ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་རྡུལ་ཕྲན་གྱི་གཏམ། མུ་འགོད། ༤


རྩོམ་པ་པོ།  ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། 

࿂ ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་མདོ་ཙམ་བཤད་པ།࿂

༡ ༽ ཚན་རིག་པས་རྡུལ་ཕྲན་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན།

ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་ཇི་ལྟར་ཡིན་ཞེ་ན། དེ་ལ་ཚན་རིག་པས་རྡུལ་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བས་རྡུལ་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་དང་ཕལ་ཆེར་མཐུན་ཏེ། དེ་ཡང་ཚན་རིག་པས་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་པོ་( ཡུ་ནི་ཝེར་སེ་ Universe ) དང༌། ང་ཚོ་འཚོ་སྡོད་ཀྱི་གནས་འཛམ་གླིང་གིས་མཚོན་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་ ( མེལ་ཁེ་ཝེ་གེ་ལེཀ་སེས་ Milk Way Galaxy ) དང༌། གཞན་སྐར་འདུས་ཀྱི་འཇིག་རྟེན་( གེ་ལེཀ་སེས་Galaxy) རྣམས་ཐོག་མར་ཆགས་ཚུལ་དང་གྲུབ་ཚུལ་ལ་ཡོངས་གྲགས་ཀྱི་འགྲེལ་བརྗོད་བྱེད་ཚུལ་མི་མཐུན་པ་གཉིས་ལས།

འགྲེལ་བརྗོད་བྱེད་ཚུལ་དང་པོ་ནི། ད་ལྟའི་འཇིག་རྟེན་གྱི་ཁམས་( Universe ) མ་གྲུབ་པའི་ལོ་ངོ་འཐེར་བུམ་13.7 ལྷག་ཙམ་གྱི་སྔ་རོལ་ཏུ་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་གང་དུ་ཆགས་པའི་གནས་བར་སྣང་སྟོང་སང་གི་གོ་སར་བར་སྣང་གི་ཁམས་ཀྱི་ནུས་ཤུགས་སམ་ནུས་རྫས་ཐམས་ཅད་གཅིག་ཏུ་བསྒྲིལ་ནས་ཤིན་ཏུ་ཚགས་དམ་པའི་གོང་བུ་ཞིག་གྲུབ་པ་དང༌། དེ་འདྲའི་ནུས་ཤུགས་སམ་ནུས་རྫས་ཀྱི་གོང་བུ་དེ་ཉིད་རིང་དུ་གནས་མ་ཐུབ་པར་གློ་བུར་དུ་གས་འཐོར་དུ་སོང་ནས་འབར་གས་ཆེན་པོ་( Big Bang Theory ) ཞིག་བྱུང་བ་དང༌། དེ་འདྲ་བའི་འབར་གས་ཆེན་པོའི་ནུས་རྫས་རྣམས་མཁའ་དབྱིངས་ཀྱི་ཁྱོན་གང་སར་རྫས་རླབས་ཀྱི་ངོ་བོར་ཁྱབ་བརྡལ་རྒྱ་ཆེར་སོང་བའི་སྐར་ཆ་བཅུ་ཙམ་རྗེས་འབར་གས་ཀྱི་དྲོད་ཚད་མར་ཉམས་པ་དང་དུས་མཚུངས། ཁོཀ་( Quark ) ཞེས་པའི་ཆ་རྡུལ་རྣམས་གྲུབ་པ་དང༌། དེ་དག་ཕན་ཚུན་འདུས་ནས་ཧེ་ཌོན་( Hadron )ཞེས་པའི་རྡུལ་གྱི་རིགས་ཕོ་རྡུལ་( Proton )པོ་ཌོན་དང་མཚན་མེད་རྡུལ་( Neutron ནེའུ་ཌོན་) རྣམས་ཀྱང་འགྲུབ་མགོ་ཚུགས་པར་འདོད། སྐབས་དེར་བེམ་གཟུགས་འགྲུབ་བྱེད་ཀྱི་གཞི་རྩའི་རྒྱུ་རྐྱེན་ཚང་ཡང་དྲོད་ཚད་ཧ་ཅང་ཆེ་བའི་རྐྱེན་གྱིས་དབུས་རྡུལ་( ནེའུ་ཁེལ་ལེ་སེ་Nucleus) འགྲུབ་ཐུབ་མེད་པར་སྨྲ་བ་དང༌། དེ་རྗེས་འབར་གས་ཆེན་པོ་བྱུང་ནས་སྐར་མ་གསུམ་གྱི་མཚམས་སུ་གློག་རྡུལ་( ཨེ་ལེཀ་ཏྲོན་Electron ) བྱུང་བ་དང༌། ཕོ་རྡུལ་དང་( Proton ) མཚན་མེད་རྡུལ་( Neutron ) གཉིས་མཉམ་འཛོམས་ཀྱིས་ཌུའི་ཏྲེ་རོན་སེ་( Deuterons) ཞེས་པའི་རྡུལ་དང་རྩ་རྫས་ཆུང་བའི་རྡུལ་གཞན་རྣམས་འགྲུབ་མགོ་ཚུགས། འབར་གས་ཆེན་མོ་བྱུང་ནས་བར་སྣང་གང་སར་ཁྱབ་ནས་ཡོད་པའི་ནུས་ཤུགས་ལས་བྱུང་བའི་ཁོཀ་( Quark ) ཞེས་པའི་རྡུལ་རྣམས་ཐོལ་བྱུང་དུ་བྱུང་བ་དང༌། དེ་འདྲ་བའི་ཁོཀ་( Quark) ཞེས་པའི་རྡུལ་ཕྲ་རབ་རྣམས་ཀྱིས་གྲུབ་གཞི་བྱས་པ་ལས་འཇིག་རྟེན་གྱི་ཁམས་དང་བེམ་གཟུགས་ཀྱི་དངོས་པོ་ཐམས་ཅད་གྲུབ་པ་དང༌། མཐར་བེམ་གཟུགས་ཀྱི་ཆོས་མཐའ་དག་རང་རང་གི་ངོ་བོ་ཞིག་ནས་ཆ་རྡུལ་དེ་དག་གི་ངོ་བོར་གྱུར་པ་དང༌། ཆ་རྡུལ་དེ་དག་ཀྱང་བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་ནུས་ཤུགས་ཀྱི་ངོ་བོར་སླར་ཐིམ་པར་སྨྲའོ། །

མདོར་ན། བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་གཟུགས་མེད་ཀྱི་ནུས་པ་ལས་བེམ་གཟུགས་ཀྱི་དངོས་པོ་ཐམས་ཅད་བྱུང་བ་དང་སྐྱེས་པ་དང༌། མཐར་ཐམས་ཅད་ཀྱང་གཟུགས་མེད་ཀྱི་ནུས་པའི་ངོ་བོར་འགྱུར་བ་དང་ཐིམ་པར་འདོད། དེར་བརྟེན་ཁོཀ་( Quark) ཞེས་པའི་རྡུལ་དེ་ཉིད་སྐབས་འགར་བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་གཟུགས་མེད་ཀྱི་ནུས་པའི་ངོ་བོར་འགྱུར་བ་དང༌། སྐབས་འགར་རྡུལ་གྱི་ངོ་བོར་འགྱུར་བས་དབྱིབས་དང་ཁ་དོག་མེད་པར་སྨྲ། དྲོད་ཚད་ཧ་ཅང་ཆེ་བར་བརྟེན་འབར་གས་ཆེན་མོ་བྱུང་ནས་ལོ་ངོ་སུམ་འབུམ་( 300000) ཙམ་གྱི་རྗེས་སུ་མ་གཏོགས་གློག་འཁུར་གྱི་ནུས་པ་མཉམ་པའི་རྡུལ་ཕྲན་འགྲུབ་ཐུབ་མེད་ཟེར་བ་དང༌། འབར་གས་ཆེན་མོ་བྱུང་ནས་ལོ་ངོ་སུམ་འབུམ་བརྒྱད་ཁྲི་( 380000) ཙམ་གྱི་རྗེས་སུ་དྲོད་ཚད་ཅུང་ཆག་པ་དང༌། དེའི་ཚེ་ཕོ་རྡུལ་དང་( པོ་ཌོན་Proton) གློག་རྡུལ་( ཨེ་ལེཀ་ཏྲོན་Electron) གཉིས་འདུས་ཏེ་ཧ་འི་ཌེ་རོ་ཇེན་( Hydrogen ) དང་ཧེས་ལེམ་( Helium) ཞེས་པའི་རྡུལ་ཕྲན་ཐོག་མར་འགྲུབ་མགོ་ཚུགས་ཡོད་ཟེར་བ་དང༌། དེ་ནས་རིམ་བཞིན་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་མོའི་རྩོམ་གཞིའི་རྡུལ་ཕྲན་རྣམས་ཇེ་མང་དང་ཇེ་ཆེ། དེའི་རྩོམ་གཞིར་གྱུར་པའི་བར་སྣང་གི་རྡུལ་ཕྲན་མཐའ་ཡས་མུ་མེད་པ་རྣམས་འདུས་ནས་ཚགས་ཇེ་དམ་དང་གོང་བུ་ཇེ་ཆེར་སོང་ནས་མཐར་ལོ་ངོ་ཐེར་འབུམ་བརྒྱད་དགུ་ཙམ་གྱི་རྗེས་སུ་འཇིག་རྟེན་གྱི་ཁམས་ཆེན་མོ་དང༌། ཉི་མའི་ཁྱིམ་རྒྱུད་རྣམས་གྲུབ་ཡོད་པར་འགྲེལ་བརྗོད་བྱེད་དོ། །

འགྲེལ་ཚུལ་གཉིས་པ་ནི། ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་མོ་སོགས་མ་གྲུབ་པའི་སྔ་རོལ་ཏུ་དེ་འདྲ་བའི་ནུས་ཤུགས་རྣམས་གཅིག་བསྒྲིལ་གྱི་གོང་བུའི་ངོ་བོར་གྲུབ་པ་དང༌། དེའི་རྗེས་སུ་དེ་འདྲ་བའི་གོང་བུ་དེ་ཉིད་གློ་བུར་དུ་གས་འཐོར་བྱུང་བ་སོགས་ཀྱི་རྣམ་གཞག་མི་འདོད་པར་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་མོ་དང༌། ཉི་མའི་ཁྱིམ་རྒྱུད་སོགས་ཀྱི་གྲུབ་གཞི་ནི་དེ་དག་མ་གྲུབ་པའི་སྔ་རོལ་གྱི་བར་སྣང་སྟོང་སང་གི་མཁའ་དབྱིངས་སུ་རང་བཞིན་གྱིས་ཁྱབ་བརྡལ་དུ་གནས་ཡོད་པའི་ཆ་རྡུལ་( String Theory ) རྣམས་ཡིན་པར་སྨྲ་བ་དང༌། དེ་འདྲ་བའི་ཆ་རྡུལ་རྣམས་རིམ་བཞིན་ཚུར་འདུས་ནས་ཚགས་ཇེ་དམ་དང་ཇེ་མང༌། འདུས་པའི་གོང་བུ་ཡང་ཇེ་ཆེ་དང་ཇེ་ཆེར་སོང་ནས་མཐར་ལོ་ངོ་ཐེར་འབུམ་13.7 རྗེས་སུ་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་དང༌། ཉི་མའི་ཁྱིམ་རྒྱུད། བེམ་གཟུགས་ཀྱི་དངོས་པོ་ཐམས་ཅད་གྲུབ་པར་སྨྲ།

འགྲེལ་ཚུལ་དེ་གཉིས་ཀས་ད་ལྟའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་དང༌། ང་ཚོའི་འཚོ་གནས་འཛམ་གླིང་གིས་མཚོན། གཟའ་སྐར་གཞན་ཐམས་ཅད་ཀྱི་གྲུབ་གཞི་དང་རྩོམ་གཞི་ནི་བར་སྣང་སྟོང་སང་དུ་ཁྱབ་བརྡལ་དུ་ཡོད་པའི་རྡུལ་ཕྲན་ཡིན་པ་ནི་བརྟག་དཔྱད་ཀྱི་བརྒྱུད་རིམ་ཁྲོད་ནས་རྙེད་སོན་བྱུང་བའི་རྒྱུ་མཚན་གྱིས་རྡུལ་ཕྲན་ཞེས་པའི་རྣམ་གཞག་ཚན་རིག་པས་སྨྲ་དགོས་བྱུང་བ་རེད།

༢༽ རྡུལ་ཕྲན་གྱི་ངོ་བོ་དང་རྡུལ་ཕྲན་གྱི་གྲུབ་གཞིའི་ཆ་རྡུལ་གྱི་དབྱེ་བ་བཤད་པ།

འོ་ན། ཚན་རིག་པས་སྨྲ་བའི་རྡུལ་ཕྲན་གྱི་ངོ་བོ་གང་ཡིན་ཞེ་ན། དེ་ལ་ཚན་རིག་པས་རྡུལ་ཕྲན་ལ་ཨེ་ཏྲོམ་( Atom) ཟེར་ཞིང༌། རྡུལ་ཕྲན་( Atom) ནི་ཆ་རྡུལ་མང་པོ་འདུས་པའི་གོང་བུ་གཅིག་ལ་གོ་དགོས། ཕལ་ཆེར་ནང་པའི་གྲུབ་མཐའ་སྨྲ་བའི་ངོས་ནས་བལྟས་ན་བསགས་རྡུལ་གཅིག་ལ་གོ་ན་མི་འགྲིག་པ་མེད་སྙམ། དེ་ལ་རྡུལ་ཕྲན་( Atom) ནི་རང་ཉིད་ཀྱི་རྩོམ་གཞིའི་རྡུལ་དབུས་རྡུལ་( ནེའུ་ཁེལ་ལེ་སེ་Nucleus) དང་གློག་རྡུལ་( ཨེ་ལེཀ་ཏྲོན་Electron ) གཉིས་འདུས་པ་ལས་གྲུབ་པའི་གོང་བུ་ཞིག་ལ་ཟེར་ཞིང༌། དེ་གཉིས་འདུས་ནས་གོང་བུའི་ངོ་བོར་གྲུབ་ཚུལ་ནི། དབུས་རྡུལ་( Nucleus) དེ་ཉིད་དཀྱིལ་དུ་གནས་ཡོད་ཅིང༌། དེའི་མཐའ་བསྐོར་དུ་གློག་རྡུལ་( Electron) གྱིས་འཁོར་བསྐྱོད་བྱེད་བཞིན་པའི་གོང་བུ་ལ་རྡུལ་ཕྲན་(Atom ) ཞེས་བརྗོད། གློག་རྡུལ་( Electron) གྱིས་དབུས་རྡུལ་ལ་( Nucleus) འཁོར་བསྐྱོད་བྱེད་སྐབས་བར་དང་བཅས་པའི་སྒོ་ནས་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་བྱེད། གཤམ་གྱི་དཔེ་རིས་ལ་ལྟོས།

འོ་ན་དབུས་རྡུལ་(ནེའུ་ཁེལ་ལེ་སེ་Nucleus) ལ་ཡང་རང་ཉིད་ཀྱི་རྩོམ་གཞིའི་ཆ་རྡུལ་གཞན་ཡོད་དམ། ཡང་ན། རང་ཉིད་ཆ་གསིལ་རྒྱུ་མེད་པའི་རྡུལ་ཞིག་ཡིན་ནམ་ཞེ་ན། དེ་ལ་ཚན་རིག་པས་དབུས་རྡུལ་( Nucleus) ཡང་རྡུལ་གཉིས་འདུས་པའི་གོང་བུ་ཞིག་ལ་འདོད་པ་དང༌། དེ་འདྲ་བའི་གོང་བུའི་ངོ་བོར་གྲུབ་ཚུལ་ནི་སྔར་ལྟར་དབུས་རྡུལ་གཅིག་དང་དེ་ལ་འཁོར་བསྐྱོད་བྱེད་བཞིན་པའི་གོང་བུའི་ངོ་བོར་གྲུབ་ཚུལ་ལྟར་མ་ཡིན་པར་རྡུལ་དེ་གཉིས་འདབས་འབྱར་དུ་གནས་པའི་གོང་བུ་ཞིག་ལ་ཟེར་བ་ཡིན། གཤམ་གྱི་དཔེ་རིས་ལ་ལྟོས།

དེའི་གྲུབ་གཞིའི་རྡུལ་དེ་གཉིས་ནི་ཕོ་རྡུལ་( པོ་ཌོན་Proton) དང་མཚན་མེད་རྡུལ་( ནེའུ་ཌོན་ Neutron ) གཉིས་ཡིན་པར་བརྗོད། ཕོ་རྡུལ་( Proton) དང་མཚན་མེད་རྡུལ་( Neutron ) གཉིས་ཀྱང་ཁོཀ་( Quark) ཞེས་པའི་ཆ་རྡུལ་དུ་མ་འདུས་པ་ལས་གྲུབ་པར་སྨྲ་བ་དང༌། ཁོཀ་( Quark) ཞེས་པའི་ཆ་རྡུལ་དེ་ཉིད་ཆ་རྡུལ་གཞན་གྱིས་རྩོམ་གཞི་བྱས་ནས་གྲུབ་པའམ་དེ་ལས་ཆུང་བ་དང་ཕྲ་བར་འགྱུར་བའི་ཆ་རྡུལ་ཡོད་པ་ནི་ད་ལྟའི་ཆར་ཚན་རིག་པས་མི་འདོད་ཅིང་མི་སྨྲ།

ཚན་རིག་པས་ཁོཀ་( Quark) ཞེས་པའི་ཆ་རྡུལ་ལ་རིགས་མི་འདྲ་བ་དྲུག་ཡོད་པར་འདོད་དེ། དང་པོ། ཨབ་ཁོཀ་( Up Quark)ཞེས་པའི་ཆ་རྡུལ་དང༌། གཉིས་པ། ཌ་འོན་ཁོཀ་( Down Quark)ཞེས་པའི་ཆ་རྡུལ་དང༌། དེ་གཉིས་ནི་ཆ་རྡུལ་དྲུག་ལས་ལྗིད་ཚད་ཡང་ཤོས་ཡིན་པར་བརྗོད། གསུམ་པ། སེ་ཏྲཻན་ཇེར་ཁོཀ་( Stranger Quark) ཞེས་པའི་ཆ་རྡུལ་དང༌། བཞི་པ། ཆམ་ཁོཀ་( Charm Quark)ཞེས་པའི་ཆ་རྡུལ་དང༌། ལྔ་པ། བྷོ་ཏོམ་ཁོཀ་( Bottom Quark) ཞེས་པའི་ཆ་རྡུལ་དང༌། དྲུག་པ། ཏྲོབ་ཁ་ཁོཀ་( Top Quark)ཞེས་པའི་ཆ་རྡུལ་རྣམས་ཡིན་པར་འགྲེལ་བརྗོད་བྱེད། དེ་ལ་ཁོཀ་( Quark) ཞེས་པའི་ཆ་རྡུལ་གཅིག་ཁེར་རྐྱང་ཡན་གར་བར་ནམ་ཡང་གནས་མི་ཐུབ་ཅིང༌། ངེས་པར་དུ་ཁོཀ་( Quark) ཞེས་པའི་ཆ་རྡུལ་གཞན་གཅིག་གམ་གཉིས་དང་ལྷན་དུ་ངེས་པར་ཚོགས་དགོས་པར་བརྗོད། ཁོཀ་( Quark) ཞེས་པའི་ཆ་རྡུལ་དུ་མ་འདུས་པའི་གོང་བུ་ལ་ཧེ་ཌོན་( Hadron) ཞེས་པའི་རྡུལ་དང༌། ཧེ་ཌོན་( Hadron) ཞེས་པའི་རྡུལ་ལ་ཡང་རིགས་གཉིས་ཏེ་བྷར་ཡོན་( Baryon) དང་མེ་སོན་( Meson) ཞེས་པའི་རྡུལ་དང༌། དེ་ལ་བྷར་ཡོན་( Baryon) ཞེས་པའི་རྡུལ་ནི་ཁོཀ་( Quark) ཞེས་པའི་ཆ་རྡུལ་གསུམ་གྱིས་གྲུབ་པའི་རྡུལ་ཞིག་ཡིན་པ་དང༌། དེ་ཡང་ཨབ་ཁོཀ་( Up Quark)ཞེས་པའི་ཆ་རྡུལ་གཉིས་དང་ཌ་འོན་ཁོཀ་( Down Quark)ཞེས་པའི་ཆ་རྡུལ་གཅིག་ལས་གྲུབ་པར་བརྗོད། མེ་སོན་( Meson) ཞེས་པའི་ཆ་རྡུལ་ནི་ཁོཀ་( Quark) ཞེས་པའི་ཆ་རྡུལ་གཅིག་དང་ཨན་ཏྲི་ཁོཀ་(Anti Quark) ཞེས་པའི་ཆ་རྡུལ་གཅིག་ལས་གྲུབ་པར་བརྗོད། ཁོཀ་(Quark)ཞེས་པའི་ཆ་རྡུལ་དྲུག་ལས་ཨབ་ཁོཀ་( Up Quark)དང་ཌ་འོན་ཁོཀ་( Down Quark)ཞེས་པའི་ཆ་རྡུལ་གཉིས་ཀྱིས་ཕོ་རྡུལ་( Proton) གྲུབ་པར་སྨྲ་བ་དང་ཁོཀ་( Quark)གཞན་བཞི་ནི་བརྟན་ཚུགས་མེད་པས་ཕོ་རྡུལ་( Proton) གྱི་གྲུབ་གཞིར་མི་འོས་པར་བརྗོད།

འོ་ན་གློག་རྡུལ་( Electron) གྱི་གྲུབ་གཞིའི་རྡུལ་ཡོད་དམ། ཡང་ན་རང་ཉིད་ཆུང་མཐའི་ངོ་བོར་གནས་པའི་ཆ་རྡུལ་ཞིག་ཡིན་ནམ་ཞེ་ན། གློག་རྡུལ་( Electron) ནི་རང་ཉིད་ཆ་རྡུལ་གཞན་གྱིས་གྲུབ་གཞི་བྱས་ནས་གྲུབ་པའི་གོང་བུ་ཞིག་ལ་མི་འདོད་པར་ཆུང་མཐའི་ཆ་རྡུལ་ཞིག་ཏུ་སྨྲ། དེ་ལ་ཚན་རིག་པས་གློག་རྡུལ་( Electron) ནི་ལེབ་ཏྲོན་( Lepton) ཞེས་པའི་ཆ་རྡུལ་གྱི་རིགས་ལས་དེ་རྣམས་ཀྱིས་གྲུབ་གཞི་བྱས་ནས་གྲུབ་པར་མི་འདོད་ཅིང༌། དེ་ལ་ད་ལྟའི་ཆར་ལེབ་ཏྲོན་( Lepton) ཞེས་པའི་ཆ་རྡུལ་ལ་བརྒྱད་ཙམ་ཡོད་པར་སྨྲ་སྟེ དང་པོ། ཨེ་ལེཀ་ཏྲོན་( Electron) གཉིས་པ། མོན་( Muon) གསུམ་པ། ཏྲའོན་(Tauon)ཞེས་པའི་ཆ་རྡུལ་རྣམས་དང་དེ་གསུམ་ལ་གློག་ཤུགས་དང་ལྡན་པའི་ཆ་རྡུལ་དུ་སྨྲ། བཞི་པ། ཨེ་ལེཀ་ཏྲོན་ནུའི་ཏྲེའི་ནོ་( Electron Neutrino)ལྔ་པ། མོན་ནུའི་ཏྲེའི་ནོ་( Muon Neutrino) དྲུག་པ། ཏྲའོན་ནུའི་ཏྲེའི་ནོ་(Tauon Neutrino) བདུན་པ། སྤོན་ཏྲོན་( Photon) བརྒྱད་པ། གྷེ་རེ་ཝི་ཏྲོན་( Graviton) ཞེས་པའི་ཆ་རྡུལ་དང་དེ་རྣམས་ལ་གློག་ཤུགས་དང་མི་ལྡན་པའི་ཆ་རྡུལ་དུ་སྨྲ། ཚན་རིག་པས་གློག་རྡུལ་( Electron) དེ་ཉིད་དབུས་རྡུལ་Nucleus) ལ་འཁོར་བསྐྱོད་བྱེད་མཁན་གྱི་ཆ་རྡུལ་དུ་འདོད་པ་དང་ཆ་རྡུལ་གཞན་རྣམས་ནི་བར་སྣང་སྟོང་སང་གི་དབྱིངས་སུ་ཁེར་རྐྱང་གི་ཚུལ་དུ་གནས་ཡོད་པར་བརྗོད།

འཇིག་རྟེན་གྱི་ཁམས་ཆེན་མོའི་ནང་གི་བེམ་གཟུགས་ཐམས་ཅད་ཁོཀ་(Quark)ཞེས་པའི་ཆ་རྡུལ་དང་ལེབ་ཏྲོན་སེ་( Leptons) ཞེས་པའི་ཆ་རྡུལ་གཉིས་ཀྱིས་རྩོམ་གཞི་བྱས་ནས་གྲུབ་པར་སྨྲ་བ་དང༌། ད་ལྟའི་ཆར་ཚན་རིག་པས་བརྟག་དཔྱད་བྱས་ནས་ཁོཀ་(Quark)དང་ལེབ་ཏྲོན་( Lepton)ཞེས་པའི་ཆ་རྡུལ་གཉིས་ལས་ཕྲ་བའི་ཆ་རྡུལ་རྙེད་སོན་བྱུང་མེད་པས་ཆ་རྡུལ་དེ་གཉིས་བེམ་གཟུགས་ཐམས་ཅད་ཀྱི་ཆེས་ཕྲ་ཤོས་ཀྱི་རྩོམ་གཞིའི་ཆ་རྡུལ་དུ་སྨྲ་བཞིན་ཡོད། ཁོཀ་(Quark) དང་ལེབ་ཏྲོན་( Lepton)ཞེས་པའི་ཆ་རྡུལ་གཉིས་བེམ་གཟུགས་ཐམས་ཅད་ཀྱི་རྩོམ་གཞིར་གྱུར་པའི་ཆེས་ཕྲ་ཤོས་ཀྱི་ཆ་རྡུལ་ཡིན་ནམ། ཡང་ན་དེ་ལས་ཕྲ་བར་གྱུར་པའི་ཆ་རྡུལ་གཞན་ཞིག་ཡོད་དམ་ཞེས་པའི་དྲི་བ་ནི་ད་ལྟའི་ཆར་ཚན་རིག་པ་རྣམས་ལ་མཚོན་ན་ཆེས་རིན་ཐང་ཅན་གྱི་དྲི་བ་ཞིག་དང༌། ད་དུང་དཔྱད་པ་དང་བསམ་ཞིབ་གཏོང་དགོས་པའི་གནད་དོན་ཅན་གྱི་དྲི་བ་ཞིག་ཏུ་བརྩི་བཞིན་ཡོད།

ཚན་རིག་པས་ཆེས་ཕྲ་ཤོས་སུ་སྨྲ་བའི་ཆ་རྡུལ་ཁོཀ་(Quark) དང་ལེབ་ཏྲོན་( Lepton) ཞེས་པའི་ཆ་རྡུལ་དང་ནང་པའི་གྲུབ་མཐའ་སྨྲ་བས་ཆེས་ཕྲ་ཤོས་སུ་སྨྲ་བའི་རྡུལ་ཕྲ་རབ་གཉིས་ད་ལྟའི་ཆར་འཇིག་རྟེན་གྱི་ཁམས་ཆེན་མོ་དང་དེའི་ནང་གི་བེམ་གཟུགས་ཐམས་ཅད་ཀྱི་ཆེས་ཕྲ་ཤོས་དང༌། མཐར་ཐུག་གི་རྩོམ་གཞི་དང་གྲུབ་གཞི་ཡིན་པར་ལྟ་གྲུབ་སྨྲ་བ་གཉིས་ཀས་སྨྲ་བཞིན་ཡོད་ཀྱང༌། མི་མཐུན་པའི་ཆ་ཡང་ཡོད་ལ། དེའི་སྐོར་རྒྱས་པར་འོག་ཏུ་འཆད་དོ། །

མདོར་ན། ཚན་རིག་པས་ཁོཀ་(Quark)ཞེས་པའི་ཆ་རྡུལ་འདུས་པ་ལས་ཕོ་རྡུལ་( པོ་ཌོནProton) དང་མཚན་མེད་རྡུལ་( ནེའུ་ཌོན་Neutron) གཉིས་གྲུབ་པ་དང༌། དེ་གཉིས་འདབས་འབྱར་དུ་གནས་པ་ལས་དབུས་རྡུལ་( ནེའུ་ཁེལ་ལེ་སེ་Nucleus) ཕྲ་མོ་གྲུབ་པ་དང༌། དབུས་རྡུལ་( Nucleus) ཕྲ་མོ་དང་གློག་རྡུལ་( Electron) གཉིས་འདུས་པ་ལས་རྡུལ་ཕྲན་( Atom) གསར་དུ་གྲུབ་པར་སྨྲ། དེ་ལ་དབུས་རྡུལ་( Nucleus) ལ་གློག་རྡུལ་( Electron)གྱིས་བསྐོར་ནས་འཁོར་བསྐྱོད་བྱེད་ཅིང༌། དེ་གཉིས་སོ་སོར་མ་གྱེས་པར་ལྷན་ཅིག་ཏུ་ཚོགས་ནས་གནས་པའི་རྒྱུ་མཚན་ལ་ཚན་རིག་པས་འགྲེལ་བརྗོད་འདི་ལྟར་བྱེད་དེ། དབུས་རྡུལ་( Nucleus) གྱི་ཡ་གྱལ་ཕོ་རྡུལ་( Proton) ལ་ཕོ་རྡུལ་ཞེས་བཏགས་པ་དང༌། དེ་ལ་རང་བཞིན་གྱིས་ཕོ་གློག་གི་ནུས་ཤུགས་ལྡན་པ་དང༌། དབུས་རྡུལ་ལ་འཁོར་བསྐྱོད་བྱེད་བཞིན་པའི་གློག་རྡུལ་( Electron) ལ་མོ་རྡུལ་ཞེས་བཏགས་པ་དང༌། དེ་ལ་རང་བཞིན་གྱིས་མོ་གློག་གི་ནུས་ཤུགས་དང་ལྡན་པར་སྨྲ། དབུས་རྡུལ་( Nucleus) གྱི་ཡ་གྱལ་ཕོ་རྡུལ་( པོ་ཌོན Proton) ལ་ཡོད་པའི་ཕོ་གློག་གི་ནུས་ཤུགས་ཀྱིས་དབུས་རྡུལ་( Nucleus) ལ་འཁོར་བསྐྱོད་བྱེད་བཞིན་པའི་གློག་རྡུལ་( Electron) དེ་ཚུར་རང་ཕྱོགས་ལ་འཐེན་ཞིང༌། གློག་རྡུལ་( Electron) ལ་ལྡན་པའི་མོ་གློག་གི་ནུས་ཤུགས་ཀྱིས་དབུས་རྡུལ་( Nucleus) གྱི་ཡ་གྱལ་ཕོ་རྡུལ་( Proton) ཚུར་རང་ཕྱོགས་སུ་འཐེན། དེའི་རྒྱུ་མཚན་གྱིས་དབུས་རྡུལ་( Nucleus) དང་གློག་རྡུལ་( Electron) གཉིས་སོ་སོར་ཁ་མ་གྱེས་པར་ལྷན་ཅིག་ཏུ་ཚོགས་ནས་གནས་ཡོད་ཅེས་བརྗོད།

འོན་ཀྱང་དབུས་རྡུལ་( Nucleus) གྱི་ཡ་གྱལ་གྱི་མཚན་མེད་རྡུལ་( ནེའུ་ཌོན་Neutron) ལ་ཕོ་མོའི་གློག་ཤུགས་གང་ཡང་མི་ལྡན་ཅིང་དེ་ལ་མ་ནིང་ངམ་མཚན་མེད་རྡུལ་ཞེས་བཏགས། དེ་ལ་རང་བཞིན་གྱིས་བསམ་བློའི་ནང་དྲི་བ་ཆུང་ཆུང་འདི་འདྲ་ཞིག་འཁོར་སྲིད་དེ། གལ་ཏེ་མཚན་མེད་རྡུལ་( Neutron) ལ་ཕོ་གློག་དང་མོ་གློག་གི་ནུས་ཤུགས་གང་ཡང་མི་ལྡན་ན། མཚན་མེད་རྡུལ་( Neutron) དེ་ཉིད་དབུས་རྡུལ་( Nucleus) དང་རྡུལ་ཕྲན་( Atom) གྱི་ཚོགས་པ་ལས་སོ་སོར་ཁ་མ་གྱེས་པའི་རྒྱུ་མཚན་ལ་གོང་དུ་བརྗོད་པའི་རྒྱུ་མཚན་རྣམས་དེ་ཉིད་ལ་མི་ལྡན་པས། དེ་གཉིས་སོ་སོར་མ་གྱེས་པར་ཚོགས་པ་དེ་ཉིད་ཀྱི་ཁོངས་སུ་གནས་པའི་རྒྱུ་མཚན་ལ་ཅི་ཞིག་སྨྲ་རྒྱུ་ཡོད་དམ་སྙམ་པའི་དོགས་པ་འབྱུང༌།

༣ ༽ རྡུལ་ཕྲན་དང༌། ཆ་རྡུལ་རྣམས་ཀྱི་ཁ་དོག་དང་དབྱིབས་བཤད་པ།

ཚན་རིག་པས་རྡུལ་ཕྲན་སོགས་ཀྱི་ངོ་བོ་འཇོག་ཚུལ་དེ་ལྟར་ཡིན་ན། ཚན་རིག་པས་རྡུལ་ཕྲན་དང་ཆ་རྡུལ་རྣམས་ཀྱི་དབྱིབས་དང༌། ཁ་དོག་སོགས་ཀྱི་རྣམ་གཞག་ཇི་ལྟར་སྨྲ་ཞེ་ན། དེ་ལ་ཚན་རིག་པས་རྡུལ་ཕྲན་( Atom) གྱི་དབྱིབས་ཟླུམ་གཟུགས་དང༌། ཁ་དོག་སྐབས་རེར་སྔོན་པོ་དང༌། སྐབས་རེར་སེར་པོ་ལ་སོགས་ཀྱི་ངོ་བོར་འགྱུར་ཞིང་ཁ་དོག་ཡོད་ཀྱང་མཐའ་གཅིག་ཏུ་མ་ངེས་ཟེར།

འོ་ན། རྡུལ་ཕྲན་( Atom) གྱི་རྩོམ་གཞི་དབུས་རྡུལ་( ནེའུ་ཁེལ་ལེ་སེ་ Nucleus) དང་གློག་རྡུལ་( ཨེ་ལེཀ་ཏྲོན་ Electron) གཉིས་ཀྱི་དབྱིབས་དང་ཁ་དོག་ལ་ཅི་ཞིག་འདོད་དམ་ཞེ་ན། དེ་ལ་དབུས་རྡུལ་( Nucleus)དང་གློག་རྡུལ་( Electron) གཉིས་ཀར་དབྱིབས་དང་ཁ་དོག་མེད་པ་དང༌། དབུས་རྡུལ་( Nucleus) གྱི་གྲུབ་གཞི་མཚན་མེད་རྡུལ་( Neutron)དང་ཕོ་རྡུལ་( Proton)རྣམས་ལ་ཡང་དབྱིབས་དང་ཁ་དོག་ཅི་ཡང་མེད་པར་སྨྲ། དེ་བཞིན་དུ་ཁོཀ་( Quark)དང་ལེབ་ཏྲོན་( Leptons) ཞེས་པའི་ཆ་རྡུལ་རྣམས་ལ་ཡང་དབྱིབས་དང་ཁ་དོག་མེད་པར་སྨྲའོ། ། ལ་ལས་ཚན་རིག་པས་ཆ་རྡུལ་དེ་རྣམས་ལ་དབྱིབས་དང་ཁ་དོག་ཡོད་མེད་ཀྱི་རྣམ་གཞག་གང་ཡང་མི་སྨྲ་ཞེས་ཟེར།

དེ་ལ་ཚན་རིག་པས་ཁོཀ་( Quark)དང་ལེབ་ཏྲོན་( Leptons) ལ་སོགས་པའི་ཆ་རྡུལ་རྣམས་ལ་དབྱིབས་དང་ཁ་དོག་མེད་པར་སྨྲ་བ་ལ། དཔྱོད་ལྡན་འགས་འདི་ལྟར་སྨྲ་སྟེ། ཚན་རིག་པས་རྡུལ་རིགས་རྣམས་གཏན་ལ་འབེབས་ཚུལ་དང་གསར་རྙེད་བྱུང་ཚུལ་ནི། གཙོ་བོ་ཆེས་ནུས་ཤུགས་ལྡན་པའི་ཆེ་ཤེལ་གྱི་ཐབས་ལམ་བརྒྱུད་ནས་གཏན་ལ་འབེབས་པ་དང་གསར་རྙེད་བྱུང་བ་ཡིན་ལ།དེ་བཞིན་ཁོཀ་( Quark) དང་ལེབ་ཏྲོན་( Leptons) ལ་སོགས་པའི་ཆ་རྡུལ་རྣམས་ཀྱང་ཆེ་ཤེལ་གྱི་ཐབས་ལམ་བརྒྱུད་ནས་གཏན་ལ་ཕབ་པ་དང་གསར་རྙེད་བྱུང་བ་ཡིན་ན། དེ་ཡང་ཆེ་ཤེལ་བརྒྱུད་ནས་བརྟག་དཔྱད་བྱེད་པ་པོའི་མིག་ཤེས་ཀྱིས་ཆ་རྡུལ་དེ་གཉིས་མཐོང་མེད་ན་ཆེ་ཤེལ་གྱི་ལམ་ནས་གཏན་འབེབས་དང་གསར་དུ་རྙེད་མི་ཐུབ་པའི་གནས་ཚུལ་ཞིག་མ་རེད་དམ། གལ་ཏེ་མཐོང་ཡོད་ན། དེ་དག་ལ་དབྱིབས་དང་ཁ་དོག་ཅིག་མེད་པར་ཐ་མལ་བའི་མིག་ཤེས་ཀྱིས་དངོས་པོ་དེ་ཉིད་མཐོང་མི་ཐུབ་པ་ནི་ཕལ་ཆེར་ང་ཚོ་ཚང་མར་མྱོང་བའི་ངོས་ནས་གྲུབ་པ་ལྟ་བུ་ཡིན་པས་ངེས་པར་དུ་ཐ་མལ་བའི་མིག་ཤེས་ཀྱིས་མཐོང་བ་དེ་དག་ལ་དབྱིབས་དང་ཁ་དོག་ཡོད་དགོས། ཞེས་དང༌། གལ་ཏེ་ཆེ་ཤེལ་གྱི་ལམ་ནས་གཏན་འབེབས་མ་བྱས་པར་ཐབས་ལམ་གཞན་ཞིག་བརྒྱུད་ནས་གཏན་འབེབས་བྱས་ཡོད་ན་ཡང་དེ་དག་ལ་ཁ་དོག་དང་དབྱིབས་མེད་དགོས་པའི་གནད་དོན་ཅི་ཡིན་དང༌། ཁ་དོག་དང་དབྱིབས་མེད་ན་དེ་རྣམས་ངོས་འཛིན་ཇི་ལྟར་བྱས་པ་ཡིན་ནམ། ཡང་ན་ཆ་རྡུལ་དེ་རྣམས་ཚོད་དཔག་ཙམ་ཡིན་ནམ་ཞེས་རྟོགས་ལྡན་འགས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བཞིན་ཡོད།                                                           རྗེས་མ།>>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*