བོད་ཀྱི་སྐད་ཡིག་གི་གནས་བབས།

རྩོམ་པ་པོ། འབྲུག་ལུང་རྟོགས།

དུས་རབས་ཀྱི་དཀྱོག་མཚམས་ཆེན་མོ་དེང་གི་དུས་འདིར་ས་ལྒང་གོ་ལའི་སྟེང་དུ་མི་རིགས་བརྒྱ་ཚོ་དུ་མ་ཡོད་པ་དང་དགོས་སུ་གྲངས་ཉུང་མི་རིགས་ཧ་ཅང་མང་པོ་ཡོད་ན་ཡང་།
རང་ཉིད་རང་གིས་སྐྱོབ་ཅིང་རང་ཉིད་རང་གི་སྐྱོང་བ་ལས་རང་ཉིད་བལྟས་བལྟས་རིག་རིག་འཆི་ལམ་དུ་ལྕེབ་མཁན་ནི་དེང་གི་རང་ཅག་བོད་པ་ཙམ་ལས་ཕལ་ཆེར་ཡོད་ཚོད་མི་འདུག །ང་ཚོ་བོད་པ་ནི་རང་ཚུགས་དང་འགན་འཁྲི་འདུ་ཤེས་སོགས་ཞན་ཞིང་གཡམ་རྒྱུགས་ཁོ་ན་ལ་བྲེལ་ནས་རང་གི་སྐད་ཡིག་གཉིས་པོ་ཤི་གསོན་གྱི་ས་མཚམས་སུ་ཡོད་ན་ཡང་། བཏང་སྙོམས་སུ་བཞག་ནས་ཁ་ནས་གཞན་སྐད་དམ་བསྲེས་སྐད་དག་དག་གིས་རང་གི་རིགས་རྒྱུད་ཕྱི་མའམ་བུ་རབས་ཚ་རྒྱུད་ལ་ཤུགས་རྐྱེན་ངན་པ་འཇོག་གིན་ཡོད་པ་འདི་དག་ནི་རང་སྲོག་རང་གིས་གཅོད་པ་དང་རང་སྐད་རང་གིས་སྣུབ་པ། རང་རིགས་རང་གིས་རྩ་མེད་གཏོང་གིན་ཡོད་པ་མ་རེད་དམ།
ཀུན་གཟིགས་པཎ་ཆེན་མཆོག་གིས་ཁྱེད་ཚོའི་བྱེད་ཚུལ་དེར་བལྟས་ན་ཁྱེད་ཚོས་མི་རིགས་བསྒྱུར་རྒྱུ་རེད་ཅེས་གསུངས་པ་ཅིས་མ་བདེན།
དོན་འདི་ལ་བསམས་ན་རང་ཅག་གི་མི་རིགས་ལ་སྡོམ་ཚིག་གཅིག་ལས་མེད་པ་འདྲ། སུ་ཏ་ལན་གྱིས། མི་རིགས་ཤིག་རྩ་མེད་དུ་འགྲོ་དགོས་ན། སྔོན་ལ་མི་རིགས་དེའི་ཡི་སྐད་ཡིག་མེད་པ་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད། ཅེས་གསུངས་པ་བཞིན་དུ་རང་རིགས་ཀྱི་སྐད་ཡིག་གཉིས་པོ་འདི་དིང་སང་བཞིན་མུ་མཐུད་དུ་ཉམས་དམན་དུ་སོང་ན། ལོ་རབས་འགའ་ཤས་མཚམས་ནས། བོད་མི་རིགས་ལོ་རྒྱུས་ཀྱི་ཟིན་ཐོ་ཡི་གསེང་དུ་འཐིམ་འགྲོ་བ་ནི་གདོན་མི་ཟའོ། །
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས། སྐད་དང་གཤིས་ཀ་ཉམས་པའི་མི་རིགས་ལ། །ཡུན་དུ་གསོན་པའི་རེ་བ་ཡོད་མ་ཡིན། །ཞེས་པ་ལྟར། མདོར་ན་བལྟས་བལྟས་རིག་རིག་གཡང་སར་་ལྕེབ་མི་འདོད་པ་རེ་ཡོད་ན། གོང་གི་ལེགས་བཤད་དེ་དག་ངག་ནས་སྐྱོར་ཞིང་ཞེ་ནས་ཡང་ཡང་དྲན་དགོས་པ་ནི་དུས་སུ་བབས་པ་མ་ཡིན་ནམ། རྒྱུ་མཚན་དེས་ན་མི་རིགས་ཤིག་ལ་མཚོན་ན་ཡོད་ཚད་ཀྱི་རྩ་བ་སྐད་ཡིག་ལ་ཐུག་ཡོད་པ་ཤེས་པར་བྱས་ཏེ། རིགས་གཅིག་ཕུ་ནུ་ནང་ཕན་ཚུན་བར་ལ་ཕ་སྐད་གཙང་མ་ཞིག་གི་སྣེ་དྲངས་ཏེ་རིགས་རྒྱུད་ཕྱི་མའམ་བུ་རབས་ཚ་རྒྱུད་རྣམས་ལ་མི་རིགས་ཀྱི་འདུ་ཤེས་དང་སྐད་ཡིག་གཅེས་འཛིན་གྱི་བསམ་བློ་རེ་ངེས་པར་དུ་རྒྱུད་ལ་སྐྱེ་རུ་འཇུག་དགོས་འདུག །དེ་ཡང་མགོ་རང་ཉིད་ནས་བརྩམས་ཏེ་རང་ནུས་གང་ལྕོགས་ཀྱིས་ཕ་སྐད་གཙང་མའི་ཕྱོགས་ལ་ཐུགས་ཁུར་ཆེ་བཞེས་དང་ཕྱག་ལས་གང་མང་གནང་རྒྱུ་གལ་ཆེ་ཞིང་། ཐ་ན་ཕ་སྐད་ཚིག་གཅིག་ཤེས་ན་དེ་དག་བེད་སྤྱོད་བྱ་རྒྱུ་སོགས་ནས་མགོ་བཟུང་སྟེ་གོམ་པ་སྤོ་རྒྱུ་ཧ་ཅང་གལ་ཆེ་བས་ཁྱེད་རང་བོད་པ་ཞིག་དང་བོད་མི་རིགས་ཡུན་དུ་གནས་ན་བསམ་མཁན་གྱི་སྐྱེས་བུ་ཞིག་ཡིན་ན་ངེས་པར་དུ་ལག་ལེན་ལག་བསྟར་བྱེད་རྒྱུ་དུས་སུ་བབས་འདུག །ད་ནི་ཁོ་བོས་དུངས་འབོད་ཀྱི་རྩོམ་ཐུང་མཇུག་བསྡུ་རྒྱུ་ཡིན། སྐད་ཆ་མང་ན་ཉོབ་འགྲོ། སྐུད་པ་ཕྲ་ན་ཆད་འགྲོ་ཟེར་བ་བཞིན། ལས་དང་སྨོན་ལམ་གཅིག་པའི་ཁ་བ་གངས་ཅན་པ། རང་མི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་ལ་དོ་སྣང་ཞིག་མཛད་རྒྱུ་སྙིང་གི་རེ་བ་ཡིན།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*