(སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་ལས་སྡེ་ཚན་ཞེ་དྲུག་པ།)
བཅོམ་ལྡན་འདས་ལ་མཐུན་འགྱུར་ཞུ་མཁན་གྱི་རྒྱལ་པོ་ཞིག (ཚན་པ་དང་པོ།)
རྒྱལ་པོ་རབ་གསལ(KING PASENADI)ཞེས་བྱ་བ་ནི་ཀོ་ས་ལའི་རྒྱལ་ཕྲན་གྱི་རྒྱལ་པོ་ཡིན་ཞིང་། ཁོང་གི་རྒྱལ་ས་མཉན་ཡོད(SAVATTHI)ནི་གང་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་དབང་བསྒྱུར་པའི་རྒྱལ་ཕྲན་དབུས་འགྱུར་འཆང་གི་བྱང་ཕྱོགས་སུ་ཆགས་ཡོད། ཁོང་གི་སྲིང་རྣམས་ལས་གཅིག་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་གཙོ་བོ་དེ་ཡིན་སྟབས། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཁོང་རྣམ་གཉིས་གཉེན་ཚན་དུ་ཡང་འགྲོ།
རྒྱལ་པོ་རབ་གསལ་ཁོངས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་སྡེ་ཚོགས་བསྐྱངས་པའི་དུས་མགོ་ཙམ་ནས་བཅོམ་ལྡན་འདས་ཀྱི་སློབ་མར་གྱུར་ཅིང་། དུས་རྟག་ཏུ་ཁོང་ལ་དད་དམ་གཙང་ཞིང་དུང་ཞེན་དཀར་བའི་སྒོ་ནས་མཐུན་འགྱུར་གང་ནུས་ཞུ་བཞིན་ཡོད། ཁོང་གི་བཙུན་མོའི་གཙོ་བོ་དེའི་མཚན་ལ་མལ་ལི་ཀ(MALLIKA)ཟེར་ཞིང་། མོ་རང་ནི་སངས་རྒྱས་ཀྱི་ཆོས་ལ་དད་སེམས་ཆེ་ཞིང་ཤེས་རབ་མྱུར་ལ་རྣམ་དཔྱོད་ཀྱིས་ཕྱུག་པ། དམ་པའི་ཆོས་ཀྱི་གོ་རྟོགས་ལ་མངའ་བརྙེས་པ་ཞིག་ཡིན་པར་བརྟེན། ཐེངས་འགར་ཆོས་ཀྱི་སློབ་སྟོན་པའི་འགན་ཡང་བཞེས་མྱོང་།
རྒྱལ་པོ་རབ་གསལ་དང་ཐོག་སངས་རྒྱས་བཅོམ་ལྡན་འདས་དང་མཇལ་སྐབས། ཁོང་གིས་སང་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། མགོན་པོ་ལགས། ཁྱེད་ནི་དགུང་ལོའི་ཆ་ནས་ཧ་ཅང་གི་སྐུ་ན་གཞོན་གཞོན་རེད་ལ། བསླབ་པའི་ཆ་ནས་ཀྱང་ད་དུང་གསར་པ་རེད། དེས་ན་ཁྱོད་ཀྱིས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཟིན་ཅེས་ཅི་ལྟར་གསུང་གི་ཡོད། ཅེས་བཀའ་འདྲི་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ལགས། སྤྱིར་ན་ཆུང་ཆུང་དང་གསར་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། གཤམ་གསལ་གྱི་དཔེ་མཚོན་བཞི་ལ་མཐོང་ཆུང་དང་སྣང་མེད་བྱེད་མི་རུང་བ་ཡིན།
དེས་ན་དཔེ་མཚོན་བཞི་ནི། དཔའ་མཛངས་ལྡན་པའི་དམག་མི་ཆུང་ཆུང་དང་། སྦྲུལ་དང་། མེ། གསར་ཞུགས་ཀྱི་དགེ་འདུན་པ་བཅས་ཡིན།
༡༽ ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་ལོ་གཞོན་དམག་མི་རྣམས་ཀྱིས་ཁོང་ཁྲོ་ཞིང་འཚིག་པ་ཟོས་ན་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་གནོད་པ་ཚབས་ཆེན་བཟོ་སྲིད།
༢༽ སྦྲུལ་ཆུང་ཆུང་ཡིན་ཡང་སོ་བརྒྱབ་ན་འཆི་སྲིད།
༣༽ དང་ཐོག་མེ་ཆུང་ངུ་ལས་མེད་ཀྱང་དེ་གསོད་མ་ཐུབ་ན་མེ་ཕུང་ཆེན་པོར་མཆེད་ནས་ནགས་ཚལ་དང་རི་ར་བ་ཁང་ཁྱིམ་རྣམས་ཀྱང་སྐད་ཅིག་ལ་འཇོམས་སྲིད།
༤༽ དགེ་འདུན་པ་བསླབ་པ་གསར་པ་ཞིག་ཡིན་ཡང་ཚུལ་བཞིན་བསླབ་པ་ལ་ཉམས་སུ་བླངས་ན་འཕགས་པའི་གོ་འཕང་འཐོབ་སྲིད། ཅེས་གསུངས་སོ། །དེ་ལྟར་རྒྱལ་པོ་རབ་གསལ་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ནས་གསུང་གི་གདམས་པ་དེ་དག་ཐོས་པས། ཁོང་གི་ཆེས་རྨད་དུ་བྱུང་ཞིང་བླ་ན་མེད་པའི་སློབ་དཔོན་ཞིག་ཡིན་པར་ཡིད་ཆེས་ཀྱི་ངེས་པ་རྙེད་ནས་ཁོང་གི་རྗེས་སུ་འབྲང་རྒྱུའི་ཐུགས་ཐག་གཙང་བཅད་གནང་། དུས་དེ་ནས་བཟུང་རྒྱལ་པོ་རབ་གསལ་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ནས་བཀའ་སློབ་ལམ་སྟོན་ཞུ་རྒྱུར་ཧ་ཅང་གི་མཉེས་པོ་གནང་གི་ཡོད་སྟབས། སྲིད་དབང་གི་མཛད་བྲེལ་གྱི་གསེང་བར་ནས་ཀྱང་གོ་སྐབས་བཙལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་ཆོས་ཉན་བྱེད་ཀྱི་ཡོད།
ཉིན་ཞིག་རྒྱལ་པོ་རབ་གསལ་གྱིས་སངས་རྒྱས་བཅོམ་ལྡན་འདས་དང་བཀའ་མོལ་གནང་བཞིན་པའི་སྐབས། རྒྱལ་པོ་རབ་གསལ་གྱི་བཙུན་མོ་མལ་ལི་ཀ(MALLIKA)ལ་སྲས་མོ་ཞིག་འཁྲུངས་པའི་གནས་ཚུལ་འབྱོར་ན་ཡང་། ཁོང་གིས་སྲས་ཤིག་འཁྲུངས་རྒྱུར་རེ་སྨོན་བྱེད་ཀྱི་ཡོད་སྟབས་གནས་ཚུལ་དེས་དེ་ཙམ་གྱི་མཉེས་པོ་མ་བྱུང་།
འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཀྱི་སློབ་དཔོན་གཞན་དག་དང་མི་འདྲ་བར་བུད་མེད་རྣམས་ལ་ཡང་གདེང་འཇོག་གི་བཀའ་མོལ་གནང་མཁན་ཞིག་ཡིན་སྟབས། ཁོང་གིས་རྒྱལ་པོ་རབ་གསལ་ལ་སྨྲས་པ། རྒྱལ་པོ་རིན་པོ་ཆེ། བུད་མེད་ཀྱི་རིགས་ཁ་ཤས་ལ་ནི་རྣམ་དཔྱོད་ཀྱི་དཔལ་རྒྱས་ཤིང་ལུས་ཀྱི་སྤྱོད་ལམ་མཛེས་པ། དེ་བཞིན་ངག་གི་སྨྲ་བརྗོད་བདེ་ལ་སེམས་ཀྱི་ཀུན་སློང་གཙང་བ་སོགས་རྣམ་པར་དག་པའི་བཟང་པོའི་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པ། མ་ཟད་རང་གི་ཁྱོ་གའི་ཨ་མ་ལ་ཡང་ལྷ་མོའི་འདུ་ཤེས་བཞག་སྟེ་བརྩི་བཀུར་ཞུ་བ་སོགས་སྐྱེས་པ་ལས་ཀྱང་ཧ་ཅང་གིས་འཇོན་པ་ཡོད། དེར་བརྟེན་བུད་མེད་དེའི་རིགས་ཀྱིས་ཉིན་ཞིག་དཔའ་མཛངས་ཕུལ་དུ་བྱུང་ཞིང་རྒྱལ་སྲིད་ལ་དབང་སྒྱུར་བྱེད་ནུས་པའི་སྐུ་སྲས་རེ་ཡང་སྐྱེད་སྲིང་བྱེད་ཐུབ་པ་ཡིན། ཞེས་བཀའ་བསྩལ།
ཉིན་ཞིག་རྒྱལ་པོ་རབ་གསལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ལ་སྨྲས་པ། ཡ། བརྩེ་བའི་རྒྱལ་པོ་ལགས། ནམ་ཞིག་གི་ཚེ་ང་རང་ཚོས་སེམས་ཁུར་དང་བྱམས་སྐྱོང་བྱེད་སའི་གང་ཟག་དེས་ང་ཚོར་སྡུག་བསྔལ་དང་འགྱོད་གདུང་། ན་ཟུག་དང་བློ་ཕམ་སོགས་མདོར་ན་བྱེད་ཐབས་བྲལ་བའི་ཆག་སྒོ་དེ་འདྲ་ཁྱེར་ཡོང་གི་རེད། ཅེས་གསུངས། དེ་ནས་རྒྱལ་པོས་རང་གི་བཙུན་མོ་མལ་ལི་ཀ་ལ་སངས་རྒྱས་ཀྱིས་གསུངས་པའི་གདམས་པ་དེ་ལ་གནས་ལུགས་ཡོད་མེད་ཀྱི་བཀའ་འདྲི་གནང་བར། བཙུན་མོ་ན་རེ། དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ཡོད་ན་དེ་ནི་བདེན་པ་ཡིན་པ་ཐག་གིས་ཆོད། ཅེས་ཞུས་ནའང་རྒྱལ་པོའི་དགོངས་པར། ང་ཚོས་བརྩེ་བ་དང་བྱམས་སྐྱོང་བྱེད་ས་དེས་ང་རང་ཚོར་ཇི་ལྟར་བྱས་ནས་སྡུག་བསྔལ་འཁྲིད་ཡོང་གི་ཡོད་དམ་སྙམ་སྟེ་ཡ་མཚར་སྐྱེས་ཤིང་བཙུན་མོའི་དྲིས་ལན་དེ་ཡིས་ཀྱང་ཡིད་ཚིམས་པ་ཞིག་མ་བྱུང་།
དེ་ནས་བཙུན་མོ་མལ་ལི་ཀ་བྲམ་ཟེ་ཞིག་གི་མདུན་དུ་བཅར་ནས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐོར་བཀའ་འདྲི་ཞུ་རྒྱུར་གསོལ་བ་བཏབ་པ་བཞིན། བྲམ་ཟེ་དེས་སངས་རྒྱས་ཀྱི་མདུན་ནས་སྒྲུང་གཏམ་མང་པོ་ཞིག་གསན་རྗེས་ཁོང་གིས་བཙུན་མོ་ལ་ཅི་བཞིན་འགྲེལ་བརྗོད་ཞུས། དེ་ནས་བཙུན་མོས་རྒྱལ་པོ་ལ་དྲིས་པ། རྒྱལ་པོ་རིན་པོ་ཆེ། ཁྱེད་ལ་ངེད་གཉིས་ཀྱི་སྲས་མོ་ཝ་ཇི་རའི་(VAJIRA)སྐོར་ལ་བསམ་ཚུལ་གང་འདྲ་ཡོད། སྲས་མོ་ཁྱེད་ལ་བརྩེ་གདུང་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། རྒྱལ་པོ་ན་རེ། བཙུན་མོ་ལགས། དེ་ཡོད་དང་ཡོད། མོ་རང་ང་ལ་ཧ་ཅང་གི་བརྩེ་བ་ཡོད། ཅེས་གསུངས།
དེ་ནས་ཡང་བཙུན་མོ་ན་རེ། གལ་སྲིད་ངེད་གཉིས་ཀྱི་སྲས་མོ་ཝ་ཇི་ར་ལ་བཀྲ་མི་ཤིས་པའི་ཆག་སྒོ་འདྲ་བྱུང་ན། མོ་རང་གིས་ངེད་གཉིས་ལ་སྡུག་བསྔལ་དང་འགྱོད་གདུང་། ན་ཟུག་དང་བློ་ཕམ་སོགས་འཁྲིད་ཡོང་བ་མ་ཡིན་ནམ། ཞེས་ཞུས་པར། རྒྱལ་པོས་ཀྱང་། ཨོ་རེད། ཏག་ཏག་རེད། ཅེས་གསུངས། དེ་ནས་སླར་ཡང་བཙུན་མོ་ན་རེ། རྒྱལ་པོ་ལགས། གནས་ཚུལ་འདི་ནི་དེ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རང་གིས་གང་དུ་བརྩེ་བ་དང་བྱམས་སྐྱོང་བྱེད་ས་དེས་རང་ཉིད་ལ་སྡུག་བསྔལ་དང་འགྱོད་གདུང་། ན་ཟུག་དང་བློ་ཕམ་སོགས་འཁྲིད་ཡོང་གི་རེད་གསུངས་པའི་གདམས་པ་དེ་དང་འབྲེལ་བ་ཡོད། ཅེས་ཞུས་པར་རྒྱལ་པོ་རབ་གསལ་ན་རེ། བཙུན་མོ་མལ་ལི་ཀ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆེས་ཕུགས་རྒྱང་རིང་བའི་གསང་བ་དག་མཁྱེན་འདུག་པས། དེ་ནི་ཇི་འདྲའི་ངོ་མཚར་རྨད་དུ་བྱུང་བ་ཞིག ཅེས་གསུངས།
སྐབས་ཤིག་རྒྱལ་པོ་རབ་གསལ་གྱིས་རང་གི་སྲིད་དབང་ཚ་བོ་མ་སྐྱེས་དགྲ་ལ་ཤོར་ཏེ་ཁོང་མཉན་ཡོད་ཀྱི་རྒྱལ་ས་ལ་ཕྱིར་ལོག་བྱེད་དགོས་བྱུང་། དེ་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གི་སློབ་མའི་ཚོགས་ལ་སྨྲས་པ། དམག་འཐབ་གཡུལ་འགྱེད་ཀྱི་ཁྲོད་ནས་རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་ཉོ་མཁན་སུ་ལའང་བདེ་བའི་གོ་སྐབས་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སོགས་བཀའ་བསྩལ། དེ་ལྟར།
དམག་ལས་རྒྱལ་ན་དགྲ་བོ་འཕེལ། །
ཕམ་པར་གྱུར་ན་སྡུག་བསྔལ་བསྐྱེད། །
རྒྱལ་ཕམ་ཐག་གཅོད་ཡོངས་སྤང་ན། །
དགའ་སྐྱིད་དཔལ་གྱིས་འཚོ་བར་ངེས། །
ཞེས་སོ། །སླར་ཡང་ཐེངས་རྗེས་མའི་དམག་འཐབ་ཅིག་གི་ཁྲོད། རྒྱལ་པོ་རབ་གསལ་ལ་རྒྱལ་ཁ་ཐོབ་པ་མ་ཟད་ཚ་བོ་མ་སྐྱེས་དགྲ་ཡང་གསོན་བཟུང་བྱས་ཏེ། ཁོའི་གླང་ཆེན་དང་། ཤིང་རྟ། དམག་མི། རྟ་དང་བཅས་པ་འཕྲོགས། དེ་ནས་རྒྱལ་པོ་རབ་གསལ་གྱིས་ཐུགས་བསམ་ཞིག་བཞེས་ཏེ་ན་རེ། ངས་རང་གི་ཚ་བོ་མ་སྐྱེས་དགྲ་གློད་གྲོལ་གཏོང་གི་ཡིན། འོན་ཀྱང་ཁོའི་གླང་ཆེན་དང་། རྟ་དང་། དམག་མི་རྣམས་རྒྱལ་ཁ་ཐོབ་པའི་དྲན་རྟེན་གྱི་ཚུལ་དུ་ཉར་དགོས། ཞེས་གསུངས།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནས་ཚུལ་དེ་མཁྱེན་རྗེས་ཁོང་གིས་སློབ་མའི་ཚོགས་ལ་འདི་ལྟར། རྒྱལ་པོ་རབ་གསལ་གྱིས་ཐེངས་འདིའི་དམག་འཐབ་ཁྲོད་ཀྱི་ཅ་དངོས་གང་ཡང་བཙན་ཉར་མ་གནང་ན་དེ་ནི་རྣམ་དཔྱོད་ལྡན་པའི་བྱེད་སྟངས་རེད། ཅེས་གསུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མཆིད་ཀྱི་གདམས་པ་དེ་ནི། དེང་གི་དུས་སུ་ཡང་འཛམ་གླིང་གི་དམག་འཐབ་ཁྲོད་གནས་ཤིང་ལག་ལེན་བསྟར་བཞིན་པ་རེད།
དེ་བཞིན་སངས་རྒྱས་ཀྱིས། མི་ཞིག་གི་རང་ཉིད་ཀྱི་འདོད་མོས་ལྟར། གཞན་ལ་ཇག་རྐུན་འཕྲོག་བཅོམ་གྱི་བྱ་བ་བྱས་ཚེ་ཕམ་ཁ་ཤོར་བའི་སྐྱེ་བོ་གཞན་པ་དེས་ཀྱང་འཁོན་ལན་སློག་སྟེ་ཚུར་ཡང་འཕྲོག་བཅོམ་བྱེད། དེ་ལྟར་བྱས་ཏེ་ལས་འབྲས་ཀྱི་འཁོར་ལོ་བརྒྱུད་མར་འཁོར་ནས་སྐྱེ་བོ་གཞན་པ་དེ་ཡང་ཇག་རྐུན་ཏུ་འགྱུར། ཞེས་ཀྱང་གསུངས།
རྒྱལ་པོ་རབ་གསལ་ནི་ཁོང་གི་སྲས་ཝི་དུ་ད་བྷ(VIDUDABHA)ཡིས་ངོ་ལོག་བྱེད་པའི་སྐབས་ཏེ་དགུང་གྲང་བརྒྱད་ཅུ་ཐམ་པའི་ཐོག་ཚེའི་དུས་བྱས་སོ། ། རྗེས་མ>>>
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།