ཉི་ཟླ་གཟའ་འཛིན་གྱི་དགེ་བའི་དྲིས་ལན།

རྩོམ་པ་པོ།  སྐྱོ་བྲག་དགའ་དབང་།

འཕོ་བྲལ་ཡེ་ཤེས་ཆེན་པོའི་ངང་། །འཁོར་འདས་ཆོས་རྣམས་འཕྲོ་བའི་ཕྱིར། །ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྒྱལ། །ནང་དུ་སྒྲ་གཅན་མུན་པའི་རླུང་། །དཀར་དམར་ཁམས་དང་སྦྱོར་བས་ན། །ཕྱི་རུ་ཉི་ཟླ་གཟའ་འཛིན་གྱི། །སྣང་བ་འབྱུང་བའི་དུས་ཀྱི་ཚེ། །ལུས་ངག་ཡིད་ཀྱི་དགེ་བ་ལ། །འགྱུར་གྱི་ཁྱད་པར་གསུངས་པ་དག །གང་ལ་ཐུག་པའི་ཚུལ་དྲིས་པར། །ཟབ་གསལ་སྙིང་པོའི་ལན་འདི་སྤྲོ། །
རེ་ཞིག་དྲི་བ་ནི། ཉི་འཛིན་དང་ཟླ་འཛིན་གྱི་དུས་སུ་དགེ་སྒྲུབ་ཕན་ཡོན་འགྱུར་ཁྱད་ཀྱི་ཐད་ལ། དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་སྟོན་པའི་གཞུང་ནས་ནང་གི་རྩའི་ནང་དུ་རླུང་རྒྱུ་ཚུལ་གྱི་དབང་གིས་ཡིན་ཟེར། ཉི་འཛིན་གྱི་དུས་སུ་རྩ་རོ་རྐྱང་གཉིས་ཀྱི་ནང་དུ་རླུང་རྒྱུ་བའི་སྟོབས་ཀྱིས་འགྱུར་ཆེ་བ་དང་། ཟླ་འཛིན་གྱི་དུས་སུ་སྒྲ་གཅན་གྱི་སྟོབས་ཀྱིས་རྐྱང་མ་གཅིག་པུར་རླུང་རྒྱུ་བའི་དབང་གིས་ཡིན་ཟེར་གྱི་འདུག །བཀའ་འདྲི་ཞུ་རྒྱུར། སྒྲ་གཅན་རྒྱུ་དུས་དང་ནམ་རྒྱུན་གཉིས་ལ་རོ་རྐྱང་གཉིས་སུ་རླུང་རྒྱུ་མི་རྒྱུ་བའི་ཁྱད་ཡོད་དམ། དེ་འདྲ་བའི་ཁྱད་ཡོད་ན་དབུ་མའི་ནང་དུ་རྒྱུ་བའི་དུས་ཚོད་ག་དུས་ཡིན་ནམ་ཞུ། གུས་ཁ་བ་ཅན་ནས། ཞེས་སོ། །
སྤྱིར་བདག་ཉིད་གནའ་དིང་གི་ཤེས་བྱ་ལ་བགྲོ་གླེང་བྱ་ཐུབ་པའི་ཤེས་ཡོན་ཅན་ཞིག་མིན་ཞིང་། ལྷག་ཏུ་དྲི་བ་འདི་ཉིད་གང་བྱུང་གི་ཟེར་སྒྲོས་ཙམ་ལས་གཞུང་ལུགས་ལ་སྦྱངས་ནས་སྒྲོ་འདོགས་མ་ཆོད་པའི་དྲི་བ་གནད་འགག་ཅན་ཞིག་རེད་མི་གདའ་བས་ལན་འདེབས་དགོས་པ་མ་མཐོང་ནའང། ཁོ་བོའི་ཆོས་མཆེད་དམ་པ་མཁས་པ་བསོད་ནམས་ཆོས་དབྱིངས་ཀྱིས་ཁོང་གི་གྲོགས་པོའི་དྲི་བར་ལན་ཞིག་འབྲི་དགོས་པའི་བཀའ་ནན་གནང་བ་དོན་ཡོད་པ་བྱ་ཕྱིར། དྲི་བའི་ཚིག་ལ་མ་བལྟས་པར་དོན་གྱི་ཤེས་འདོད་རྩལ་དུ་བཏོན་ཏེ་ཟབ་གསལ་སྙིང་པོའི་ཚུལ་དུ་སྤྲོ་བར་འདོད་དོ། །
དེ་ཡང་ཀུན་རྫོབ་བདེན་པའི་གནས་ཚུལ་ལ་དགོངས་ཏེ་སངས་རྒྱས་ཀྱིས་མདོ་ལས་ཆོས་ཐམས་ཅད་སེམས་ཙམ་ཡིན་པར་གསུངས་པའི་ཟབ་གནད་འགྲོལ་བ་ན། དཔལ་དུས་ཀྱི་འཁོར་ལོ་ལས། ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་གྱི་འཁོར་ལོ། ཞེས་བཤད་པ་ཡིན་ཅིང་།
ཐོག་མར་སེམས་ལས་ལུས་སུ་སྣང་བ་ལང་ཀར་གཤེགས་པའི་མདོ་ལས། ཕྱི་རོལ་གྱི་ནི་སྣང་བ་མེད། །ལུས་དང་ལོངས་སྤྱོད་གནས་ལྟ་བུར། །སེམས་ནི་སྣ་ཚོགས་པར་སྣང་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་ཡིན་ནའང་། ལུས་སུ་གྲུབ་ཟིན་པ་ན་ལུས་ཀྱིས་སེམས་དབང་དུ་སྒྱུར་བ་ནི། དབུ་མ་སྲིད་པ་འཕོ་བ་ལས། འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་རྣམ་པར་བརྟག །ཅེས་པ་ཡིན་པས་ན། ལུས་ཀྱི་རྩ་གནས་རྣམས་སུ་རླུང་སེམས་རྒྱུ་བའི་གནད་ཀས་ཕྱི་རོལ་གྱི་ཡུལ་སྣང་མ་འདྲ་བ་འབྱུང་གི་ཡོད་པ་ལས། ཉི་ཟླར་སྒྲ་གཅན་འཇུག་པར་སྣང་བའི་ཚུལ་ཡང་།
ཟབ་མོ་ནང་དོན་ལས། སྲོག་རླུང་དཀར་དམར་སྦྱོར་བས་ན། །ཟླ་ཉི་འཛིན་པར་སྣང་བ་དང་། །ཞེས་ནང་དུ་སྲོག་གི་རླུང་དང་དཀར་དམར་འཕྲད་པ་ན་ཕྱི་རོལ་ཏུ་ཟླ་ཉི་སྒྲ་གཅན་གྱིས་འཛིན་པར་སྣང་བའི་ཚུལ་ཞིབ་པར་ནི། རྩིས་ཀུན་བཏུས་པའི་རྒྱས་འགྲེལ་རིན་ཆེན་གཏེར་མཛོད་ལས། ནང་ལུས་ལ་དབུ་མ་སྟོང་པའི་རང་བཞིན་ནམ་མཁའི་ཁམས་སྒྲིབ་ཐོགས་དང་བྲལ་བ། ཡར་སྣར་ཆུའི་ཁམས་དཔྱིད་ཀྱི་གོང་བུ་དང་མར་སྣར་མེའི་ཁམས་འབར་བའི་ཐིག་ལེ་དང་ལྡན་པ། ཕྱི་ནང་དག་པ་གཅིག་པའི་ཕྱིར་སྒྲ་གཅན་ཡང་ལུས་སྟོང་པ་ནམ་མཁའི་ཁམས་སྒྲིབ་ཐོགས་དང་བྲལ་ལ། གདོང་ཆུའི་རང་བཞིན་ནག་པོ་མུན་པའི་བདག་ཉིད་དང་། མཇུག་མ་མེའི་ཁམས་དམར་པོ་འབར་བའི་རང་བཞིན་གཉིས་ནི་སྒྲིབ་བྱེད་ཀྱི་ནུས་པ་ཅན་རགས་པའི་རྣམ་པ་སྟེ། ནང་དུ་རྡུལ་དང་སྙིང་སྟོབས་དང་མུན་པའི་དུས་གསུམ་གྱི་ཐ་མར་མུན་པ་ཆེན་པོའི་རླུང་གིས་རོ་མའི་སྟོབས་འཕྲོག་ཅིང་། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་རྫོགས་པ་ན་རྐྱང་མའི་སྟོབས་འཕྲོག་པས་ཕྱི་རོལ་དུ་ཟླ་བ་གཉིས་ལ་ཡན་ལག་རེའམ་དུས་རེར་བྱས་པའི་དུས་གསུམ་རྫོགས་པ་ན་ཉི་མ་ལ་སྒྲ་གཅན་འཇུག་ཅིང་ཟླ་བ་དྲུག་རྫོགས་པ་ན་ཟླ་བ་ལ་སྒྲ་གཅན་འཇུག་པར་ངེས་པར་སྣང་སྟེ། ཞེས་ནང་གི་སྲོག་རྩར་རྒྱུ་བའི་སྒྲ་གཅན་གྱི་རླུང་གི་ནུས་པ་རྒྱས་ཏེ་ཁྲག་རྩའི་སྟོབས་འཕྲོག་པ་ན་ཕྱི་རོལ་དུ་ཉི་མ་གཟའ་འཛིན་གྱི་སྣང་བ་འབྱུང་བ་དང་། རྒྱུངས་པའི་སྟོབས་འཕྲོག་པ་ན་ཕྱི་རོལ་དུ་ཟླ་བ་གཟའ་འཛིན་གྱི་སྣང་བ་འབྱུང་བར་གསུངས་ཤིང།
སྒྲིབ་པའི་ཚུལ་ཡང། དེ་ཉིད་ལས། ཁ་ཅིག་ནི་སྒྲ་གཅན་གྱིས་ཉི་ཟླ་ཟ་བ་དང་མགུལ་དུ་མིད་པར་བྱེད་དོ། །ཞེས་ཟེར་བ་ནི་བླུན་པོའི་རང་མཚང་སྟོན་པ་ཡིན་ལ། ཞེས་དང་། སྒྲ་གཅན་ནི་གཟའ་གཞན་གྱི་སྟེང་དུ་རྒྱུ་བས་སྟོབས་འཕྲོག་པའི་ཕྱིར་ཟླ་འཛིན་ནི་ཟླ་བའི་སྟེང་ནས་སྒྲིབ་ཅིང་། སྟོང་ལ་ཟླ་བ་དང་ཉི་མ་ཁ་སྦྱོར་དུ་བརྩེགས་པའི་སྟེང་ནས་སྒྲ་གཅན་གྱིས་སྒྲིབ་སྟེ་གཙོ་བོའི་གདན་ལ་ཟླ་ཉི་སྒྲ་གཅན་སུམ་བརྩེགས་སུ་འབྱུང་བ་དང་མཚུངས་པའི་ཕྱིར་ཏེ། ཇི་ལྟར་གནམ་སྟོང་གི་མཐར་ཉི་མ་ལ་སྒྲ་གཅན་ཞུགས་པ་ཇི་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྟེང་ནས་སྒྲིབ་མི་ནུས་པ་ཡང་མ་ཡིན་ཏེ། ཤེལ་ཤིན་ཏུ་དྭངས་པའི་སྟེང་དུ་རེ་བའམ་དར་ལ་སོགས་པ་བཟུང་ན་འོག་ནས་བལྟས་པའི་ཚེ་དེའི་ཁ་དོག་ཏུ་སྣང་བའི་ཕྱིར་རོ། །ཞེས་སྒྲ་གཅན་དུ་མིང་བཏགས་པ་ཕྱི་ལོགས་ཀྱི་རླུང་ནུས་ཤིག་གི་བྱེད་པས་ཉི་ཟླ་སྒྲིབ་པ་ལྟར་སྣང་བ་ལས་ཉི་ཟླའི་འོག་ན་ཡོད་པའི་དངོས་པོ་ཞིག་གིས་སྒྲིབ་པ་ནི་མིན་པར་གསུངས་སོ། །
ཀུན་རྫོབ་བདེན་པའི་སྣང་ཚུལ་གྱི་ཉི་ཟླ་གཟའ་འཛིན་ཇི་ལྟར་འབྱུང་བ་ནི། ཟླ་བ་དང་ཉི་མའི་བར་དུ་ས་དཀྱིལ་བསླེབས་ཏེ་གྲིབ་མ་ཟླ་བ་ལ་ཕོག་པ་ན་ཟླ་འཛིན་དུ་སྣང་བ་དང་། ས་དཀྱིལ་དང་ཉི་མའི་བར་དུ་ཟླ་བ་བསླེབས་ཏེ་གྲིབ་མ་ས་དཀྱིལ་ལ་ཕོག་པ་ན་ཉི་འཛིན་དུ་སྣང་བ་ཡིན་ནོ། །

ཉི་ཟླ་གཟའ་འཛིན་གྱི་དུས་སུ་དགེ་བའི་འགྱུར་ཁྱད་ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དུས་ཆེན་བཞིའི་འགྱུར་རྩིས་ལས། ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་ཕྲག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་ལ་ཉི་ཟླ་ཟིན། །དེ་དག་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས།
དགེ་བའི་འགྱུར་ཁྱད་མང་ཉུང་འདི་ཙམ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་བྱས་པ་ཞིག་མཇལ་མྱོང་མེད་ནའང་རིགས་པས་གང་འཚམས་ཤེས་ནུས་པ་སྟེ། སྤྱིར་དུས་ཀྱི་ཁྱད་པར་གྱིས་དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་དང་ཞོགས་དགོང་གི་ནུས་པ་མི་འདྲ་བ་ཡིན་པ་ནི་ང་ཚོར་མངོན་སུམ་ཡིན་ཕྱིར། གནའ་དུས་ཀྱི་རྒྱ་གར་བའི་རིགས་པ་སྨྲ་བ་འགས་ཀྱང། དུས་ཀྱིས་འབྱུང་བ་རྣམས་འབྱིན་ཅིང༌། །དུས་ཀྱིས་སྐྱེ་དགུ་རྣམས་སྡུད་བྱེད། །དུས་ཀྱིས་གཉིད་ལོག་སད་བྱེད་པས། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་གསུང་མྱོང་ཡོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་མཛད་པ་དམིགས་བསལ་བ་བསྟན་པའི་བྱིན་རློབ་ཀྱི་རྩལ་གྱིས་ཀྱང་དུས་ཀྱི་ནུས་པ་མི་འདྲ་བར་འགྱུར་བ་དུས་ཆེན་བཞིའི་འགྱུར་རྩིས་ལས། དུས་ཆེན་བཞི་དང་ཐ་མལ་པའི། །ཁྱད་པར་སིལ་བུ་མྱང་འདས་ལས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཞེས་པ་ལྟ་བུ་ཡིན་ཅིང་།
གཞན་དགེ་བའི་འགྱུར་ཁྱད་མི་འདྲ་བ་ཡོང་རྐྱེན་ལ། དྲག་ཞན་གྱི་ཁྱད་པར་གྱིས་བྱེད་པ་ནི་དགེ་སྡིག་རྣམ་པར་དབྱེ་བའི་མདོ་ལས། གང་གིས་བྱོལ་སོང་ལ་ཟས་བྱིན་ན་ནི་ལན་བརྒྱ་འགྱུར་འཐོབ་བོ། །ལོག་སྲེད་ལ་སྦྱིན་པ་སྦྱིན་པས་ནི་ལན་སྟོང་འགྱུར་འཐོབ་བོ། །དགེ་སློང་ངམ། དགེ་སློང་མའམ། ཁྲིམས་གཙང་མ་ལ་སྦྱིན་པ་བྱིན་པས་ནི་ལན་ཁྲིར་འགྱུར་རོ། །ཆོས་སྨྲ་བའི་དགེ་སློང་ཐེག་པ་ཆེན་པོ་སྤེལ་ཞིང་དེ་བཞིན་གཤེགས་པའི་གཏེར་བཤད་པ་མང་པོ་ཀུན་གྱི་མིག་ཕྱེད་ནུས་པ་ལ་བྱིན་ན་ལན་གྲངས་མེད་ཚད་མེད་པ་སྙེད་དོ། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བྱིན་ན་འབྲས་བུ་མཐར་གཏུགས་པར་འགྱུར་རོ། །ཞེས་པ་ལྟ་བུ་དང་།
འཕེལ་འགྲིབ་ཀྱི་ཁྱད་པར་གྱིས་བྱེད་པ་ནི་ཏིང་འཛིན་རྒྱལ་པོའི་མདོ་ལས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །ཞེས་པ་ལྟ་བུ་དང་།
དཀའ་སླའི་ཁྱད་པར་གྱིས་བྱེད་པ་ནི་ཐར་མདོ་ལས། རྣམ་དག་ཞིང་དུ་བསྐལ་པ་འབུམ། །ཚུལ་ཁྲིམས་རྣམ་དག་སྤྱད་པ་བས། །དེང་ནས་སང་གི་བར་དག་ཏུ། །འཇིག་རྟེན་འདི་ན་གནས་ཀྱང་སླ། །ཞེས་པ་ལྟ་བུ་རྣམས་ཡིན་ནོ། །
དེས་ན་ཉི་མ་ནི་ཟླ་བ་ལས་ནུས་པ་ཆེ་བར་ཡོངས་སུ་གྲགས་ལ། གཡས་གཡོན་རོ་རྐྱང་གི་རླུང་ནི་རང་བཞིན་གྱིས་དགེ་མི་དགེའི་བྱེད་ལས་མི་འདྲ་བ་ཡིན་པར་ཟབ་མོ་ནང་དོན་ལས། རྩ་ཆེན་གཉིས་བརྒྱུད་སྣ་བུག་ཏུ། །གཡས་པ་ཉི་མ་དུག་གི་རླུང་། །གཡོན་པ་ཟླ་བ་བདུད་རྩི་སྟེ། །ཐབས་དང་ཤེས་རབ་རང་བཞིན་ནོ། །ཞེས་གཡས་རོ་མའི་རླུང་གི་བྱེད་ལས་སྡུད་རིམ་ཡིན་པས་དུས་འཁོར་བ་ཇི་སྲིད་པར་མི་དགེ་བའི་ལྟས་སྟོན་པར་བྱེད་ཅིང་། གཡོན་རྐྱང་མའི་རླུང་གི་བྱེད་ལས་བསྐྱེད་རིམ་ཡིན་པས་ན་འཁོར་བའི་གནས་སྐབས་ནས་དགེ་བའི་ལྟས་སྟོན་པ་སྟེ་རླུང་གི་རྒྱུ་བ་འཕེལ་འགྲིབ་ཡིན་པར་གསུང་པ་དང་། ནང་གི་རླུང་གི་བྱེད་ལས་ཀྱི་ཁྱད་པར་གྱིས་སེམས་ཅན་རྣམས་ལ་དགེ་བའི་བློ་སྐྱེ་དཀའ་སླ་ཡོད་པ་ནི་ངེས་པ་ཡིན་པས་ན། གནད་དེ་དག་གི་དབང་གིས་ཉི་ཟླ་གཟའ་འཛིན་གྱི་དགེ་བའི་འགྱུར་ཁྱད་བྱུང་བ་ཡིན་པ་ཤེས་པར་བྱའོ། །
སྨྲས་པ། ལས་རླུང་གཡོ་བའི་འཕྲུལ་འཁོར་གྱིས། །སྲིད་པའི་གནས་རིས་མི་འདྲ་བར། །ཡང་ནས་ཡང་དུ་འཁྱམས་གྱུར་ཏེ། །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་པ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ལུས་ཀྱི་བྱེད་པ་གནད་བཅིངས་པས། །རྩ་རླུང་ཐིག་ལེ་དག་ནས་ཀྱང། །རྡོ་རྗེའི་སྐུ་གསུང་ཐུགས་འགྲུབ་ཤོག །མཁས་པ་བསོད་ནམས་ཆོས་དབྱིངས་ཀྱི། །བཀའ་བཞིན་སྐྱོ་བྲག་དགའ་དབང་གིས། །གདན་ས་དཔལ་ཆེན་ཆོས་གླིང་དུ། །མགྱོགས་བྲིས་བགྱིས་པ་དགེ་ལེགས་འཕེལ།། །།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*