༸སྐྱབས་མགོན་༸ས་སྐྱ་གོང་མ་༸ཁྲི་ཆེན་རྡོ་རྗེ་འཆང་མཆོག
འཛམ་བུ་གླིང་གི་ས་ཆ་དག་ལ་གནས་ཚུལ་ག་རེ་བྱུང་བ་ཡིན་ན་ང་ཚོས་མྱུར་མོར་ཤེས་རྟོགས་ཐུབ་ཅིང་། ཆོས་ཀྱི་གོ་རྟོགས་དེ་ཙམ་མེད་པ་དང་། ལྷག་པར་ཆོས་པ་ཁས་འཆེས་འགའ་ཤས་ཀྱིས་ཆོས་ཀྱི་མིང་ཐོག་ནས་ལག་ལེན་བྱེད་ཕྱོགས་ནོར་འཁྲུལ་མང་པོར་བྱུང་བ་སོགས་ཀྱིས་ཆོས་ཟེར་བ་དེ་ཡག་པོ་མིན་པ་ལྟ་མཁན་གྱི་རིགས་མང་པོ་ཞིག་ཐོག་མ་ཡོ་རུབ་ཤར་ཕྱོགས་ནས་བྱུང་བ་དང་། དེ་ནས་ཨོ་རུ་སུ་དང་། རྒྱ་ནག་ཤར་ཕྱོགས་ཀྱི་ལུང་པ་མང་པོའི་ནང་དམར་པོའི་ལྟ་སྤྱོད་ཤས་ཆེ་སྟེ། ཆོས་ལ་ཉམ་ཆག་ཕྱིན་ནས། ཆོས་མིན་གྱི་བསམ་ཚུལ་ཤིན་ཏུ་ཤུགས་ཆེ་བའི་གནས་ཚུལ་བྱུང་ཡོད་རེད། ད་ལྟ་ཚུར་ལ་སྐོར་བ་ལྟ་བུ་འཁོར་ཏེ་ཆོས་མེད་དུས་སྐྱོན་མང་པོ་རང་བཞིན་གྱིས་ལྷག་ཡོང་གི་རེད།
མི་ཞིག་གི་ངོས་ནས་མི་ཚེའི་ནང་དུ་ཟ་རྒྱུ་དང་། གོན་རྒྱུ། བསྡད་ས་སོགས་མང་པོ་དགོས་རེད་དེ། ཆོས་ལས་གཙོ་ཆེ་བ་ཞིག་མེད་པ་རེད། དེའི་རྒྱུ་མཚན་ཡང་། ཆོས་དེ་མེད་ན་རང་བཞིན་གྱིས་ལུང་པའི་ནང་ལ་བདེ་འཇགས་མེད་པ་དང་། ལས་རྒྱུ་འབྲས་མི་སྲུང་བ། ཕ་མ་ལ་མི་རྩི་བ། བཟའ་ཚང་བར་ལ་བརྩེ་བ་མེད་པ་སོགས་གནས་ཚུལ་རྙོགས་གྲ་ཅན་མང་པི་དུས་དུས་སུ་ཡོང་གི་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་ཆོས་འདི་མ་བརྟེན་ན་འགྲུབ་ཀྱི་མེད་པ་གསུངས་པ་དེ་ལྟར་དུ་སྨོས་ཅི་དགོས། སྤྱིར་བཏང་མིའི་མི་ཚེའི་ནང་ལ་ཆོས་འདི་ཡོད་ན་མི་དག་ལ་དཀའ་ངལ་འདྲ་མིན་འཕྲད་ཚེ་ངལ་གསོ་ལྟ་བུ་སྟེར་མཁན་ཆོས་འདི་གཅིག་པུ་རེད། ཡིན་ནའང་དེང་སང་ཕྱི་ལོག་གི་གནས་ཚུལ་འདྲ་མིན་གྱི་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཏེ་བོད་མི་ཚོ་ནང་ཆོས་ལ་དོ་སྣང་ཅུང་ཙམ་ཆུང་དུ་འགྲོ་བ་ལྟ་བུ་སྟེ། འཛམ་བུ་གླིང་གི་མི་རིགས་གཞན་པ་དག་ཚུར་འདུ་གི་ཡོད་ན་ང་རང་ཚོའི་ཕ་མེས་ནས་བརྒྱུད་པའི་ནང་ཆོས་རྒྱ་མཚོར་ཁ་ན་ཐིབས་པ་བཞིན་ཕར་མེད་སོང་ན་སྤྱི་སྒེར་གཉིས་ཀ་གྱོང་ཆེན་པོ་རེད།
ཁར་རྩང་དེ་རིང་གི་མི་མང་ཆེ་བ་སློབ་སྦྱོང་ཡོད་མཁན་དང་། ལྷག་པར་དུ་གཞོན་སྐྱེས་མང་ཆེ་བ་ཆོས་ཅུང་ཟད་ཙམ་ཤེས་མཁན་ཡིན་པས་བསམ་བློ་འདྲ་མིན་མང་པོ་འཁོར་སྲིད་པ་རེད། ཡིན་ཡང་ནང་ཆོས་ཀྱི་ཡང་སྙིང་དེ་ངོས་ཟིན་ན་དངོས་གནས་བྲོ་བ་ལྟ་བུ་ཉམས་སུ་མྱོང་གི་རེད། དེས་ན་ནང་པའི་ཆོས་འདི་ལ་རྒྱུ་མཚན་ཡོད་པ། དེ་ལ་བརྟེན་ནས་ཕན་ཐོག་རྒྱ་ཆེར་ཡོང་བ་སོགས་ཀྱི་གནས་ཚུལ་ལེགས་པར་ཤེས་ན་ཆོས་འདི་ལ་མི་དད་རང་དད་རང་དབང་མེད་པ་སོགས་ཀྱི་དགེ་མཚན་ཐོབ་ཀྱི་ཡོད་རེད།
ཞན་ཕན་ཕུན་ཚོགས་གླིང་དུ་བྱང་ཆུབ་ཀུན་དགས་སྤེལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།