ཚན་རིག་པས་འཛམ་གླིང་ཐོག་ཆེས་བདེ་སྐྱིད་ལྡན་པའི་མི་ཞེས་པའི་མཚན་སྙན་གསོལ་བའི་བོད་ཀྱི་བླ་མ་ཞིག

ཚན་རིག་པས་འཛམ་གླིང་ཐོག་ཆེས་བདེ་སྐྱིད་ལྡན་པའི་མི་ཞེས་པའི་མཚན་སྙན་གསོལ་བའི་བོད་ཀྱི་བླ་མ་ཞིག

གྲུ་རི་ཆོས་རྒྱལ་སྐུ་ཕྲེང་བརྒྱད་པ་མི་ཕམ་ཆོས་རྒྱལ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་མཆོག་ནི། ཆབ་མདོ་ལྕགས་ར་སྤྲུལ་སྐུའི་ནུ་བོར། ཁམས་རི་བོ་ཆེ་ལྕགས་ཟམ་ཁ་དབའ་ཁྲི་ས་ཆུང་ཚང་དུ། ཡབ་རྣམ་རྒྱལ་དང་། ཡུམ་ཚེ་གཡང་གཉིས་ཀྱི་སྲས་སུ་༡༩༤༦ཟླ་བ་༡༢པའི་ནང་དུ་སྐུ་འཁྲུངས། རྗེ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་། མཐུ་ཆེན་ཆོས་མགོན་བརྒྱད་པ། ཁམས་སྤྲུལ་དོན་བརྒྱུད་ཉི་མ་རྣམས་དགོངས་མཐུན་གྱིས་གོང་མའི་སྐྱེ་སྲིད་དུ་ལུང་བསྟན། དགུང་གྲངས་བཞི་ལྷག་ཙམ་དུ་གྲུ་རི་དགོན་དུ་ཁྲི་འདོན་བྱས། དེའི་གོང་ནས་ཀྱང་ཡབ་ཡུམ་ཆོས་དད་ཆེ་བས་བླ་མ་མང་པོ་མཇལ་རྒྱུ་དང་། ཆོས་ཀྱི་འབྲེལ་བ་མི་ཉུང་བ་ཐོབ། མཆོག་སྤྲུལ་རིན་པོ་ཆེ་བསོད་ནམས་བསྟན་འཛིན་ལས། སྐྱབས་སྡོམ་དང་ཚངས་སྤྱོད་སྡོམ་པ་སོགས་ཞུས། དགུང་ལོ་དགུ་པ་ནས་བཟུང་

(གྲུ་རི་ཆོས་རྒྱལ་རྒྱ་མཚོ་རིན་པོ་ཆེ།)

དགུང་གྲངས་སོ་བཞིའི་བར་ཁམས་སྤྲུལ་བརྒྱད་པའི་མདུན་ནས་དབང་ཆོས་མང་པོ་ནོད་ཅིང་འབྲལ་མེད་དུ་བསྟེན། མགོན་པོ་གང་གི་ཐུགས་རྗེས་དུས་འཁྲུག་གི་མནར་གཅོད་ལས་ཐར་བ་བྱུང་ཞིང་འཕགས་ཡུལ་དུ་ཕ་དང་བུ་ལྟ་བུར་བརྩེ་གཟིགས་ཆེན་པོ་འགྲན་ཟླ་བྲལ་བ་གནང་།
སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ། ས་སྐྱ་མཁན་རིན་ཆེན། ནུབ་དགོན་མཁན་ལེགས་བཤད། ཀཿཐོག་མཁན་དགེ་འདུན་དར་རྒྱས། རྨེ་བ་མཁན་ཐུབ་ཆོས། རྙིང་མ་མཁན་པོ་བརྩོན་འགྲུས། འཛི་སྒར་མཁན་ཆོས་དར། ནང་ཆེན་ཡང་དབེན་མཁན་ཆེན། རྟོགས་ལྡན་ཆོས་ལེགས། རྟོགས་ལྡན་འཇམ་དབྱངས། རྟོགས་ལྡན་ཨ་ཕྲིན་བཅས་ལས་དབང་ལུང་ཁྲིད་གདམས་པ་དཔེ་ཁྲིད་སོགས་ཀྱི་བཀའ་དྲིན་རྒྱ་ཆེར་ཐོབ།
རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ། སྤོ་བོ་ཕུ་ལུང་སངས་རྒྱས་རིན་པོ་ཆེ། འཁྲུལ་ཞིག་བརྒྱད་པ་རིན་པོ་ཆེ། ས་སྐྱའི་བཅོ་བརྒྱད་ཁྲི་ཆེན། སེང་བྲག་རིན་པོ་ཆེ། འབྲུག་རྗེ་མཁན་པོ་ཀུན་ལེགས། རྒྱལ་བ་མདོ་ཁམས་དགུ་པ་བཤད་སྒྲུབ་ཉི་མ་སོགས་དང་། ཁྱད་པར་དུ་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་བརྒྱད་པ་རིན་པོ་ཆེ་ཡུན་རིང་དུ་བསྟེན་ཅིང་། བརྩེ་གཟིགས་ཚད་མེད་སྒོས་ཟབ་མོའི་ཁྲིད་དང་མན་ངག་མང་པོའི་གནད་བཀྲོལ་བའི་བཀའ་དྲིན་བསམ་ལས་འདས་པ་གནང་བ་ལ་བརྟེན། ཕྱག་རྒྱ་ཆེན་པོའི་རྟོགས་པ་གཤའ་མ་ཐུགས་ལ་འཁྲུངས། ༡༩༨༤བོད་ལ་གཞིས་སྐོར་དུ་ཕེབས། དགོན་རི་ཁྲོད་རྟེན་བརྟེན་པར་བཅས་པ་བསྐྱར་གསོ་གནང་། བལ་ཡུལ་དུ་ས་དཔྱད་ལེགས་ཤིང་རྟེན་འབྲེལ་བཟང་བས། རྒྱལ་བ་མདོ་ཁམས་པ་ཆེན་པོའི་ཕྲིན་ལས་ཀྱི་ཆ་ཤས་ཐོ་གྲུ་གུ་དགོན་གྱི་ཡན་ལག་ཏུ་ཏཱ་ར་སྦས་རི་ཁྲོད་བཏབ། ཡོལ་མོར་གྲུ་གུ་སེང་གེ་འགྱིང་པའི་རི་ཁྲོད་བཏབ་ཅིང་། ཁོང་གིས་གསུང་རྒྱུར། དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་མཚན་དང་དོན་མཐུན་པ། ཕྱི་ལ་ལྡིར་སྒྲ་མི་ཆེ་ཡང་། ནང་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཞིང་ཆོས་བརྒྱད་ཀྱི་འཁྲབ་སྟེགས་མ་ཡིན་པ། བསྟན་འགྲོ་གཉིས་ཕན་ནོམ་པ་ཅན་ཞིག་ཡོང་རྒྱུའི་རེ་སྨོན་ཡོད་ཅེས་གསུངས། མདོ་རྒྱུད་རིག་གཞུང་རྒྱ་མཚོ་སྤྱིར་སྦྱངས་པ་ཕུལ་དུ་ཕྱིན་ཅིང་། ཁྱད་པར་དུ་ལྷ་བྲིས་དང་། ཡིག་གཟུགས་འབྲི་རྩལ་བཅས་ལ་མཁས་པའི་རྩེར་སོན།

ལྷག་པར་དུ། དབྱིན་ལོ་༢༠༠༥ལོར། འཛམ་གླིང་ན་སྙན་གྲགས་ཡོད་པའི་ཨ་རིའི་སློབ་ཆེན་ཏེ། ཝིས་སི་ཁོན་སིན་སློབ་ཆེན་(University of Wisconsin-Madison) གྱི་ཀླད་པའི་ཚན་རིག་སྡེ་ཁག་ནས། ལོ་མང་རིང་ཆོས་ལུགས་འདྲ་མིན་ཁག་གི་ཏིང་འཛིན་ལ་གནས་ནས་སྒོམ་རྒྱག་མཁན་ཧ་ཅང་མང་པོ་དང་། ཐ་མལ་བ་ཆེས་མང་པོའི་སེམས་ཁམས་ཀྱི་འགྱུར་བའམ་ཀླད་ཆེན་གྱི་རླབས་རྩའི་འགུལ་བསྐྱོད་ལ་བརྟག་དཔྱད་བྱས་པའི་འབྲས་བུར། ད་ལན་འདི་སེམས་བདེ་སྐྱིད་ཀྱི་ངང་དུ་ཡོད་པའི་འཕྲུལ་ཆས་ཀྱི་བརྡ་རིས་འཛམ་གླིང་ནང་ཆེས་མཐོ་ཤོས་དེ་བྱུང་འདུག །ཅེས་སོགས་ཀྱི་བརྟགས་འབྲས་བརྩམས་ཆོས་དེ། འཛམ་གླིང་ཁྱོན་ན་བྲིན་ཆེ་བའི་ཨ་རིའི་དུས་དེབ་གྲགས་ཅན། ༼ཁྱེད་ཀྱི་བསམ་བློའི་ནང་ཅི་ཞིག་ཡོད།༽ (National Geographic)ཞེས་པའི་༢༠༠༥ལོའི་དེབ་༣པའི་ཐོག་ཏུ་ཁོང་ལ་བརྟག་དཔྱད་བྱེད་བཞིན་པའི་ཡུལ་དངོས་ཀྱི་སྐུ་པར་དང་བཅས་བཀོད་པས། འཛམ་གླིང་ཐོག་གི་ཆེས་བདེ་སྐྱིད་ལྡན་པའི་མི། འབྲུག་པ་དཀར་བརྒྱུད་ཀྱི་གྲུབ་དབང་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་ཞེས་པའི་མཚན་སྙན་སའི་གོ་ལའི་ཡུལ་གྲུ་གང་སར་ཁྱབ་ནས་ཡོད་དོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*