ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གྱི་རྡུལ་ཕྲན་གྱི་གཏམ། མུ་འགོད། ༥

རྩོམ་པ་པོ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དག་པའི་རྡུལ་གྱི་རྣམ་གཞག་བར་གྱི་མཐུན་ཕྱོགས།

ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་དང་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་རྡུལ་གྱི་རྣམ་གཞག་གཉིས་ཀྱི་བར་ན་མཐུན་པའི་ཕྱོགས་དང༌། མི་མཐུན་པའི་ཕྱོགས་གང་དང་གང་ཡོད་ཟེར་ན།

༡༽ བྱེ་བྲག་སྨྲ་བ་དང་ཚན་རིག་པའི་བར་གྱི་མཐུན་ཕྱོགས།

དང་པོ།
བྱེ་བྲག་སྨྲ་བས་འཇིག་རྟེན་བཀོད་པ་པོ་མི་འདོད་པར་འཇིག་རྟེན་གྱི་ཁམས་ཆེན་མོ་དང་དེར་གཏོགས་པའི་བེམ་གཟུགས་ཐམས་ཅད་རྡུལ་ཕྲན་རྩོམ་གཞི་དང་གྲུབ་གཞིར་བྱས་ནས་གྲུབ་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་འཇིག་རྟེན་བཀོད་པ་པོ་མི་འདོད་པར་འཇིག་རྟེན་གྱི་ཁམས་ཆེན་མོ་དང་དེར་གཏོགས་པའི་བེམ་གཟུགས་ཐམས་ཅད་རྡུལ་ཕྲན་རྩོམ་གཞི་དང་གྲུབ་གཞིར་བྱས་ནས་གྲུབ་པར་སྨྲ།

གཉིས་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་ལ་རྡུལ་གཞན་དུ་མས་བསྐོར་བར་འདོད་པ་དང༌། ཚན་རིག་པས་ཀྱང་དབུས་རྡུལ་( ནེའུ་ཁེལ་ལེ་སེ་Nucleus) ལ་གློག་རྡུལ་( ཨེ་ལེཀ་ཏོན་Electron ) དུ་མས་བསྐོར་བར་འདོད།

གསུམ་པ།
བྱེ་བྲག་སྨྲ་བས་དབུས་རྡུལ་དང་དེ་ལ་བསྐོར་ནས་ཡོད་པའི་རྡུལ་དེ་གཉིས་ཀྱི་བར་སྟོང་ཆ་དང་བཅས་ནས་གནས་པར་འདོད་པ་དང༌། ཚན་རིག་པས་ཀྱང་དབུས་རྡུལ་( Nucleus) ལ་འཁོར་བསྐྱོད་བྱེད་བཞིན་པའི་གློག་རྡུལ་( Electron ) གཉིས་ཀྱི་བར་སྟོང་ཆ་དང་བཅས་ནས་གནས་པར་འདོད།

བཞི་པ།
བྱེ་བྲག་སྨྲ་བས་དབུས་རྡུལ་དང་དེའི་མཐའ་འཁོར་གྱི་རྡུལ་གཉིས་སོ་སོར་མ་གྱེས་པར་གནས་པའི་རྒྱུ་མཚན་ནི་རྡུལ་དེ་གཉིས་ཀྱི་ཕན་ཚུན་ནུས་ཤུགས་དང་རླུང་གི་འཐེན་ཤུགས་ཀྱིས་ཡིན་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་དབུས་རྡུལ་( Nucleus)དང་དེའི་མཐའ་འཁོར་གྱི་གློག་རྡུལ་( Electron ) གཉིས་སོ་སོར་མ་གྱེས་པར་གནས་པའི་རྒྱུ་མཚན་ནི་དབུས་རྡུལ་གྱི་ནུས་ཤུགས་དང་དེའི་མཐའ་འཁོར་གྱི་རྡུལ་གྱི་ནུས་ཤུགས་ཀྱི་དབང་གིས་ཡིན་པར་སྨྲ།

ལྔ་པ།
བྱེ་བྲག་སྨྲ་བས་རྡུལ་གྱི་ཆེས་ཕྲ་ཤོས་མེ་རྡུལ་ཕྲ་རབ་དང་ཆུ་རྡུལ་ཕྲ་རབ་རྣམས་ལ་ཆ་གསིལ་ན་ཆར་ཕྱེ་རྒྱུ་མེད་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་རྡུལ་གྱི་ཆེས་ཕྲ་ཤོས་ཨབ་ཁོཀ་ Up Quark)དང་ཌའུ་ཁོཀ་( Down Quark) ཞེས་པའི་ཆ་རྡུལ་རྣམས་ལ་ཆ་གསིལ་ན་ཆ་ཕྱེ་རྒྱུ་མེད་པར་ད་ལྟའི་ཆར་འདོད།

དྲུག་པ།
བྱེ་བྲག་སྨྲ་བས་བསགས་རྡུལ་གཅིག་འགྲུབ་པ་ལ་འབྱུང་བའི་རྡུལ་ལ་སོགས་པ་རྡུལ་ཕྲ་རབ་དུ་མ་ཚོགས་དགོས་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་རྡུལ་ཕྲན་( Atom) གཅིག་འགྲུབ་པ་ལ་ཁོཀ་( Quark) དང་ལེབ་ཏྲོན་( Lepton ) ལ་སོགས་པའི་ཆ་རྡུལ་དུ་མ་ཚོགས་ནས་འགྲུབ་དགོས་པར་སྨྲ།

བདུན་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་ཁེར་རྐྱང་དུ་གནས་པར་མི་འདོད་པའི་ལུགས་ལྟར་ན་རྡུལ་ཕྲ་རབ་གཞན་དང་ངེས་པར་ཚོགས་དགོས་པར་འདོད་པ་དང༌། ཚན་རིག་པས་ཀྱང་ཆ་རྡུལ་ཕྲ་ཤོས་ཁོཀ་( Quark) ཞེས་པའི་རྡུལ་ལྟ་བུ་ཡང་ཁོཀ་( Quark) ཞེས་པའི་ཆ་རྡུལ་གཅིག་ཁེར་རྐྱང་རང་དབང་དུ་ཡན་གར་གནས་མི་ཐུབ་པར་ཁོཀ་( Quark) ཞེས་པའི་ཆ་རྡུལ་གཞན་དང་ཚོགས་ནས་གནས་དགོས་པར་སྨྲ།

བརྒྱད་པ།
བྱེ་བྲག་སྨྲ་བས་རྡུལ་ཆེས་ཕྲ་ཤོས་རྡུལ་ཕྲ་རབ་ལ་དབྱིབས་དང་ཁ་དོག་མེད་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་རྡུལ་གྱི་ནང་ནས་ཆེས་ཕྲ་ཤོས་ཁོཀ་( Quark) དང་ལེབ་ཏྲོན་( Lepton ) ཞེས་པའི་རྡུལ་སོགས་ལ་དབྱིབས་དང་ཁ་དོག་མེད་པར་སྨྲ།

དགུ་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་ལ་ཕྱོགས་ཀྱི་ཆ་མེད་པར་སྨྲ་བ་དང༌། ཚན་རིག་པས་ཀྱང་ཆ་རྡུལ་ཕྲ་ཤོས་ཁོཀ་( Quark) དང་ལེབ་ཏྲོན་( Lepton ) ཞེས་པའི་རྡུལ་གཉིས་ལ་དབྱིབས་དང་ཁ་དོག་མེད་པར་སྨྲ་བ་ལྟར་ན་དེ་གཉིས་ལ་ཕྱོགས་ཀྱི་ཆ་ཡང་མེད་པར་འདོད་དགོས་པ་བཅས་འདྲ།

༢༽ བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཞག་བར་གྱི་མི་མཐུན་ཕྱོགས།

དང་པོ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་ཤོས་རྡུལ་ཕྲ་རབ་ཀྱི་རྒྱུན་ཡར་རིགས་པས་དེད་ན་དེའི་རྒྱུན་དུ་གྱུར་པའི་རྡུལ་ཕྲ་རབ་ལ་ཐུག་པར་སྨྲ་བ་ལས་བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་གཟུགས་མེད་ཀྱི་ནུས་པའམ་ནུས་ཤུགས་ལས་བྱུང་བར་བྱེ་བྲག་སྨྲ་བའི་རང་གཞུང་གི་བསྟན་བཅོས་དང་བྱེ་བྲག་སྨྲ་བའི་སློབ་དཔོན་རྣམས་ཀྱིས་མི་སྨྲ། འཇིག་རྟེན་གྱི་ཆགས་ཚུལ་བྷིཀ་བྷང་( Big Bang ) ཞེས་པའི་ལྟ་གྲུབ་སྨྲ་བ་པོ་ལྟར་ན་རྡུལ་ཕྲ་ཤོས་ཁོཀ་( Quark) དང་ལེབ་ཏྲོན་( Lepton ) ཞེས་པའི་ཆ་རྡུལ་རྣམས་ཀྱི་རྒྱུན་ཡར་རིགས་པས་དེད་ན་བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་གཟུགས་མེད་ཀྱི་ནུས་པའམ་ནུས་ཤུགས་ལས་བྱུང་བར་སྨྲ།

གཉིས་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་ལ་དཔྱད་སྐབས་གཙོ་བོར་ཆ་ཕྱེ་རྒྱུ་ཡོད་མེད་དང༌། དབྱིབས་དང་ཁ་དོག་གང་ཡིན་ལ་དཔྱད་པ་ལས་རྡུལ་ཕྲ་རབ་ཀྱི་ལྗིད་ཚད། རང་ཚུགས་བརྟན་མིན། གློག་ཤུགས་ལྡན་མིན། ལྡན་ན་ཅི་ཙམ་ལྡན་མིན་ལ་དཔྱད་པ་གཏོང་གི་མེད་པ་དང༌། ཚན་རིག་པས་རྡུལ་ཕྲན་ལ་དཔྱད་སྐབས་གཙོ་བོར་ཆ་ཕྱེ་རྒྱུ་ཡོད་མེད་དང་ལྗིད་ཚད། རང་ཚུགས་བརྟན་མིན། གློག་ཤུགས་ལྡན་མིན་དང་ལྡན་ན་ཅི་ཙམ་ལྡན་མིན་ལ་དཔྱད་པ་ལས་དབྱིབས་དང་ཁ་དོག་ལ་དེ་ཙམ་དཔྱད་པ་གཏོང་གི་མེད།

གསུམ་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་རྣམས་ལ་ལྡོག་ཟླའི་རྡུལ། དཔེར་ན། མེའི་རྡུལ་ཕྲ་རབ་ལ་དེའི་ལྡོག་ཟླའི་མེའི་རྡུལ་ཕྲ་རབ་ཅེས་མི་འདོད་ཀྱང༌། ཚན་རིག་པས་རྡུལ་རྣམས་་ལ་རང་ཉིད་ཀྱི་ལྡོག་ཟླའི་རྡུལ་ཞིག་ཡོད་པར་འདོད་དེ། དཔེར་ན། ཁོཀ་( Quark) ཞེས་པའི་ཆ་རྡུལ་གྱི་ལྡོག་ཟླའི་ཆ་རྡུལ་ལ་ཨེན་ཏྲི་ཁོཀ་( Anti Quark) ཞེས་འདོད།

བཞི་པ།
བྱེ་བྲག་སྨྲ་བས་རྡུལ་གྱི་ཆེས་ཕྲ་ཤོས་རྡུལ་ཕྲ་རབ་དེ་ཉིད་བློ་ཡིས་ཆ་གསིལ་རྒྱུ་མེད་པས་ཆ་གསིལ་རྒྱུ་མེད་པར་འདོད་པ་དང༌། ཚན་རིག་པས་གཙོ་བོ་ཕྱིའི་ཡོ་བྱད་འཕྲུལ་ཆས་ཀྱི་ལམ་ནས་ཆ་གསིལ་རྒྱུ་མེད་པས་ཆ་གསིལ་རྒྱུ་མེད་པར་སྨྲ་བས་ཆ་གསིལ་རྒྱུ་མེད་པར་འདོད་པ་འདྲ་ཡང་དེའི་རྒྱུ་མཚན་མི་འདྲ་བར་སྨྲ།

ལྔ་པ།
བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་ལ་རྡུལ་གཞན་གྱིས་བསྐོར་བར་འདོད་པས་རྡུལ་ཕྲ་རབ་ཁེར་རྐྱང་དུ་གནས་པར་མི་འདོད་པ་དང༌། ཚན་རིག་པས་ལེབ་ཏྲོན་( Lepton ) ཞེས་པའི་ཆ་རྡུལ་གྱི་རིགས་མོ་འོན་ (Muon ) དང་ཏྲོ་འོན་( Tauon) ཞེས་པའི་ཆ་རྡུལ་རྣམས་བར་སྣང་སྟོང་སང་དུ་ཁེར་རྐྱང་དུ་གནས་པར་འདོད། །

༣༽ མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཞག་བར་གྱི་མཐུན་ཕྱོགས།

གོང་དུ་བཤད་པ་རྣམས་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་གྱི་ཆེས་དམའ་ཤོས་བྱེ་བྲག་སྨྲ་བས་འགྲེལ་བརྗོད་བྱེད་པའི་རྡུལ་གྱི་རྣམ་གཞག་དང་དེང་དུས་ཀྱི་ཚན་རིག་པས་འགྲེལ་བརྗོད་བྱེད་པའི་རྡུལ་གྱི་རྣམ་གཞག་བར་མཐུན་ཕྱོགས་དང་མི་མཐུན་ཕྱོགས་རེ་ཟུང་ངོས་བཟུང་བ་ཙམ་ཡིན་ལ། དེ་བཞིན་དུ་ནང་པའི་གྲུབ་མཐའ་སྨྲ་བ་གོང་མ་རྣམས་ཀྱིས་འགྲེལ་བརྗོད་བྱེད་བཞིན་པའི་རྡུལ་གྱི་རྣམ་གཞག་དང༌། ཚན་རིག་པས་འགྲེལ་བརྗོད་བྱེད་བཞིན་པའི་རྡུལ་གྱི་རྣམ་གཞག་བར་གྱི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གང་དང་གང་ཡོད་ཅེ་ན།

དང་པོ་མཐུན་པའི་ཕྱོགས་ནི།

དང་པོ།
ནང་པའི་གཞུང་ནས་ནམ་མཁའི་རྡུལ་ཞེས་པ་ཞིག་བཤད་ཡོད་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་བེམ་གཟུགས་ཡོད་དོ་ཅོག་མཐར་གཏུགས་ན་ནམ་མཁའི་རྡུལ་ཞེས་བར་སྣང་དུ་འཇིག་རྟེན་སྔ་མ་ཞིག་ནས་སྟོང་པའི་རྡུལ་གྱི་མིང་ཅན་རྡུལ་ཕྲ་རབ་སིལ་བུར་གནས་པ་རྣམས་འདུས་པ་ལས་བྱུང་བར་སྨྲ་བ་དང༌། འཇིག་རྟེན་ཆགས་ཚུལ་སཏྲི་ཌི་སཏྲེཌ་ཐེའོ་རེས་( Steady State Theory ) ཞེས་པའི་ལྟ་གྲུབ་སྨྲ་བའི་ཚན་རིག་པ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་དང༌། བེམ་གཟུགས་ཐམས་ཅད་བར་སྣང་སྟོང་སང་མཁའ་དབྱིངས་སུ་གནས་པའི་རྡུལ་ཕྲན་ལས་བྱུང་བར་སྨྲ།

གཉིས་པ།
ནང་པའི་མདོ་སྔགས་ཀྱི་གཞུང་ནས་བེམ་གཟུགས་ཐམས་ཅད་འབྱུང་བ་བཞི་ལས་བྱུང་བར་སྨྲ་ཞིང༌། འབྱུང་བ་བཞི་ཡང་འབྱུང་བའི་རྡུལ་ཕྲན་ལས་བྱུང་བ་དང༌། འབྱུང་བའི་རྡུལ་ཕྲན་ཡང་འབྱུང་བའི་རྡུལ་ཕྲ་རབ་ལས་བྱུང་བར་བཤད་པ་དང༌། དེ་ཡང་སྔ་མ་སྔ་མའི་རྡུལ་ཕྲ་རབ་ལས་བྱུང་བར་བཞེད་པ་དང༌། འཇིག་རྟེན་གྱི་ཁམས་ཆགས་ཚུལ་སཏྲི་ཌི་སཏྲེཌ་ ཐའོ་རེས་( Steady State Theory ) ཞེས་པའི་ལྟ་གྲུབ་སྨྲ་བའི་ཚན་རིག་པ་རྣམས་ཀྱིས་ཀྱང་རྡུལ་ཕྲན་( Atom) ལས་བེམ་གཟུགས་ཐམས་ཅད་བྱུང་བ་དང༌། དེ་ཡང་ཕོ་རྡུལ་( Proton ) དང་མཚན་མེད་རྡུལ་( Neutron ) དང་གློག་རྡུལ་( Electron) ཞེས་པའི་རྡུལ་ལས་གྲུབ་པ་དང༌། དེ་ལས་སྔ་མ་གཉིས་ཁོཀ་( Quark) དང༌། ཕྱི་མའི་རྡུལ་ནི་རང་ཉིད་ཀྱི་རྒྱུར་གྱུར་བའི་ཨེ་ལེཀ་ཏྲོན་( Electron) ཞེས་པའི་ཆ་རྡུལ་གཞན་ལས་གྲུབ་པ་ལས་རང་ཉིད་ཆ་རྡུལ་གཞན་གྱིས་རྩོམ་གཞི་བྱས་ནས་གྲུབ་པར་མི་འདོད་པས་ནང་པ་དང་ཚན་རིག་པ་འདི་གཉིས་ཀས་འཇིག་རྟེན་གྱི་རྩོམ་གཞི་མཐར་ཐུག་རྡུལ་ལ་ཐུག་པར་འདོད་པ་འདྲ།

གསུམ་པ།
ནང་པའི་གཞུང་ནས་འབྱུང་འགྱུར་གྱི་གཟུགས་ཅན་ཐམས་ཅད་འབྱུང་བ་བཞི་ལས་བྱུང་བར་གསུངས་པ་ལ་ནང་པའི་མཁས་དབང་འགས་འབྱུང་བ་བཞི་ནི་གཟུགས་ཅན་གྱི་ཆོས་མ་ཡིན་པར་གཟུགས་མེད་ཀྱི་ནུས་པ་ཞིག་ལ་འདོད་དགོས་ཞེས་སྨྲ་བ་དང༌། དཔེར་ན། སའི་འབྱུང་བ་ཞེས་པ་སའི་རྡུལ་དང་ས་འགྲུབ་བྱེད་ཀྱི་བར་སྣང་སྟོང་སང་དུ་རང་བཞིན་གྱིས་ཁྱབ་བརྡལ་དུ་ཡོད་པའི་ནུས་པ་ཞིག་དང༌། དེ་བཞིན་ཆུའི་འབྱུང་བ། མེའི་འབྱུང་བ། རླུང་གི་འབྱུང་བ་ཡང་དེ་དང་འདྲའོ། །ཞེས་དང༌། དེ་ལས་བེམ་གཟུགས་ཐམས་ཅད་འབྱུང་བར་སྨྲ་བ་དང༌། འཇིག་རྟེན་ཁམས་ཀྱི་ཆགས་ཚུལ་བྷིཀ་བྷང་( Big Bang) ཞེས་པའི་ལྟ་གྲུབ་སྨྲ་བའི་ཚན་རིག་པ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲན་( Atom ཨེ་ཏྲོམ) ལས་འབྱུང་བར་སྨྲ་བ་དང༌། རྡུལ་ཕྲན་( Atom ) ཡང་ཕོ་རྡུལ་( པོ་ཌོན Proton) དང་མཚན་མེད་རྡུལ་( ནུའི་ཏྲོན་( Neutron) དང་གློག་རྡུལ་( ཨེ་ལེཀ་ཏྲོན་ Electron) གསུམ་ལས་དང༌། དེ་ལ་ཆ་རྡུལ་སྔ་མ་གཉིས་ནི་ཁོཀ་( Quark ) ཞེས་པའི་ཆ་རྡུལ་ལས་གྲུབ་པ་དང༌། ཕྱི་མའི་ཆ་རྡུལ་ནི་རང་ཉིད་ཀྱི་རྩོམ་གཞིའི་ཆ་རྡུལ་གཞན་མེད་པར་རང་ཉིད་ཀྱི་རྒྱུར་གྱུར་པའི་གློག་རྡུལ་( Electron) ལས་གྲུབ་པར་སྨྲ། ཆ་རྡུལ་དེ་གཉིས་ཀྱང་བར་སྣང་མཁའ་དབྱིངས་སུ་ཡོད་པའི་ནུས་པ་རྣམས་ཆིག་བསྒྲིལ་གྱི་གོང་བུ་གས་འཐོར་དུ་སོང་བའི་ནུས་པ་ལས་བྱུང་བར་སྨྲ་བས་གོང་གི་ནང་པའི་མཁས་དབང་དེ་དག་གི་བཤད་ཚུལ་དང༌། ( བྷིཀ་བྷང་Big Bang ) ཞེས་པའི་ལྟ་གྲུབ་སྨྲ་བའི་ཚན་རིག་པ་གཉིས་ཀས་འཇིག་རྟེན་གྱི་ཁམས་དང་བེམ་གཟུགས་ཀྱི་ཆོས་ཐམས་ཅད་མཐར་གཏུགས་ན་བར་སྣང་སྟོང་སང་དུ་ཁྱབ་ནས་ཡོད་པའི་ནུས་ཤུགས་དང་ནུས་པ་ལས་བྱུང་བར་འདོད་པ་མཐུན།

༤༽ མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བ་རྣམས་དང་ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་བར་གྱི་མི་མཐུན་པའི་ཕྱོགས།

དང་པོ།
གྲུབ་མཐའ་གོང་མ་རྣམས་ཀྱིས་རྡུལ་ཕྲ་ཤོས་རྡུལ་ཕྲ་རབ་ལ་དབྱིབས་དང་ཁ་དོག་ཡོད་པར་འགྲེལ་བརྗོད་བྱེད་ཀྱང༌། ལ་ལས་རྡུལ་ཕྲན་སྨྲ་བའི་ཚན་རིག་པས་ཆ་རྡུལ་ཕྲ་ཤོས་ཁོཀ་( Quark ) དང་ལེབ་ཏྲོན་( Lepton ) ལྟ་བུ་ལ་དབྱིབས་དང་ཁ་དོག་ཡོད་མེད་གང་ཡང་འགྲེལ་བརྗོད་བྱེད་ཀྱི་མེད་ཅེས་དང༌། ལ་ལས་རྡུལ་ཕྲན་སྨྲ་བའི་ཚན་རིག་པས་ཆ་རྡུལ་ཕྲ་ཤོས་ཁོཀ་( Quark ) དང་ལེབ་ཏྲོན་( Lepton ) ལྟ་བུ་ལ་དབྱིབས་དང་ཁ་དོག་ཅི་ཡང་མེད་པར་འགྲེལ་བརྗོད་བྱེད།

གཉིས་པ།
ནང་པའི་མཁས་དབང་འགས་གྲུབ་མཐའ་གོང་མ་དབུ་མ་པ་ལྟ་བུས་དབུས་རྡུལ་ལ་རྡུལ་ཕྲ་རབ་དུ་མས་བསྐོར་བར་འདོད་པ་ཚན་རིག་པ་དང་མཐུན་ཡང་དབུས་རྡུལ་དང་བར་མ་བཅས་པའམ་ཕྲད་ནས་བསྐོར་བར་སྨྲ་བ་དང༌། ཚན་རིག་པས་དབུས་རྡུལ་( ནེའུ་ཁེལ་ལེ་སེ་Nucleus) ལ་གློག་རྡུལ་( Electron) གྱིས་བར་དང་བཅས་ནས་མ་ཕྲད་པར་བསྐོར་བར་སྨྲ་བའོ། །

གསུམ་པ།
ནང་པ་སངས་རྒྱས་པའི་གཞུང་ནས་དབུས་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་བསྐོར་ནས་གནས་པར་བརྗོད་ཀྱང་དབུས་རྡུལ་ལ་འཁོར་བསྐྱོད་བྱེད་པར་མི་སྨྲ་བ་དང༌། ཚན་རིག་པས་དབུས་རྡུལ་( Nucleus)ལ་གློག་རྡུལ་( Electron) གྱིས་བསྐོར་ནས་གནས་ཡོད་པར་མ་ཟད་འཁོར་བསྐྱོད་བྱེད་པར་ཡང་སྨྲ་བ་དང་དེའི་མགྱོགས་ཚད་ཀྱང་ཤིན་ཏུ་ནས་མྱུར་བར་སྨྲ།

བཞི་པ།
ཚན་རིག་པས་རྡུལ་ཕྲ་ཤོས་ཁོཀ་( Quark )དང་ལེབ་ཏྲོན་( Lepton ) སོགས་སྐྱེ་བོ་ཐ་མལ་བས་ཆེ་ཤེལ་བརྒྱུད་ནས་མིག་ཤེས་ཀྱིས་མཐོང་བ་ལྟ་བུར་འགྲེལ་བརྗོད་བྱེད་པ་དང༌། ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ནི་རྡུལ་ཕྲ་ཤོས་རྡུལ་ཕྲ་རབ་རྣམས་ནི་ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་ལས་སྐྱེ་བོ་ཐ་མལ་བའི་མིག་ཤེས་ཀྱིས་མཐོང་མི་ཐུབ་པར་འགྲེལ་བརྗོད་བྱེད།

ལྔ་པ།
ནང་པའི་གྲུབ་མཐའ་སྨྲ་བས་རྡུལ་ཕྲ་རབ་རྣམས་ལ་ནུས་ཤུགས་ཡོད་པར་འགྲེལ་བརྗོད་བྱེད་ཀྱང་ཕོ་གློག་དང་མོ་གློག་གི་རྣམ་གཞག་གསལ་པོར་མི་འཆད་པ་དང། དེ་བཞིན་དུ་ལྗིད་ཚད་དང་རང་ཚུགས་བརྟན་མིན་གྱྀ་རྣམ་གཞག་སོགས་ཀྱང་མི་འཆད། ཚན་རིག་པས་རྡུལ་ཕྲ་རབ་རྣམས་ལ་ཕོ་གློག་དང་མོ་གློག་གི་རྣམ་གཞག་དང་ལྗིད་ཚད་དང་རང་ཚུགས་བརྟན་མིན་དང༌། དབུས་རྡུལ་ལ་འཁོར་བསྐྱོད་བྱེད་མཁན་གྱི་རྡུལ་ལ་རང་རང་གི་འཁོར་ལམ་རིམ་པ་མི་འདྲ་བ་དང་སོ་སོའི་འཁོར་ལམ་བརྒྱུད་ནས་འཁོར་བསྐྱོད་དང༌། སྐབས་འགར་ཕྱིའི་འཁོར་ལམ་ནས་ནང་གི་འཁོར་ལམ་དུ་འཕོས་པ་སོགས་ཀྱི་རྣམ་གཞག་གསལ་པོར་འཆད།                                                                           རྗེས་མ།>>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*