མ་ཎི་ཀ་རའི་ལོ་རྒྱུས།

མ་ཎི་ཀ་ར།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ཎི་ཀ་ར་གནས་མཆོག་འདི་ནི་སྔོན་རྒྱ་གར་དུ་ལྷ་དབང་ཕྱུག་དང་བཙུན་མོ་ལྷ་མོ་ཨུ་མ་ཆེས་ཐོག་མར་གཉེན་སྒྲིག་བྱེད་འདོད་ཀྱང་ནང་མི་དང་གཉེན་ཉེ་འབྲེལ་ཡོད་བཅས་ཀྱིས་མོས་མཐུན་མ་གནང་ནས་ལྷ་དབང་ཕྱུག་དང་ལྷ་མོ་ཨུ་མ་གཉིས་གསང་བྲོས་ཐོག་མ་ཎི་ཀ་ར་ཞེས་པའི་ས་ཆ་འདི་ལ་ལོ་བརྒྱ་ཙམ་བཞུགས་ནས་འཇིག་རྟེན་པའི་འཚོ་བ་རོལ། ཐོག་མ་མ་ཎི་ཀ་རར་སླེབས་པའི་སྐབས་སུ་ལྷ་མོ་ཨུ་མའི་རྣ་རྒྱན་ས་ལ་ཟག་ནས་རང་བཞིན་གྱི་སའི་ནང་དུ་འཐིམ་པས་ལྷ་མོ་ཨུ་མས་ས་བདག་ལ་ཁྱེད་ཀྱིས་ངའི་རྣ་རྒྱན་ཡར་སྤྲོད་ཤོག་བཅས་བཤད་པས་ས་བདག་གིས་ང་ནི་ས་འོག་ཏུ་གནས་པའི་སེམས་ཅན་ཞིག་ཡིན་པའི་ཇི་ལྟར་ས་སྟེང་ཡོང་དགོས་སམ་ཁྱེད་རང་མར་ཡོང་ནས་རྣ་རྒྱན་བསྣམས་པ་དགོས་པ་བཤད། ལྷ་མོ་ཨུ་མས་ཡང་ང་ཡང་ས་སྟེང་དུ་གནས་པའི་སེམས་ཅན་ཡིན་པའི་ཇི་ལྟར་ས་འོག་ཏུ་ཡོང་དགོས་སམ་བཅས་བཤད། ས་བདག་གིས་འོ་ན་ཁོ་བོས་ཆུ་ཚ་བོ་ཞིག་ས་སྟེང་གཏོང་ཡོང་བས་ཆུ་ཚ་དང་མཉམ་དུ་ལྷ་མོ་ཨུ་མ་ཁྱེད་ཀྱི་རྣ་རྒྱན་ཡོད་པས་དེ་ལུགས་སུ་ཡར་བཞེས་རོགས་གནང་བཅས་ཞུ་པ་ལྟར་ལྷ་མོ་ཨུ་མའི་རྣ་རྒྱན་ལག་པར་རག་པ་རེད། མ་ཎི་ནི་ནོར་བུ། ཀ་ར་ནི་རྣ་ཅོག་གམ་ཨ་འབྱོག་ཟེར་ལགས། དེའི་ཕྱིར་ས་ཆ་དེ་ལ་ལྷ་མོ་ཨུ་མའི་རྣ་རྒྱན་ནམ་མ་ཎི་ཀ་ར་ཞེས་མིང་འདི་ཐོག་པ་རེད་འདུག་ལགས། ཆུ་ཚ་འདི་ནི་གྲང་ནད། གྲུམ་ནད། པགས་ནད། རྐང་ལག་གི་ལྷུ་ཚིགས་ཀྱི་ནད་གཞི་སོགས་ལ་ཕན་ཡོན་ཡོད་པ་ཙམ་མ་ཡིན་པ་བོད་རིགས་དང་རྒྱ་གར་མི་རིགས་མང་པོས་མངོན་སུམ་ལག་མཐོང་བྱུང་བའི་ལོ་རྒྱུས་བཤད་ཀྱི་འདུག དེ་བཞིན་དུ་ཆུ་ཚའི་ཕན་ཡོན་ཡོད་ཙམ་མ་ཡིན་པར་ཉེ་འགྲམ་ཡོད་པའི་གཡོན་གཡས་ཀྱི་རི་རྣམས་བདེ་མཆོག་ཡབ་ཡུམ་གྱི་གནས་དང་ལྷ་དབང་ཕྱུག་ག་དང་ལྷ་མོ་ཨུ་མ་གཉིས་ཀྱི་བུ་སྲས་ཚོགས་དང་གདོང་དྲུག་འཁོར་ཚོགས་བཅས་ལོ་རྒྱུས་སྙན་པོ་འདུག ཁོ་བོ་གདོང་མཁན་ཐེངས་གཉིས་ཙམ་འགྲོ་མྱོང་བས་མཐོང་སྣང་དང་མ་ཎི་ཀ་རའི་བོད་མི་དག་དང་ཡུལ་མི་བཅས་ལ་དོགས་འདྲི་མང་ཙམ་བྱས་པའི་རྐྱེན་མ་ཎི་ཀ་ར་ལོ་རྒྱུས་རབ་རིབ་ཙམ་དྲ་གྲོགས་ཚོར་ཕུལ་ན་འདོད། གདོང་མཁན་པས། ༢༠༡༤/༦/༡༢ སྔ་དྲོར་ཕུལ།  མ་ཎི་ཀ་རའི་ལོ་རྒྱུས་ཅུང་རྒྱས་པ་ཞིག་བྲིས་ཡོད་རེད་དེ་ད་ལྟ་ལག་སོན་མ་བྱུང་། རྗེས་སོར་ལག་ཏུ་བྱུང་ཚེ་འདིར་བཀོད་ཆོག 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*