གཟའ་སྐར་མིག་དམར་ཐོག་ནས་མཐོང་བ་དེ་ཆ་རེད་མི་འདུག་ཟེར། ཚ་གླེང་།
གཟའ་སྐར་མིག་དམར་02
གཟའ་སྐར་མིག་དམར་ནི་ཉི་མ་ནས་བརྩིས་པའི་གཟའ་སྐར་བཞི་པ་དེ་ཉིད་ཆགས་ཀྱི་ཡོད་པ་དང་། ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་སྐར་ཆུང་ཤོས་ཨང་གཉིས་པ་དེ་ཉིད་རེད།#Mars is the fourth planet from the Sun and the second-smallest planet in the Solar System after Mercury.
ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2017ཟླ་11ཚེས་21ཉིན། དེ་རིང་ཨ་རིའི་ཝ་ཤིང་ཊོན་ཆ་འཕྲིན་(Washington Post)གསར་ཁང་སོགས་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཚ་ཚ་འུར་འུར་གྱིས་གནས་ཚུལ་སྤེལ་བཞིན་པ་ནི། ལོ་ངོ་བཅུ་ཕྲག་གཉིས་ཙམ་གོང་ནས་ཨ་རིའི་གནམ་རིག་སྐར་དཔྱད་ཚན་རྩལ་ཚོགས་པ་ཆེན་པོ་ནཱ་སཱ་(NASA)སོགས་ཀྱི་ཞིབ་འཇུག་དང་ཚོད་དཔག་ལ་གཞི་བཅོལ་ཏེ། གཟའ་སྐར་མིག་དམར་(Mars)ཐོག་ཆུ་ཡོད་པའི་ངེས་པ་བརྟན་པོ་རྙེད་ཚུལ་བརྗོད་བཞིན་འདས་མོད། ད་ལྟའི་ཆར་གཟའ་སྐར་མིག་དམར་ཐོག་ནས་མཐོང་བའི་ཆུ་འདྲ་བའི་ཁྱུག་རིས་སྔོན་པོ་དེ་དག་ཆུ་མིན་པའི་གསལ་བརྗོད་བྱས་པའི་གནས་ཚུལ་ཐོན་བཞིན་འདུག
དེ་ཡང་སྤྱི་ལོ་2015ལོར་གོང་སྨྲོས་ཨ་རིའི་གནམ་རིག་སྐར་དཔྱད་ཚོགས་པ་ཆེན་པོ་ནཱ་སཱ་ཡིས་གཟའ་སྐར་མིག་དམར་ཐོག་ཏུ་ཆུ་ཡོད་པའི་དཔང་རྟགས་བཙན་ཤོས་གང་མགྱོགས་ཐོན་འཆར་ཡོད་སྐོར་བསྒྲགས་ཡོད། འོན་ཀྱང་། ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ས་ཁམས་དཔྱད་ཞིབ་ལྷན་ཚོགས་(USGS)ཀྱི་ཚན་རིག་པས་ཡོངས་ཁྱབ་འགྲེམས་སྤེལ་བྱས་པའི་རྩོམ་ཡིག་གསར་པ་དེར་གཞིགས་ཚེ། དེ་སྔོན་ནཱ་སཱ་སོགས་ཀྱིས་གཟའ་སྐར་མིག་དམར་ཐོག་ཏུ་ཆུ་ཡོད་པར་འབོད་པའི་དཔང་རྟགས་ཀྱི་པར་རིས་ཐོག་མངོན་པའི་ཁྱུག་རིས་སྔོན་པོ་དེ་དག་ནི་དོན་དངོས་ཐོག་ཆུ་མིན་པར་ཐལ་བའམ་ཡང་ན་བྱེ་མ་ཡིན་པ་རེད་འདུག་ཅེས་བརྗོད་འདུག
སྤྱི་ལོ་2015ལོར་ནཱ་སཱ་ཡིས་བཏོན་པའི་གཟའ་སྐར་མིག་དམར་ཐོག་གི་པར་རིས། པར་རིས་དེའི་ནང་གི་རི་ངོགས་སོགས་སུ་རྒྱུ་བཞིན་པའི་ཁྱུག་རིས་སྔོན་པོ་དེ་དག་ཆུ་ཡིན་པར་འདོད་བཞིན་ཡོ་ད་འདུག#A NASA image of Mars from 2015 shows long, dark, narrow streaks called recurring slope lineae, which were inferred to have been formed by contemporary flowing water.
གནས་ཚུལ་དེའི་ཐད་ཨ་རིའི་ས་ཁམས་དཔྱད་ཞིབ་ལྷན་ཚོགས་ཀྱི་ཚན་རིག་པ་གཙོ་གྲས་སྐུ་ཞབས་རྡུན་རྡ་སི་(Colin Dundas)ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན།“ཤེས་རྟོགས་གསར་པ་དེས་ང་ཚོར་ར་འཕྲོད་དང་དཔང་རྟགས་ཁུངས་བཙན་བསྟན་ཡོད་པ་ནི། དེང་གི་གཟའ་སྐར་མིག་དམར་ནི་ཧ་ཅང་སྐམ་ཤས་ཆེ་བའི་གཟའ་སྐར་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།”ཅེས་བརྗོད་འདུག
ད་ལན་གྱི་གསར་རྙེད་དེས་གཟའ་སྐར་མིག་དམར་ཐོག་ཏུ་ཆུ་ཡོད་པར་རེ་བཞིན་པའི་ཚན་རིག་པ་རྣམས་ཧང་སངས་པར་བྱས་ཤིང་། ངུ་བྲོ་བའི་དཔང་རྟགས་གསར་པ་ཞིག་ཆགས་ཀྱི་ཡོད་ཚུལ་གླེང་བཞིན་འདུག འོན་ཀྱང་། དེ་སྔོན་དེ་ཕྱོགས་ཀྱི་ཚན་རིག་པ་ཀུན་གྱིས་མཐའ་གཅིག་ཏུ་གཟའ་སྐར་མིག་དམར་ཐོག་ཆུ་ཡོད་པའི་ཐག་གཅོད་བྱས་མེད་མོད། གཟའ་སྐར་དེའི་ངོས་ཀྱི་ཁྱུག་རིས་སྔོན་པོ་དེ་དག་ཆུའི་བཞུར་རྒྱུན་ཡིན་པའི་སྒྲུབ་བྱེད་གཅིག་རྗེས་གཉིས་མཐུད་ཀྱིས་བཀོད་ཡོད།
གཟའ་སྐར་མིག་དམར་ཐོག་གི་ལོ་གཅིག་ལ་ཁྱོན་ཉིན་གྲངས་687ཡོད་པ་རེད་འདུག དེ་ལྟར་ན་ས་གོ་ལའི་ཐོག་གི་ལོ་གཅིག་གི་ཉིན་གྲངས་ལས་ལྡབ་གཅིག་ཙམ་གྱི་མང་བ་ཡོད།#A year on Mars is almost twice as long as a year on earth.
ད་ལན་ཨ་རིའི་ས་ཁམས་དཔྱད་ཞིབ་ཚོགས་པའི་ཚན་རིག་པའི་རུ་ཁག་དེས་གཟའ་སྐར་མིག་དམར་ཐོག་ལ་ལྟ་སྟངས་གསར་པ་ཞིག་གི་སྒོ་མོ་ཕྱེས་ཤིང་། རུ་ཁག་དེས་གཟའ་སྐར་མིག་དམར་ཐོག་གི་པར་རིས་ལ་སོགས་པར་ཞིབ་དཔྱད་བྱས་ཏེ་འགྲེལ་བརྗོད་བྱས་དོན། “ང་ཚོས་ཕྱོགས་ཀུན་ནས་སྐབས་དོན་གནས་ཚུལ་དེའི་ཐད་ཞིབ་འཇུག་བྱས་པ་ཡིན། གཟའ་སྐར་མིག་དམར་ཐོག་ནས་མངོན་པའི་ཁྱུག་རིས་སྔོན་པོ་དེ་དག་ནི་ཆུ་མིན་པར་མངོན་ཞིང་། ཁྱུག་རིས་དེ་དག་གི་རྒྱུ་སྟངས་ཀྱང་ཆུ་མོའི་རྒྱུ་ཕྱོགས་ཀྱི་རང་བཞིན་དང་སྒོ་ཀུན་ནས་འདྲ་གི་མི་འདུག གལ་སྲིད་ང་ཚོ་ཆུང་དུས་བྱེ་མའི་མཁར་རྫོང་རྒྱག་རྒྱུའི་རྩེད་མོ་རྩེད་མྱོང་མཁན་ཞིག་ཡིན་ན་གནས་ལུགས་དེ་ཉིད་རྟོགས་ངེས་རེད། ཁྱུག་རིས་དེ་དག་གི་རྒྱུ་ཕྱོགས་ནི་བྱེ་མའམ་ཡང་ན་ཐལ་རྡུལ་གྱི་རང་བཞིན་ལྡན་པ་ཧ་ཅང་མངོན་གསལ་དོད་པོ་འདུག འོན་ཀྱང་། མཐའ་གཅིག་ཏུ་གཟའ་སྐར་མིག་དམར་ཐོག་བརླན་བཤེར་མི་འདུག་ཅེས་ཤོད་ཀྱི་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་བརླན་བཤེར་ཙམ་པོ་བ་ཞིག་ཡོད་ཙམ་མམ། ཡང་ན་རྩ་བ་ནས་མེད་པའི་ས་མཚམས་སུ་འདུག”ཅེས་བརྗོད་འདུག
བོད་ཀྱི་དེ་ཕོ་གསར་ཁང་་ནས་བཤུས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།