ཤུགས་དང་བཅས་ཏེ་སྐོར། ལས་བཞི་འགྲུབ་པར་བྱེད་ན་བསྐྱེད་རིམ་བཟླས་པ་དང་བཅས་སྐོར། ཕྱག་འགྲུབ་པར་བྱེད་པ་མི་རྟོག་ཏིང་འཛིན་དང་བཅས་སྐོར། འཕོ་མེད་ཐོབ་པར་བྱེད་པ་གསང་ཆེན་རིག་འཛིན་དང་བཅས་ཏེ་སྐོར། བསྟན་པ་སྤྱི་དང་མཐུན་པ་ཚུལ་ཁྲིམས་སོ་ཐར་དང་བཅས་ཏེ་སྐོར། ཐེག་ཆེན་མདོ་དང་མཐུན་པར་ཕན་སེམས་ཤེས་རབ་དང་བཅས་སྐོར། ཁྱད་པར་གསང་སྔགས་དང་མཐུན་པར་འདུ་ཤེས་རྣམ་གསུམ་དང་བཅས་ཏེ་སྐོར། བླ་མེད་དོན་མཐུན་པ་མཆོག་གིས་ཉམས་མྱོང་དང་བཅས་སྐོར། ལུས་སྒྲིབ་དག་པར་བྱེད་པ་ཕྱག་འཚལ་མཆོད་འབུལ་དང་བཅས་ཏེ་སྐོར། སྡིག་སྒྲིབ་དག་པར་བྱེད་པ་ཁ་འདོན་བསྟོད་དབྱངས་བཅས་ཏེ་སྐོར། ཡིད་སྒྲིབ་དག་པར་བྱེད་པ་སྨྲ་བཅད་བསམ་གཏན་དང་བཅས་ཏེ་སྐོར། སྐོར་ཚད་ཆོས་སུ་འགྲོ་བའི་དམ་ཚིག་སྡོམ་པ་དང་བཅས་ཏེ་སྐོར། ཆོས་མིན་སྤྱོད་པ་སྤངས་ཏེ་བག་ཡོད་དྲན་ཤེས་དང་བཅས་ཏེ་སྐོར། ཞེས་བྱ་བ་འདི་དག་ནི་ཐབས་བསྟན་པ་སྟེ། རྣམ་པ་ཐམས་ཅད་ཀྱིས་ཡིད་ལ་བཟུང་ཞིང་ལག་ལེན་ལ་འབད་པར་བྱའོ། །བསྟན་པའི་དགོས་པ་ནི་འདི་ལྟ་བུར་གསུངས་ཏེ། སྐུ་བཞི་མངོན་དུ་བྱེད་པ། བརྟུལ་བཞུགས་གདེང་དང་ལྡན་པ། ཉམས་མྱོང་བོགས་ཆེན་ཐོན་ནས་ཌཱ་ཀིའི་དངོས་གྲུབ་འབབ་པ། གསང་སྔགས་དཀྱིལ་འཁོར་མཐོང་བ། ཕྱི་ནང་དབྱེར་མེད་གོ་བ། རང་ལུས་ལྷ་སྐུར་ཤེས་པ། ཚོགས་གཉིས་ལོ་ཏོག་སྨིན་པ། ནད་གདོན་སྡིག་སྒྲིབ་ཞི་བ། ཐར་པའི་ས་བོན་འདེབས་པ་སོགས་སོ། །ཞེས་པ་འདི་དག་ནི་འདི་དང་ཕྱི་མའི་འཕྲལ་དང་ཡུན་གྱི་ཕན་བདེའི་དག་པ་འབྱུང་བའི་གདོན་མི་ཟའོ། །དེ་ལྟར་རང་གཞན་ལྷུན་གྱིས་གྲུབ་པའི་གནས་རྡོ་རྗེའི་དཀྱིལ་འཁོར་བླ་ན་མེད་པ་མཐོང་ནས་ཀུན་ཏུ་དགའ་བ་རྟག་ཏུ་བརྟན་པ། ལོ་ལྟར་བསྡད་ཀྱང་སྐྱོ་བ་མེད་པ། ལེན་བརྒྱར་བསྐོར་ཀྱང་ཆོག་འཛིན་མེད་པ་སྟེ་རྣམ་པ་ཀུན་ཏུ་གནད་དོན་རྒྱུན་དུ་ཡིད་ལ་བྱེད་པ་འཇིག་རྟེན་པའི་ཚུལ་གྱིས་སྒྲུབ་པར་བྱའོ།། སརྦ་མངྒ་ལཾཾ། །བཀྲ་ཤིས། །
གནས་དག་པ་ཤེལ་རི་དཔལ་གྱི་རྩྭ་རི་ཏྲ། །བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །
མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །
རྐྱེན་ངན་བར་ཆད་ཞི་བར་མཛད་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །
ལེགས་པར་བཤུས་པའི་རྣམ་དཀར་དགེ་བའི་མཐུས། །མ་གྱུར་མཁའ་མཉམ་མ་རྒན་སེམས་ཅན་རྣམས། །
གནས་སྐབས་ཚེ་འདིར་བར་ཆད་ཀུན་ཞི་ནས། །མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ། །
Leave a Reply