ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་རྡུལ་ཕྲན་གྱི་གཏམ། མུ་འགོད། ༣


རྩོམ་པ་པོ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

 

རྡུལ་གྱི་དབྱེ་བ་དང་ཁ་དོག་སོགས་ལ་དཔྱད་པ།

དེས་ན་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་ཁས་ལེན་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེ་ན། ཕལ་ཆེར་འདི་ལྟར་ཡིན་སྙམ་སྟེ། སྤྱིར་བེམ་གཟུགས་ཀྱི་ཆོས་ཐམས་ཅད་རིགས་པས་ཕར་དཔྱད་ནས་ཆ་གསིལ་བ་ན་སྔར་གྱི་དངོས་པོའི་ངོ་བོ་བརླགས་ནས་མཐར་རྡུལ་ཕྲན་ལ་ཐུག་པ་དང༌། རྡུལ་ཕྲན་ཡང་ཆ་གསིལ་བ་ན་རྡུལ་ཕྲན་གྱི་ངོ་བོ་འགྱུར་བའམ་བརླགས་ནས་རྡུལ་ཕྲ་རབ་ལ་ཐུག་པ་དང༌། རྡུལ་ཕྲ་རབ་ཀྱང་ཆ་གསིལ་བ་ན་དེ་ལས་ཀྱང་ཆུང་བ་མི་རྙེད་ཅིང༌། ཕྱོགས་ཆ་སོགས་ཀྱང་མི་རྙེད་པར་སྟོང་སང་དུ་གྱུར་པས་དེ་ལྟར་ཁས་ལེན་པ་ཡིན་སྙམ་མོ། །

ཡང་ན་བྱེ་མདོ་གཉིས་ཀྱིས་བེམ་གཟུགས་ཀྱི་ཆོས་ཐམས་ཅད་ཀྱི་རྩོམ་གཞི་གང་ཡིན་ཡར་རིགས་པས་དེད་པ་ན་མཐར་རྡུལ་ཕྲ་རབ་ལ་ཐུག་པ་དང༌། རྡུལ་ཕྲ་རབ་ནི་ཆེས་ཆུང་ཤོས་ཀྱི་རྡུལ་དུ་འདོད་པས་རང་ཉིད་ཀྱི་རྩོམ་གཞི་རྙེད་དུ་མེད་ཅིང༌། ཐུག་མེད་ཀྱང་ཁས་བླངས་པ་མི་བདེ་བར་མཐོང་ནས་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་མེད། ཅེས་ཁས་ལེན་བྱེད་པ་ཡིན་སྙམ། དེ་ལ་མཁས་པ་འགས། བེམ་གཟུགས་ཐམས་ཅད་ཀྱི་རྩོམ་གཞི་མཐར་ཐུག་པའི་རྡུལ་ཕྲ་རབ་དེ་རྣམས་སྐབས་འགར་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་པ་དང༌། སྐབས་འགར་ནུས་ཤུགས་སམ་རླབས་ཀྱི་ངོ་བོར་གནས་པའི་རྒྱུ་མཚན་གྱིས་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་མེད་པ་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་འདོད་ཅེས་སྨྲ་མཁན་ཡང་ཡོད།

  • རྟོགས་ལྡན་རྣམས་ཀྱིས་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རྡུལ་ཕྲ་རབ་ཆ་མེད་ཀྱི་དོན། ཕྱོགས་ཆ་འབྱེད་དུ་མེད་པའི་རྡུལ་དུ་སྨྲ་བ་ཙམ་གྱིས་མི་ཚིམས་པར་ཕྱོགས་ཆ་འབྱེད་དུ་མེད་པའི་རྡུལ་འདོད་ཚུལ་དང་ཕྱོགས་ཆ་འབྱེད་དུ་མེད་པའི་རྡུལ་འདོད་དགོས་པའི་རྒྱུ་མཚན་གང་ཡིན་སོགས་ལ་རྒྱ་ཆེར་དཔྱད་དགོས་པར་སྣང་ངོ༌། །

བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་ལས་གཞན་པའི་ནང་པའི་གྲུབ་མཐའ་སྨྲ་བ། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་རྣམས་ཀྱིས་ནི་རྡུལ་ཕྲ་རབ་ཁས་བླངས་ཀྱང་ཆ་མེད་ཁས་མི་ལེན་ལ། འོན་ཀྱང་སྔར་བཤད་པ་ལྟར་ཆ་གསིལ་རྒྱུ་མེད་པའི་རྡུལ་ཕྲ་རབ་ནི་ཁས་ལེན་ནོ། །

འོ་ན་གྲུབ་མཐའ་སྨྲ་བ་དེ་དག་གིས་བྱེ་མདོ་གཉིས་ཀྱི་འདོད་པ་བཞིན་དབུས་རྡུལ་གཅིག་ལ་རྡུལ་ཕྲན་དུ་མས་བསྐོར་ཅིང༌། བར་དང་བཅས་པ་དང༌། མ་འབྱར་བ་འདོད་དམ་ཞེ་ན། བྱེ་བྲག་སྨྲ་བ་སོགས་ཀྱིས་རྡུལ་ཕྲ་རབ་ཆ་མེད་དུ་ཁས་བླངས་པའི་དབང་གིས། རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་པ་དང་འཕྲད་པར་གྱུར་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེས་རེག་ན་ཆ་བཅས་སུ་ཐལ་བར་འགྱུར་བའི་སྐྱོན་ལ་བསམས་ནས་མ་འཕྲད་པར་ཁས་ལེན་དགོས་བྱུང་ཡང༌། གྲུབ་མཐའ་གོང་མ་དབུ་མ་པ་ལྟ་བུས་རྡུལ་ཕྲ་རབ་ཆ་བཅས་སུ་ཁས་བླངས་པའི་དབང་གིས་སྐྱོན་འདི་དག་མི་འཇུག་ཅིང༌། རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་དང་བཅས་པ་དང༌། རྡུལ་ཕྲ་རབ་ཕན་ཚུན་བར་མེད་ཅིང་འཕྲད་ནས་བསྐོར་བར་སྨྲའོ། །

གལ་ཏེ་གྲུབ་མཐའ་གོང་མས་འདོད་པའི་རྡུལ་ཕྲན་གྱི་ངོ་བོ་བློ་ངོར་འཆར་བདེའི་ཆེད་རི་མོར་བཀོད་ན་འདི་ལྟར་ཡིན་སྙམ། ཡིན་ན་ཡང་རི་མོ་འདི་ཕྲན་གྱིས་གསར་དུ་བྲིས་པས་འགྲིགས་མིན་བརྟག་པར་འཚལ།

ཡང་མཁས་པ་གཞན་དག་ན་རེ། གྲུབ་མཐའ་གོང་མ་དབུ་མ་ཐལ་རང་གཉིས་ཀྱིས་རྡུལ་ཕྲ་རབ་ཆ་བཅས་དང༌། དབུས་རྡུལ་ཕྲ་རབ་གཅིག་ལ་རྡུལ་ཕྲ་རབ་དུ་མས་བསྐོར་ཞིང་བར་དང་བཅས་པ་འདོད་ཅེས་སྨྲ་མཁན་ཡང་ཡོད་དོ། །

རྡུལ་ཕྲ་རབ་ཀྱི་དབྱིབས་དང་ཁ་དོག་བཤད་པ།

འོ་ན་རྡུལ་ཕྲ་རབ་ཀྱི་དོན་དེ་ལྟར་ཡིན་ན། རྡུལ་ཕྲ་རབ་ཀྱི་དབྱིབས་དང་ཁ་དོག་གང་ཡིན་ཞེ་ན། དེ་ལ་རྡུལ་ཕྲ་རབ་ཆ་མེད་འདོད་པའི་བྱེ་བྲག་སྨྲ་བ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་ནི། རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་མེད་པར་འདོད་པའི་གནད་ཀྱིས་རྡུལ་ཕྲ་རབ་ལ་ཁ་དོག་དང་དབྱིབས་ཅི་ཡང་མེད་པར་འདོད་དེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས། གཉིས་གཟུང་འགྱུར་དེ་རྡུལ་ལ་མེད། །ཅེས་དང༌། རྗེ་ཐམས་ཅད་མཁྱེན་པའི་ལེགས་བཤད་གསེར་ཕྲེང་ལས། མངོན་པ་ནས་རྡུལ་ཕྲ་རབ་དབྱིབས་མེད་པར་བཤད། ཅེས་སོགས་གསུངས།

འོན་ཀྱང་རྡུལ་ཕྲ་རབ་ཆ་བཅས་སུ་སྨྲ་བའི་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ནི་གཟུགས་ཀྱི་ཆུང་མཐའ་ཕྲ་ཤོས་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་དང་བཅས་འདོད་པས། མེའི་རྡུལ་ཕྲ་རབ་དང༌། ཆུའི་རྡུལ་ཕྲ་རབ་གང་ཡིན་ཡང་རྡུལ་ཕྲ་རབ་ཐམས་ཅད་ཀྱི་དབྱིབས་ཟླུམ་པོ་དང་ཁ་དོག་དམར་སེར་སོགས་མ་ཡིན་པར་སྐྱ་བོའི་མདོག་ཏུ་མཚུངས་པར་འདོད་དེ། དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དམིགས་བརྟག་རྩ་བ་དང་དེའི་རང་འགྲེལ་ལས། དེ་ནི་རྡུལ་ཕྲན་རྫས་ཡོད་ལ། །མེད་དེ་ཚད་དབྱེ་མེད་ཕྱིར་རོ། །ཞེས་དང༌། རྡུལ་ཕྲ་རབ་རྣམས་ནི་རྫས་གཞན་ཡིན་དུ་ཟིན་ཀྱང་ཟླུམ་པོ་ལ་ནི་དབྱེ་བ་མེད་དོ། །ཞེས་དང༌། དེ་བཞིན་སློབ་དཔོན་དུལ་བ་ལྷའི་འགྲེལ་པ་ལས་ཀྱང༌། རྡུལ་ཕྲ་རབ་ཐམས་ཅད་ཀྱི་ཟླུམ་པོ་ཡང་ངོ་བོ་གཅིག་ཁོ་ན་ཡིན་ཏེ། ཞེས་དང༌། མངོན་པ་མཛོད་དང་ཀུན་བཏུས་སོགས་ལས་ཀྱང༌། རྡུལ་ཕྲ་རབ་ལ་དབྱིབས་དང་ཁ་དོག་ཡོད་པར་གསུངས་ཏེ། གཟུགས་རྣམས་གཉིས་དང་རྣམ་ཉི་ཤུ། ། ཞེས་སོགས་ཀྱི་སྐབས་སུ། ཡན་ལག་གི་ཁ་དོག་ཏུ་གྱུར་པའི་རྡུལ་གྱི་ཁ་དོག ཅེས་དང༌། དབྱིབས་གཟུགས་ལ་དབྱེ་ན་བརྒྱད་ལས། ཟླུམ་པོའི་གཟུགས། ཞེས་དང༌། ཀུན་བཏུས་ལས། རྡུལ་ཕྲ་རབ་ཀྱི་དབྱིབས་དང༌། རགས་པའི་དབྱིབས། ཞེས་དབྱིབས་དང་ཁ་དོག་ཡོད་པར་བཞེད་དོ། །

རྡུལ་གྱི་དབྱེ་བ་དང་ཕྲ་རགས་ཀྱི་རིམ་པ་བཤད་པ།

དང་པོ་རྡུལ་ལ་དབྱེ་བ་ནི། འོ་ན་སྤྱིར་རྡུལ་ལ་དབྱེ་བ་ཅི་ཙམ་ཡོད་ཅེ་ན། དེ་ལ་གཉིས་ཏེ། རྡུལ་ཕྲ་རབ་དང༌། རགས་པའོ། དང་པོ་རྡུལ་ཕྲ་རབ་ལ་དབྱེ་བ་ཅི་ཙམ་ཡོད་དམ་ཞེ་ན། རྡུལ་ཕྲ་རབ་ལ་དབྱེ་བ་ནི། གཟུགས་རྡུལ་ཕྲ་རབ། སྒྲ་རྡུལ་ཕྲ་རབ། དྲི་རྡུལ་ཕྲ་རབ། རོ་རྡུལ་ཕྲ་རབ། རེག་བྱའི་རྡུལ་ཕྲ་རབ། མེ་རྡུལ་ཕྲ་རབ། ས་རྡུལ་ཕྲ་རབ། ཆུ་རྡུལ་ཕྲ་རབ། རླུང་རྡུལ་ཕྲ་རབ། མིག་གི་རྡུལ་ཕྲ་རབ། རྣ་བའི་རྡུལ་ཕྲ་རབ། སྣའི་རྡུལ་ཕྲ་རབ། ལྕེའི་རྡུལ་ཕྲ་རབ། ལུས་ཀྱི་རྡུལ་ཕྲ་རབ། ཆོས་ཀྱི་སྐྱེ་མཆེད་དུ་གྱུར་བའི་རྡུལ་ཕྲ་རབ་སྟེ་བཅོ་ལྔ་སློབ་དཔོན་ཐོགས་མེད་ཀྱི་བསྡུ་བ་ལས་གསུངས།

གཉིས་པ་རྡུལ་རགས་པ་ལ་དབྱེ་བ་ཅི་ཙམ་དང༌། དེ་དག་ནང་ཕན་ཚུན་ཕྲ་རགས་སུ་འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། རྡུལ་རགས་པ་ལ་ཡང་རགས་རིམ་ཙམ་ཕྱེ་ན་འདི་ལྟར་ཡོད་དེ། རྡུལ་ཕྲན། ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་རྡུལ། སྲོ་མའི་རྡུལ། ཞེས་སོགས་དབྱེ།

དེ་དག་ནང་ཕན་ཚུན་ཕྲ་རགས་སུ་འགྱུར་ཚུལ་ནི། མཛོད་ལས། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། ། ཉི་ཟེར་རྡུལ་དང་སྲོ་མ་དང༌། །ཞེས། རྡུལ་ཕྲ་རབ་ནི་བེམ་གཟུགས་ཀྱི་ཆེས་ཆུང་མཐའི་རྡུལ་དང༌། དེ་ནས་རིམ་བཞིན་སྔ་མ་སྔ་མ་ཕྲ་བ་དང་ཕྱི་མ་ཕྱི་མ་རྣམས་རགས་པར་འགྱུར་བར་འདོད་དེ། རྡུལ་ཕྲ་རབ་བདུན་འདུས་པ་ལ་རྡུལ་ཕྲན། ཞེས་དང༌། རྡུལ་ཕྲན་བདུན་འདུས་པའི་གོང་བུ་ལ་ལྕགས་རྡུལ་གཅིག་ཅེས་བཏགས། ལྕགས་རྡུལ་བདུན་འདུས་པ་ལ་ཆུ་རྡུལ་གཅིག་དང༌། ཆུ་རྡུལ་བདུན་འདུས་པ་ལ་རི་བོང་གི་རྡུལ་གཅིག དེ་བདུན་འདུས་པ་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་འདུས་པ་ལ་གླང་རྡུལ་གཅིག གླང་རྡུལ་བདུན་འདུས་པ་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་འདུས་པ་ལ་སྲོ་མའི་རྡུལ་གཅིག་སྟེ་སྔ་མ་བདུན་བསྒྱུར་ལ་ཕྱི་མ་ཕྱི་མའི་རྡུལ་ཞེས་ཐ་སྙད་འདོགས་ཏེ། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་རང་འགྲེལ་ལས། རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་རིགས་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་ལ་ནི་ལྕགས་རྡུལ་ལོ། །དེ་དག་བདུན་ལ་ནི་ཆུ་རྡུལ་ལོ། །དེ་དག་བདུན་ལ་ནི་རི་བོང་རྡུལ་ལོ། །དེ་དག་བདུན་ལ་ནི་ལུག་རྡུལ་ལོ། །དེ་དག་བདུན་ལ་ནི་གླང་རྡུལ་ལོ། །དེ་དག་བདུན་ལ་ནི་ཉི་ཟེར་རྡུལ་ལོ། །དེ་དག་བདུན་ལ་སྲོ་མའོ། །ཞེས་གསུངས། དེ་ཡང་ཞིབ་པར་བརྗོད་ན། རྡུལ་ཕྲ་རབ་བདུན་འདུས་པ་ལ་རྡུལ་ཕྲན་དང༌། རྡུལ་ཕྲན་བདུན་ནམ་རྡུལ་ཕྲ་རབ་ཞེ་དགུ་འདུས་པའི་གོང་བུ་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ནམ་རྡུལ་ཕྲ་རབ་སུམ་བརྒྱ་ཞེ་གསུམ་འདུས་པའི་གོང་བུ་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ནམ་རྡུལ་ཕྲ་རབ་ཉིས་སྟོང་བཞི་བརྒྱ་གཅིག་འདུས་པའི་གོང་བུ་ལ་རི་བོང་རྡུལ་གཅིག རི་བོང་རྡུལ་བདུན་ནམ་རྡུལ་ཕྲ་རབ་ཆིག་ཁྲི་དྲུག་སྟོང་བརྒྱད་བརྒྱ་བདུན་འདུས་པའི་གོང་བུ་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ནམ་རྡུལ་ཕྲ་རབ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་དྲུག་བརྒྱ་ཞེ་དགུ་འདུས་པའི་གོང་བུ་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ནམ་རྡུལ་ཕྲ་རབ་བརྒྱད་འབུམ་ཉིས་ཁྲི་སུམ་སྟོང་ལྔ་བརྒྱ་ཞེ་གསུམ་འདུས་པའི་གོང་བུ་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་རྡུལ་བདུན་ནམ་རྡུལ་ཕྲ་རབ་ས་ཡ་ལྔ་དང་འབུམ་བདུན་ཁྲི་དྲུག་བཞི་སྟོང་བརྒྱད་བརྒྱ་གཅིག་འདུས་པའི་གོང་བུ་ལ་སྲོ་མའི་རྡུལ་གཅིག་ཅེས་བརྗོད།

དེ་ལ་མཁས་པ་འགས། མངོན་པ་མཛོད་ལས་བཤད་པའི་རྡུལ་ཕྲ་རབ་ཀྱི་རྣམ་གཞག་ཚན་རིག་པའི་རྡུལ་གྱི་རྣམ་གཞག་ལ་ལྟོས་ན་ཤིན་ཏུ་ནས་རགས་པ་ཡིན་ཏེ། དེ་དག་འཆད་སྐབས་སུ་ལུག་རྡུལ་དང་གླང་རྡུལ་ཞེས་ལུག་དང་བ་གླང་གི་སྤུའི་རྩེ་མོ་དང་མཉམ་པའི་རྡུལ་ལ་བཤད་པའི་ཕྱིར་ཟེར་བ་ནི་ཕལ་ཆེར་ནོར་བ་ཡིན་སྙམ་སྟེ། དེ་དག་ནི་རྡུལ་ཕྲ་རབ་འདུས་པའི་གོང་བུ་ལ་མིང་དེ་ལྟར་བཏགས་པ་ཙམ་ལས་སྲོག་ཆགས་ཀྱི་སྤུའི་རྩེ་མོ་དང་མཉམ་པའི་རྡུལ་ཕྲ་རབ་ལ་འཇོག་པ་མིན་ཏེ། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། འདི་དག་རྡུལ་འདུས་པའི་གནས་སྐབས་ལ་མིང་དེ་ལྟར་བཏགས་ཀྱི་སྲོག་ཆགས་ཀྱི་སྤུའི་རྩེ་མོ་ལ་བརྩི་བ་ལ་སོགས་ནི་མིན་ནོ། །ཞེས་གསུངས། དེ་ལ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་གས་རྡུལ་ཕྲ་རབ་ཆ་མེད་འདོད་མི་འདོད་ཀྱི་ཐད་ལ་མི་མཐུན་པ་ཙམ་ལས་རྡུལ་ཕྲ་རགས་འདོད་ཚུལ་གོང་དུ་བཤད་པ་ལྟར་ཕལ་ཆེར་འདོད་པ་མཐུན་སྙམ་པ་དང༌། དེ་ལ་རྡུལ་ཕྲ་རབ་ཀྱི་ངོ་བོ་ཅི་ཙམ་དུ་ཕྲ་མོར་འཇོག་ནུས་པ་དང་འཇོག་ཤེས་པ།ཅི་ཙམ་དུ་ཕྲ་བར་འགྱུར་བ་དེ་ཙམ་དུ་རྡུལ་ཕྲན། ལྕགས་རྡུལ་སོགས་ཀྱང་ཕྲ་བར་འགྱུར་བ་ཡིན་ནོ། །                                                                                 རྗེས་མ།>>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*