ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་རྡུལ་ཕྲན་གྱི་གཏམ། མུ་འགོད། ༢


རྩོམ་པ་པོ།  ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

གྲུབ་མཐའ་གོང་མའི་རྡུལ་ཕྲན་གྱི་རྣམ་གཞག་མདོ་ཙམ།

རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་ལུགས་ལ། རྫས་རྡུལ་ཕྲ་རབ་དང་བསགས་རྡུལ་གཅིག་འགྲུབ་པ་ལ་རྫས་རྡུལ་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་དངོས་སུ་ཚོགས་མི་དགོས་ཀྱང་དེ་དག་གི་བྱེད་ལས་སམ་ནུས་པ་དང་ངེས་པར་ལྷན་ཅིག་ཏུ་ཚོགས་དགོས་ཞེས་སྨྲ་ལ། གལ་ཏེ་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་ལུགས་ལ། རྫས་རྡུལ་ཕྲ་རབ་དང་བསགས་རྡུལ་གཅིག་འགྲུབ་པ་ལ་རྫས་བརྒྱད་ལྷན་ཅིག་ཏུ་ངེས་པར་ཚོགས་མི་དགོས་ན། རྡུལ་ཕྲ་རབ་གཅིག་ལ་རྡུལ་དུ་མས་བསྐོར་བར་འདོད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྐོར་མཁན་གྱི་རྡུལ་ནི་འབྱུང་བ་བཞི་གའི་རྫས་རྡུལ་དུ་མི་འདོད་པར་རང་ཉིད་མེའི་རྫས་རྡུལ་ཡིན་ན། མེའི་རྫས་རྡུལ་གཞན་གྱིས་བསྐོར་ཞེས་པའི་དོན་ཡིན་སྙམ། ཆུའི་བསགས་རྡུལ་དང་ལྷན་ཅིག་ཏུ་ངེས་པར་རྫས་རྡུལ་གཞན་ཐམས་ཅད་ཚོགས་མི་དགོས་ཏེ། གལ་ཏེ་ཚོགས་དགོས་ན་མེའི་རྡུལ་སོགས་ཀྱང་ཆུའི་རྡུལ་དང་གྲངས་མཉམ་པར་འགྱུར་བས་ཅིའི་ཕྱིར་མེའི་ངོ་བོར་མ་གྲུབ་པར་ཆུའི་ངོ་བོར་གྲུབ། ཅེས་རྡུལ་ཕྲ་རབ་གཞན་རྣམས་ངེས་པར་ཚོགས་དགོས་པར་མི་འདོད་ཅིང༌། ཆུའི་བསགས་རྡུལ་གྲངས་འབོར་རྒྱ་ཆེར་བསགས་པ་ལ་བརྟེན་ནས་ཆུར་འགྲུབ་ནུས་པར་འདོད། ཅེས་དང༌།

འོན་ཀྱང་ཆུའི་རྡུལ་ཕྲ་རབ་གཅིག་འགྲུབ་པར་རྡུལ་ཕྲ་རབ་གཞན་གྲངས་མཉམ་པ་ཚོགས་མི་དགོས་ཞེས་འདོད་པ་ལས་རྡུལ་ཕྲ་རབ་གཞན་རྣམས་གཏན་ནས་ཚོགས་མི་དགོས་ཞེས་འདོད་པ་ནི་མིན་ནོ། །

སེམས་ཙམ་པའི་ལུགས་ལ། རྫས་རྡུལ་ཕྲ་རབ་དང་བསགས་རྡུལ་ཕྲ་རབ་གཅིག་འགྲུབ་པ་ལ་རྫས་རྡུལ་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་ཚོགས་དགོས་པར་མི་འདོད་དེ། དེ་ཡང་དུས་རབས་བཞི་པའི་ནང་བྱོན་པའི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འདུས་པ་གང་ལ་འབྱུང་བ་དམིགས་པ་དེ་ནི་དེ་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། འབྱུང་བ་གཅིག་ལས་གྱུར་པའི་འདུས་པའང་ཡོད། འབྱུང་བ་གཉིས་ལས་གྱུར་པའང་ཡོད་པ་ནས། འབྱུང་བ་ཐམས་ཅད་ལས་གྱུར་པའང་ཡོད་དོ། །ཞེས་གསུངས་པ་ལྟར། དཔེར་ན། འབྱུང་བ་མེའི་རྡུལ་ཕྲ་རབ་ཁོ་ནས་གྲུབ་པ་ནི། མེའི་ཕུང་པོ་ལྟ་བུ་སྟེ་མེའི་རྡུལ་རྫས་རྐྱང་པ་བསགས་པ་ལས་གྲུབ་པ་དང༌། འབྱུང་བ་མེ་ཆུའི་རྡུལ་ཕྲ་རབ་ཁོ་ནས་གྲུབ་པ་ནི། ཆུ་ཚ་བ་ལྟ་བུ་མེ་ཆུ་གཉིས་ཀའི་རྡུལ་རྫས་ཚོགས་པ་ལས་གྲུབ་པར་སྨྲ། དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་ཀྱི་རྡུལ་རྫས་གཅིག་པུས་གྲུབ་པ་ནི། འོད་ལྟ་བུ་དང༌། སྒྲའི་རྡུལ་རྫས་དང་དྲིའི་རྡུལ་རྫས་ཁོ་ནས་གྲུབ་པ་ནི་རླུང་ལྟ་བུ། ཞེས་བཞེད་དོ། །

རྡུལ་ཕྲ་རབ་ཀྱི་ངོ་བོ་བཤད་པ།

འོ་ན་རྡུལ་ཕྲ་རབ་རྩོམ་གཞི་བྱས་ནས་བེམ་གཟུགས་ཀྱི་འདུས་བྱས་ཐམས་ཅད་གྲུབ་ཚུལ་དེ་ལྟར་ཡིན་ན། རྡུལ་ཕྲ་རབ་ཅེས་པ་དེ་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། དེ་ལ་རྡུལ་ཕྲ་རབ་འདོད་ཚུལ་ཐད་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ནང་ཕན་ཚུན་མི་མཐུན་པས་འདིར་ཐོག་མར་བྱེ་མདོ་གཉིས་ཀྱི་བཞེད་པ་ཅུང་མི་མཐུན་པ་རྣམས་སོ་སོའི་གཞུང་དང་སྦྱར་ནས་བཀོད་ན།

དང་པོ་བྱེ་བྲག་སྨྲ་བས་ནི། བེམ་གཟུགས་ཀྱི་དངོས་པོའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་རབ་ནི། ཆ་ཤས་མེད་པ། གཅིག་ལ་དུ་མས་བསྐོར་ཅིང༌། ཕན་ཚུན་མ་རེག་པར་གནས་པར་འདོད་དེ། མཆིམས་ནམ་མཁའ་གྲགས་པའམ་མཆིམས་འཇམ་པའི་དབྱངས་( 1210-1285) ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལས། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། ཞེས་དང༌། སློབ་དཔོན་དགེ་འདུན་སྲུང་( དུས་རབས་གཉིས་པ་དང་གསུམ་པ་ཡས་མས་སུ་བྱོན) གིས་མཛད་པའི་ཕྱི་རོལ་དོན་གྲུབ་ལས། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། ཞེས་གསུངས་སོ། །

དེ་ལ་ཆ་ཤས་མེད་པ་སྟེ། ཕྱོགས་ཀྱི་ཆ་མེད་པ། གཅིག་ལ་དུ་མས་བསྐོར་བ་སྟེ། དབུས་རྡུལ་ཕྲ་རབ་གཅིག་ལ་རྡུལ་ཕྲ་རབ་གཞན་གྱིས་མཐའ་བསྐོར་བ། ཕན་ཚུན་མ་རེག་པར་གནས་པ་སྟེ། རྡུལ་ཕྲ་རབ་གཅིག་ལ་རྡུལ་ཕྲ་རབ་གཞན་གྱིས་བསྐོར་ཚེ། དེ་གཉིས་བར་སྟོང་དང་བཅས་ནས་བསྐོར་བའོ། །

གལ་ཏེ་བྱེ་སྨྲས་འདོད་པའི་རྡུལ་ཕྲན་གྱི་ངོ་བོ་བློ་ངོར་འཆར་བདེའི་ཆེད་རི་མོར་བཀོད་ན་འདི་ལྟར་ཡིན་སྙམ། ཡིན་ན་ཡང་རི་མོ་འདི་ཕྲན་གྱིས་གསར་དུ་བྲིས་པས་འགྲུགས་མིན་བརྟག་པར་འཚལ། མ་འོངས་པར་ནང་པའི་གཞུང་ཁག་ནས་བཤད་པའི་རྡུལ་ཕྲན་གྱི་ངོ་བོ་དང་དབྱེ་བ་སོགས་རི་མོའི་ལམ་ནས་ངོ་སྤྲོད་བྱེད་ཐུབ་ན་དེང་དུས་ཀྱི་འགྲོ་སྟངས་དང་འཚམས་པར་མ་ཟད་ཕན་ཐོགས་ཀྱང་ཆེ་བར་མཐོང་།

བྱེ་བྲག་སྨྲ་བས། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར། ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ་ཞེས་པའི་དོན་ལ། ཁ་ཅིག་གིས་བར་སྣང་སྟོང་སང་དུ་ཤིན་ཏུ་ཕྲ་བའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་བར་དང་བཅས་ནས་གནས་པའི་ཚེ་རྡུལ་ཕྲ་རབ་གཅིག་ལ་ལྟོས་ཏེ་རྡུལ་ཕྲ་རབ་གཞན་རྣམས་དེའི་ཉེ་འགྲམ་དུ་མ་རེག་པར་བར་དང་བཅས་པ་ཙམ་ལ་གཅིག་ལ་དུ་མས་བསྐོར་བ་ཞེས་པ་ལས་ཚན་རིག་པས་བརྗོད་པ་བཞིན་སྡེ་ཚན་སོ་སོར་ཕྱེ་ནས་རྡུལ་ཕྲ་རབ་གཅིག་ལ་རྡུལ་ཕྲ་རབ་གཞན་དུ་མས་བསྐོར་བའི་དོན་མིན་ཟེར། དེ་ལྟར་ན་བྱེ་བྲག་སྨྲ་བའི་ལུགས་ལ། རྡུལ་ཕྲ་རབ་ཟླ་མེད་ཡན་གར་བར་གནས་པ་དང༌། རྡུལ་ཕྲ་རབ་ཆ་མེད་གཅིག་པུར་གནས་པ་མེད་པར་འགྱུར་དགོས་ཀྱང༌། དེ་ལྟར་ཡོད་པར་སེམས་ཏེ། མཆིམས་འཇམ་པའི་དབྱངས་( 1210-1285) ཀྱིས་མཛད་པའི་མཆིམས་མཛོད་ལས། བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ། །ཞེས་དང༌། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་( 1478-1554) མཛོད་ཤེས་བྱ་རབ་གསལ་ལས་ཀྱང༌། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྔ་མ་རྫས་རྡུལ རྡུལ་གང་དང་ཡང་ལྷན་ཅིག་མ་བྱུང་བར་དང་པོར་སྐྱེས་པའི་རྡུལ་ཕྲ་རབ་ཅིག་ལ་འཇོག ཅེས་གསུངས་པའི་ཕྱིར་དང༌། གཞན་ཡང༌། རྫས་རྡུལ་དང་བསགས་རྡུལ་གཉིས་ཀྱི་ཁྱད་པར་ལས་ཤེས་ནུས་སོ། །

གལ་ཏེ་དབུས་རྡུལ་གྱི་ཕྱོགས་གཅིག་གིས་སྐོར་མཁན་གྱི་རྡུལ་ལ་རེག་ན་རེག་པའི་ཕྱོགས་དང་མ་རེག་པའི་ཕྱོགས་གཉིས་ཡོད་པར་འགྱུར་བས་དབུས་རྡུལ་དེ་ཉིད་ཆ་བཅས་སུ་གྱུར་ལ། དབུས་རྡུལ་གྱི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ནི་དེ་རྣམས་འདྲེས་པར་འགྱུར་ཞེས་འདོད་དེ། ཁ་ཆེའི་བྱེ་བྲག་སྨྲ་བའི་སློན་དཔོན་དགེ་འདུན་སྲུང་གིས་མཛད་པའི་ཕྱི་རོལ་དོན་གྲུབ་ལས། རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲ་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའོ། ། རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟན་བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱིས། །དེ་ནི་མང་པོས་ཡོངས་བསྐོར་པར། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་དང༌། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་སོ། །

འོ་ན་དབུས་རྡུལ་དང་སྐོར་མཁན་གྱི་རྡུལ་ཕྲ་རབ་གཉིས་མ་འབྱར་བར་བར་སྟོང་དང་བཅས་ནའང་སོ་སོར་མ་གྱེས་པར་ལྷན་ཅིག་ཏུ་ཚོགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་བྱེ་བྲག་སྨྲ་བས་འདི་ལྟར་སྨྲ་སྟེ། དབུས་རྡུལ་དང་སྐོར་མཁན་གྱི་རྡུལ་གཉིས་ཀྱི་ནུས་པའམ་འཐེན་ཤུགས་དང་རླུང་གིས་ཕན་ཚུན་བཟུང་བས་ཞིག་པར་མི་འགྱུར་ཞེས་སྨྲ་སྟེ། དེ་ཡང་སློབ་དཔོན་དགེ་འདུན་སྲུང་གི་ཕྱི་རོལ་དོན་གྲུབ་ལས། ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ན་བརྒྱུས་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །འཛིན་པ་ལུ་གུ་རྒྱུད་བཞིན་དུ། །ཞེས་གསུངས།

ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་སློབ་དཔོན་བཙུན་པས་ཀྱང༌། རྡུལ་ཕྲ་རབ་ཆ་མེད་དང༌། གཅིག་ལ་དུ་མས་བསྐོར་བར་འདོད་པ་སྔར་དང་མཚུངས་ཀྱང༌། བར་མེད་པར་གནས་པར་འདོད་དེ། ཞེས་དང༌། ཡང་རེག་པར་འདུ་ཤེས་པ་ཡིན་གྱི་རེག་པ་ནི་མ་ཡིན་ཏེ། ཆ་བཅས་སུ་ཐལ་བའི་སྐྱོན་དང༌། ཞེས་གལ་ཏེ་རེག་ན་ཕྱོགས་གཅིག་གིས་རེག་ལ། ཕྱོགས་གཅིག་གིས་མ་རེག་ན། རེག་མ་རེག་པའི་ཆ་གཉིས་ཡོད་པར་འགྱུར་བས་ཆ་བཅས་སུ་ཐལ་བར་འགྱུར། ཞེས་སྨྲ། བར་དང་བཅས་ནའང་བར་དེར་སྣང་མུན་གྱི་རྡུལ་ཕྲ་རབ་འཇུག་པར་འགྱུར་ཞེས། དེ་གཉིས་ཕན་ཚུན་ཕྲད་པ་མེད་ན་དེའི་བར་དུའང་རྡུལ་གཞན་ཡོད་དགོས་པས་མཐར་རྡུལ་ཕྲ་རབ་གཉིས་ཚོགས་པའི་བར་དུ་སྲིད་པ་གསུམ་ཡང་ཤོང་བར་འགྱུར་རོ། །དེའི་ཕྱིར། བར་མེད་འདོད་ཅེས་སྨྲ།

འོ་ན་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རྡུལ་ཕྲ་རབ་ཆ་མེད་འདོད་ན། རྡུལ་ཕྲ་རབ་ཀྱི་དོན་དང་རྡུལ་ཕྲ་རབ་ཆ་མེད་འདོད་ཚུལ་ཇི་ལྟར་ཡིན་ཞེ་ན། རྡུལ་ཕྲ་རབ་ཀྱི་དོན་ནི། བློས་རྡུལ་དེ་ལས་ཆུང་ངུར་འབྱེད་མི་ནུས་པའི་རྡུལ་ཞིག་གམ། ཡང་ན་རང་གི་བདག་ཉིད་དུ་གྱུར་པའི་བགོ་ཆ་མེད་པའི་རྡུལ། ཡང་ན། རྡུལ་དེ་ལས་ཆུང་ངུར་གཏོང་རྒྱུ་མེད་པའི་རྡུལ་ཞིག་ལ་འཇོག་སྟེ། དེ་ཡང་དུས་རབས་བཞི་པའི་ནང་བྱོན་པའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྡུལ་ཕྲ་རབ་བསགས་པ་ནི་གཟུགས་འདུས་པའམ་ཞེས་གང་བརྗོད་པ་དེ་ལ། རྡུལ་ཕྲ་རབ་ལུས་མེད་པར་རིགས་པར་བྱའོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་སྟེ། ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་( 1385-1438) དུས་འཁོར་ཊིཀ་བཤད་ལས། རོའི་རྡུལ་ཕྲ་རབ་ཅེས་པ་ནི་དེ་འདྲ་བ་དེ་ཉིད་བློས་ཅི་ཙམ་དབྱེ་བར་ནུས་ཀྱི་བར་དུ་མཐར་རྣམ་པར་ཕྱེ་བའི་ཆུང་མཐར་ཡིད་ངོར་སྣང་བ་རྡུལ་ཕྲ་རབ་ཅེས་པའི་ཐ་སྙད་བཏགས་པ་ཙམ་མོ། །དེ་ལྟར་བཤད་པ་ནི་གཞུང་ཆེན་མོ་གཞན་དག་ལས་ཀྱང་མང་དུ་འབྱུང་ངོ༌། །ཞེས་གསུངས་སོ། །

འོ་ན། རྡུལ་ཕྲ་རབ་འདོད་པའི་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྡུལ་ཕྲ་རབ་ཀྱི་དོན་འཇོག་ཚུལ་ལ་ཁྱད་པར་མེད་དམ་ཞེ་ན། དེ་ལ་ཁྱད་པར་མེད་སྙམ་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་( 1648-1721)གྲུབ་མཐའ་ཆེན་མོ་ལས། འདི་ལས་ཕྲ་བ་དང་ཆུང་བའི་གཟུགས་གྲུབ་མཐའ་བཞི་པོ་སུ་ཡང་མི་འདོད་ལ། འདི་ལ་གསིལ་རྒྱུ་གཞིག་རྒྱུ་མེད་པ་མཐུན་ཡང༌། ཆ་ཡོད་མེད་ཙམ་ལ་གྲུབ་མཐའ་གོང་འོག་རྩོད་ཅིང༌། ཞེས་དང༌། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་(1846-1912) དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། རྡུལ་ཕྲ་རབ་དེ་ལས་ཆུང་ངུར་གཏོང་རྒྱུ་མེད་པ་ཞིག་ཡོད་པར་འདོད་པ་ནི་རྡུལ་ཕྲ་རབ་འདོད་པ་སྤྱིའི་ལུགས་ཡིན་ལ། ཞེས་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་( 1898-1946) དྲང་ངེས་འཇུག་ངོགས་ལས། བློས་དེ་ལས་ཆུང་ངུར་འབྱེད་མི་ནུས་པའི་རྡུལ་ཕྲ་བའི་མཐར་ཐུག་པ་ཞིག་ལ་རྡུལ་ཕྲ་རབ་ཏུ་འཇོག་པ་གོང་འོག་མཐུན་ཡང༌།ཞེས་དང༌། འོག་མས་རྡུལ་ཕྲ་རབ་ལ་བློས་ཆ་གསིལ་རྒྱུ་མེད་པ་དང་གོང་མས་དེ་ཡོད་པར་འདོད་པའང་མ་ཡིན་ཏེ། གོང་མས་ཀྱང་ཡོད་པར་མི་འདོད་པའི་ཕྱིར་ཏེ། གཞན་དུ་ན་རྡུལ་གཅིག་ལ་རྡུལ་དྲུག་གིས་བསྐོར་བ་ན་ཤར་ཆ་དེ་རྡུལ་ཕྲ་རབ་དེ་ལས་ཆུང་བར་ཐལ་བའི་ཕྱིར་རོ། །ཞེས་གསུངས་སོ། །

འོ་ན་གྲུབ་མཐའ་གོང་མ་རྣམས་ཀྱིས་རྡུལ་ཕྲ་རབ་ཆ་མེད་འདོད་པར་ཐལ། རྡུལ་ཕྲ་རབ་ལ་དེ་ལས་ཆུང་ངུར་བློས་ཆ་གསིལ་རྒྱུ་མེད་པ་འདོད་པའི་ཕྱིར། ཞེ་ན། དེ་ཙམ་ཁས་བླངས་པས་རྡུལ་ཕྲ་རབ་ཆ་མེད་ཁས་ལེན་མི་དགོས་ཏེ། རྡུལ་ཕྲ་རབ་ཆ་མེད་ཁས་ལེན་ཚུལ་ནི། རྡུལ་ཕྲ་རབ་རང་ཉིད་ལ་ཕྱོགས་ཀྱི་ཆ་ཕྱེ་རྒྱུ་མེད་པ་ཞིག་ལ་འདོད་དགོས་ཏེ། རྡུལ་ཕྲ་རབ་ཆ་མེད་མི་འདོད་པའི་གྲུབ་མཐའ་གོང་མས་རྡུལ་ཕྲ་རབ་ཆ་མེད་འདོད་པའི་བྱེ་བྲག་སྨྲ་བ་འགོག་སྐབས་ཁྱོད་ཀྱིས་རྡུལ་ཕྲ་རབ་ཆ་མེད་འདོད་པ་མི་རིགས་ཏེ། དེ་འདྲ་བའི་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་དང་བཅས་པའི་ཕྱིར་ཏེ། རྡུལ་ཕྲ་རབ་གཅིག་ལ་རྡུལ་ཕྲ་རབ་དྲུག་གིས་བསྐོར་བ་ན་དབུས་རྡུལ་ཕྲ་རབ་ཀྱི་ཤར་ལ་རེག་པའི་རྡུལ་ཕྲ་རབ་ཀྱིས་དབུས་རྡུལ་ཕྲ་རབ་ཀྱི་ནུབ་ལ་མ་རེག་པ་དང༌། དབུས་རྡུལ་ཕྲ་རབ་ཀྱི་འོག་ལ་རེག་པའི་རྡུལ་ཕྲ་རབ་ཀྱིས་དབུས་རྡུལ་ཕྲ་རབ་ཀྱི་སྟེང་ལ་མ་རེག་པས་ཤར་གྱི་ཆ། ནུབ་ཀྱི་ཆ། འོག་གི་ཆ། སྟེང་གི་ཆ་སོགས་ཡོད་པའི་ཕྱིར། ཞེས་ཕྱོགས་ཀྱི་ཆ་མེད་འདོད་པ་མི་རིགས་ཏེ། ཞེས་གཙོ་བོ་ཕྱོགས་ཆ་ཡོད་མེད་བརྟགས་པའི་རིག་པས་རྡུལ་ཕྲ་རབ་ཆ་མེད་འགོག་པ་ལས་རྡུལ་ཕྲ་རབ་ལ་ཆ་གསིལ་རྒྱུ་ཡོད་མེད་བརྟགས་པའི་རིགས་པས་རྡུལ་ཕྲ་རབ་ཆ་མེད་འགོག་པར་མ་མཛད་པས་འགོག་ཚུལ་དེ་དག་ལ་གཞིག་ན་རྡུལ་ཕྲ་རབ་ཆ་མེད་ཀྱི་དོན་ལ། ཕྱོགས་ཀྱི་ཆ་འབྱེད་དུ་མེད་པའི་རྡུལ་ཕྲ་རབ་ཕྲ་མོ་ཞིག་འཇོག་དགོས་པ་ཕལ་ཆེར་དེ་དག་གིས་ཤེས་ནུས། མ་ཟད་རྡུལ་ཕྲ་རབ་ཆ་མེད་ཀྱི་དོན་འཇོག་ཚུལ་ལས་ཀྱང་ཤེས་ཏེ། རྗེ་ཐམས་ཅད་མཁྱེན་པའི་( 1357-1419) སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རགས་པའི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་ཡོད་པའི་རྡུལ། དཔེ། བུམ་པ་ལྟ་བུ། ཆ་མེད་ཀྱི་རྡུལ་གྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་མེད་པའི་རྡུལ། དཔེ། མདུན་གྱི་རྡུལ་ཆུང་ཐ་གཅིག་ལྟ་བུའོ། །ཞེས་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་( 1385-1438) གི་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ལྟར་རང་གི་བདག་ཉིད་ཡིན་ཅིང་རང་མིན་པའི་ཤར་ཆ་དང་ནུབ་ཆ་རྫས་ཐ་དད་དུ་མ་མེད་པ་ཆ་མེད་པའི་དོན་ཡིན་གྱི། སྤྱིར་ཤར་ནུབ་ཀྱིས་སྟོང་པ་ཆ་མེད་པའི་དོན་མ་ཡིན་ལ། རྡུལ་ཕྲ་རབ་དེའི་ཤར་རྡུལ་ཕྲ་རབ་དང་རྫས་ཐ་དད་ཡིན་གྱི། དེའི་ཆ་མ་ཡིན་པས་དེའི་ཤར་ཡོད་ཀྱང་དེ་ཕྱོགས་ཆ་དང་བཅས་པར་མི་འགྱུར་རོ། །ཁོའི་བདག་ཉིད་དུ་མ་གྱུར་པའི་ཆ་ཤས་ཡོད་པའི་ཕྱིར་ཏེ། ཁོའི་ཤར་ནུབ་སོགས་ཡོད་པའི་ཕྱིར་རོ། ཁོའི་ཤར་ནུབ་སོགས་ཀྱང་མེད་ན་ཕྱོགས་བཅུ་དབུས་དང་གང་ན་ཡང་མི་གནས་པའི་ཕྱིར།

གལ་ཏེ་དབུས་རྡུལ་ཕྲ་རབ་ཀྱི་ཤར་ལ་རེག་པའི་རྡུལ་ཕྲ་རབ་ཀྱིས་དབུས་རྡུལ་ཕྲ་རབ་ཀྱི་ནུབ་ལ་རེག་པ་དང༌། དབུས་རྡུལ་ཕྲ་རབ་ཀྱི་འོག་ལ་རེག་པའི་རྡུལ་ཕྲ་རབ་ཀྱིས་དབུས་རྡུལ་ཕྲ་རབ་ཀྱི་སྟེང་ལ་རེག་ན། དེ་ལྟར་ན་དབུས་རྡུལ་ཕྲ་རབ་གཅིག་ལ་ཕྱོགས་བཅུ་ནས་རྡུལ་ཕྲ་རབ་ཀྱིས་བསྐོར་ཀྱང་བོངས་ཚོད་ཆེ་རུ་མི་འགྲོ་བར་འགྱུར་ཏེ། དབུས་རྡུལ་ཕྲ་རབ་གཅིག་གི་གོ་ས་ན་ཕྱོགས་བཅུའི་རྡུལ་ཕྲ་རབ་རྣམས་ཀྱང་གོ་ས་གཅིག་ཏུ་འགྱུར་ཞིང༌། དེ་ལྟར་ན་ཕྱོགས་བཅུའི་རྡུལ་ཕྲ་རབ་ཅི་ཙམ་བསགས་ཀྱང་བོངས་ཚོད་ཆེ་རུ་མི་འགྲོ་བའི་ཕྱིར། ཞེས་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་མེད་ན། རྡུལ་ཕྲ་རབ་ཕོན་ཆེན་བསགས་ནས་ཆུ་སོགས་མི་འགྲུབ་པའི་སྐྱོན་གྲུབ་མཐའ་གོང་མས་བརྗོད་པ་ལྟར་ན་རྡུལ་ཕྲ་རབ་ཆ་མེད་འདོད་ཚུལ་དེ་རྡུལ་ཕྲ་རབ་ལ་ཕྱོགས་ཆ་མེད་པར་ཁས་ལེན་ཚུལ་ཡིན་པ་ཤེས་ནུས་པ་དང༌། མ་ཟད་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རྡུལ་ཕྲ་རབ་ཆ་མེད་འདོད་པ་ལ་ཕྱོགས་ཆ་ལ་བརྟགས་པའི་རིགས་པས་འགོག་པར་མཛད་པའི་གཞུང་དེ་དག་ལས་ཀྱང་ཤེས་ནུས་པའི་ཕྱིར། དེ་ཡང༌། སློབ་དཔོན་ཆེན་མོ་རྣམས་ཀྱི་གསུང་འདི་ལྟར་ཡོད་དེ། སློབ་དཔོན་དགེ་འདུན་སྲུང་གི་ཕྱི་རོལ་དོན་གྲུབ་ལས། རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲས་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟེན་བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །རྡུལ་ཕྲན་ཚུ་རོལ་ངོས་ན་གཅིག །ཕ་རོལ་གཞན་རྣམས་གནས་པ་ནི། །ཚུ་རོལ་ཕ་རོལ་ཆ་གཉིས་ཀྱིས། །རྡུལ་དེ་གཉིས་སུ་ཐལ་བ་མེད། །དུ་མའི་དབུས་ན་འདུག་པའི་ཕྱིར། །ཞེས་དང༌། ཡང་སེམས་ཙམ་པའི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཉི་ཤུ་པ་ལས་ཀྱང༌། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། ། ཞེས་དང༌། དེའི་རང་འགྲེལ་ལས་ཀྱང༌། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ༌། རྡུལ་ཕྲ་རབ་ཀྱི་ཤར་ཕྱོགས་ཀྱི་ཆ་ཡང་གཞན་པ་ནས་འོག་གི་ཆའི་བར་དུ་ཡང་གཞན་ཏེ། ཕྱོགས་ཀྱི་ཆ་ཐ་དད་ན་དེའི་བདག་ཉིད་རྡུལ་ཕྲ་རབ་གཅིག་པུར་ཇི་ལྟར་རུང༌། ཞེས་དང༌། ཡང་དེ་ཉིད་ཀྱི་རྩ་བ་དང་རང་འགྲེལ་ལས་ཀྱང༌། གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །ཞེས་དང༌། གལ་ཏེ་རྡུལ་ཕྲ་རབ་རེ་རེ་ལ་ཕྱོགས་ཀྱི་ཆ་ཐ་དད་པ་མེད་ན་ནི་ཉི་མ་ཤར་བའི་ཚེ་ངོས་གཞན་ན་ནི་གྲིབ་མ་མི་འབབ་པ་ཇི་ལྟར་འགྱུར་ཏེ། དེ་ལྟ་ནི་གང་དུ་ཉི་མ་མི་འབབ་པའི་ཕྱོགས་གཞན་མེད་དོ། གལ་ཏེ་ཕྱོགས་ཀྱི་ཕྱོགས་ཐ་དད་པར་མི་འདོད་ན་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་སྒྲིབ་པར་ཡང་ཇི་ལྟར་འགྱུར། ཞེས་དང༌། དུས་རབས་བརྒྱད་པའི་ནང་བྱོན་པའི་སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་ལས་ཀྱང༌། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང༌། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཞེས་སོགས་གསུངས་པ་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་( 1898-1946) དྲང་ངེས་འཇུག་ངོགས་ལས་ཀྱང༌། ཡང༌། བྱེ་མདོ་གཉིས་ཀྱིས་རྡུལ་ཕྲ་རབ་ཆ་བཅས་སུ་འདོད་པར་ཐལ། དེ་གཉིས་ཀྱིས་རྡུལ་ཕྲ་རབ་ལ་ལྡོག་ཆ་དུ་མ་འདོད་པའི་ཕྱིར་ན། མ་ཁྱབ་སྟེ། དེ་གཉིས་ཀྱིས་ཀྱང་ལྡོག་ཆ་མང་པོ་འབྱེད་དུ་མེད་པའི་རྡུལ་མི་འདོད་ཀྱང་ཕྱོགས་ཆ་འབྱེད་དུ་མེད་པའི་རྡུལ་ཕྲ་མོ་འདོད་པའི་ཕྱིར། ཞེས་སོགས་ཀྱི་བཞེད་པ་རྣམས་བྱུང༌།                                                                               རྗེས་མ།>>>

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*