ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གྱིས་བརྩམས།
༡༽ འཐུང་ཆུའི་དཀའ་ངལ་གི་འཇིགས་སྣང་།འདས་པའི་ལོ་མང་སྔོན་ཞིག་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གྱི་སྐོར་གསར་གྱུར་བརྒྱུད་ལམ་ཁག་ཐོས་པའམ་བཀླགས་པ་གང་རུང་བརྒྱུད་འགྲོ་བ་མི་ནི་ཁམ་ཟས་མེད་པར་བདུན་ཕྲག་གསུམ་ལྷག་རིང་སྲོག་འཚོ་ཐུབ་ཀྱང་ཆུ་མེད་ན་རིང་ན་བདུན་གཅིག་དང་། སྤྱིར་སྙོམ་གྱི་ཆ་ནས་ཉིན་བཞི་ལྷག་ལས་འཚོ་མི་ཐུབ་པའི་སྡོམ་ཚིག་ཞིང་གོ་མྱོང་ཡོད། ད་ཆ་དེའི་སྐོར་ཤེས་བྱ་མང་ཙམ་རྒྱུས་ལོན་བྱས་པར་མིའི་ལུས་ཕུང་ནི་བརྒྱ་ཆ་དྲུག་ཅུ་ཆུས་གྲུབ་པའི་སྐོར་དེང་དུས་ཀྱི་ཚན་རིག་པས་དཔྱད་འབྲས་ཡིན་པར་ཤེས་བྱུང་།1 དེ་བཞིན་དུ་མིའི་སྙིང་དང་མཁལ་མ་སོགས་ཀྱི་བྱེད་ལས་བྱེད་པར་ཁྲག་གི་རྒྱུ་བ་ལ་ངེས་པར་བརྟེན་དགོས་པ་དང་།
གལ་ཏེ་ལུས་ལ་དགོས་ངེས་ཀྱི་ཆུ་མེད་ཚེ་ཁྲག་སོགས་ཀྱི་རྒྱུ་བ་ཡང་རྒྱུན་གཏན་གྱི་བྱེད་ལས་བྱེད་མི་ཐུབ་པར་སྙིང་སོགས་ཀྱི་བྱེད་ལས་ཀྱང་འགགས་ནས་ལུས་ཕུང་ལ་དཀང་ངལ་འཕྲད་དེ་ ( Dehydartion ) ལུས་ཕུང་ལ་དགོས་ངེས་ཀྱི་ཆུས་མ་འདངས་པའི་ན་ཚ་བྱུང་ངེས་ཡིན། གལ་ཏེ་མིའི་ལུས་ཕུང་བརྒྱ་ཆ་དྲུག་ཆུ་ཆུས་གྲུབ་ཡོད་པ་དང་ཉིན་རེ་ལ་ལུས་ཕུང་ལས་བརླན་གཤེར་བརྒྱ་ཆ་བཅུ་ཙམ་ཆབ་གསང་སོགས་བརྒྱུད་ནས་ཟད་བཞིན་ཡོད་པ་དང་། དེའི་ཚབ་ཏུ་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་མཁོ་སྤྲོད་བྱེད་དགོས་པ་ནི་སྨོས་མོད་ཡིན་ཡང་། ཡིན་ན་ཡང་བརླན་གཤེར་བའི་ཆུ་ཡོད་ཚད་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་ཡིན་པའི་ངེས་པ་མེད་ཅིང་། ང་ཚོའི་ལུས་ཕུང་གིས་འཇུས་ཐུབ་པའི་ཆུ་ལ་འཐུང་ཆུ་ཟེར་བ་ཡིན།
འོ་ན་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་འཐུང་ཆུ་འཛམ་གླིང་འདིའི་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ་ཞེ་ན། ང་ཚོ་འཛམ་གླིང་འདི་བརྒྱ་ཆ་བདུན་ཅུ་དོན་ལྔ་ཞི་བདེའི་རྒྱ་མཚོ་དང་ཧིན་རྡུའི་རྒྱ་མཚོ་སོགས་ཀྱིས་གྲུབ་ཡོད་ཀྱང་། དེ་དག་ནི་ཝ་ཚ་དང་འདྲེས་པའི་ཆུ་ཡིན་པས་ང་ཚོ་འགྲོ་མིར་འཐུང་ཆུར་མི་རུང་བ་ཀུན་གྱིས་མྱོང་བས་གྲུབ་པ་ལྟར་དང་། དེའི་འཕྲོས་ཀྱི་བརྒྱ་ཆུ་ཉེར་ལྔ་ལས་བརྒྱ་ཆ་ཉེར་གཉིས་ཡས་མས་ནི་ས་རྡོ་སོགས་ཀྱིས་གྲུབ་པ་དང་ལྷག་འཕྲོས་ཀྱི་བརྒྱ་ཆ་གསུམ་ཡས་མས་ཙམ་ཞིག་འཐུང་ཆུས་ཟིན་ཡོད་ཀྱང་དེ་ལས་གཅིག་ཙམ་མ་གཏོགས་འགྲོ་མི་ཡིས་བཀོད་སྤྱོད་དམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད།2 དེ་ལྟ་བུའི་འཐུང་ཆུ་ཡང་ལོ་རེ་དང་ཟླ་རེ་ནས་རྒྱས་པ་ལས་བྲི་བ་དང་། བྲི་བ་ལས་སྐེམ་པའི་བརྒྱུད་རིམ་ལས་འཐུང་ཆུའི་དཀའ་ངལ་ནི་འཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུར་ལྷག་ལོ་ལྟར་དཀའ་ངལ་འཕྲད་བཞིན་ཡོད་3པའི་སྙན་ཐོ་བཏོན་འདུག དེ་བཞིན་དུ་འཛམ་གླིང་སྲུང་སྐྱོབ་ཚོགས་པས་ ( World Preservation Foundation ) འཛམ་གླིང་གི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་སོ་སོའི་རྒྱུག་ཆུ་དང་གཙང་པོ་སུམ་ཆ་གཅིག་སྐམ་འགོ་ཚུགས་པ་དང་དེས་མི་འཐེར་བུམ་གསུམ་ལ་དོ་ཕོགས་འགྲོ་ངེས་ཀྱི་གནས་ཚུལ་བཏོན་འདུག4
1 www. independent.co.uk
2 www.wwf.panda.org.freshwater
3 www. independent.co.uk
4 climatechangenews.com
དེ་ཡང་ཞིབ་པར་བརྗོད་ན་དུས་རབས་ཉི་ཤུ་པའི་མག་ོསྟོད་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་སྲིད་པ་ཆགས་པ་ནས་གྲུབ་པའི་གངས་རི། མཚོ་དང་མཚེའུ། གཙང་བོ་དང་རྒྱུག་ཆུ་སོགས་གང་མང་ཞིག་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐོམ་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་སྤྱི་སེམས་ཅན་ཞིག་གིས་ཤེས་ཚེ་རང་བཞིན་གྱིས་སྙིང་ཁམས་འཕར་སྡིར་ཞིག་དང་སེམས་ཚབ་ཅིག་སྐྱེས་དགོས་པའི་གནང་སྟངས་སུ་གྱར་འདུག དཔེར་ན་མཚོ་ལ་མཚོན་ན། དཀྱིལ་ཤར་རྒྱལ་ཁབ་ཨེ་རན་གྱི་ཨུར་མཱ་མཚོ་ ( Iran ) LAKE URMIA ) ནི་འཛམ་གླིང་གི་མཚོ་ཆེན་གྱི་གྲས་ཞིག་དང་སྲིད་པ་ཆགས་པ་བཟུང་སྐམ་མ་མྱོང་ཡང་ཕྱི་ལོ་ ༡༩༨༤ ནས་སྐོམ་འགོ་བཙུགས་ནས་ ༢༠༡༤ བར་མི་ལོ་སུམ་ཅུ་འགོར་རྗེ་སྲིད་པའི་མཚོ་ཆེན་འདི་ཆེས་ཐ་མའི་སྡུག་སྐད་ཅིག་རྒྱབ་ནས་ཡོངས་སུ་སྐམ་པ་དང་། མཚོ་ཆེན་དེ་ལ་བརྟེན་པའི་ཡུལ་ལུང་འདིའི་ཆེ་བ་གྲོང་སྡེ་དང་ཆུང་བ་ཁྱིམ་ཚང་ཡན་ཆད་ས་གནས་གཞུང་སྤོ་དགོས་པའི་ཐབས་སྡུག་པའི་གནས་ཚུལ་འབྱུང་འདུག
ཨེ་རན་གྱི་ཨུར་མཱ་མཚོ་ ( Iran ) LAKE URMIA ) ཉམས་རྒུད་ཀྱི་སྐྱོ་སྣང་གི་གཟུགས་བརྙན།
དེ་བཞིན་དུ་ཡོ་རོབ་ཀྱི་བྷི་ལི་ཝེའི་ ( BOLIVAI ) རྒྱལ་ཁབ་ཀྱི་མཚོ་ཆེན་གཉིས་པ་པཱ་པོ་ ( LAKE POOPO ) ནི་དེ་སྔོན་ས་གནས་འདིའི་ཕ་མེས་དང་ཡང་མེས་པོ་རྣམས་ཉ་འཛིན་དང་འཐུང་ཆུ་ཡི་འཚོ་རྟེན་གཙོ་བོ་དེ་ཡིན་ཡང་། ད་ཆ་ཡོངས་རྫོགས་སྐམ་ནས་བྱེ་ཐང་གྱུར་ནས་ཡུལ་མིའི་སྐྱེས་པ་རྣམས་ས་གནས་གཞན་དུ་འཚོ་རྟེན་བཙལ་དུ་སོང་ནས་ཁྱིམ་དུ་རྒན་ཁོག་དང་བྱིས་པ་མ་གཏོགས་ལྷག་མེད་པའི་ཐབས་སྡུག་གི་གནས་ཚུལ་བྱུང་འདུག
October 11, 1986 ལོ་དང་ January 16, 2016, ལོ་སོ་སོར་བར་སྣང་ཁམས་ཀྱི་འཁོར་སྐར་བླངས་པའི་ (POOPO)པཱ་པོའི་མཚོ་ཉམས་རྒུད་ཀྱི་པར་རིས།
དེ་བཞིན་དུ་འཛམ་གླིང་རང་བྱུང་ཁམས་ཀྱི་དྲ་བ་ ( Mother Nature Network ) ཞེས་པའི་སྙན་ཐོ་ལྟར་ད་ལྟ་འཛམ་གླིང་ནང་གི་གཙང་པོ་དང་མཚོ་ཆེན་གྲགས་ཅན་གང་མང་ཞིག་བྲི་བའི་འགོ་འཛུགས་ནས་རིང་མིན་སྐམ་པའི་འཇིགས་སྣང་མངོན་དུ་གྱུར་ངེས་ཡིན་པའི་གསལ་བཤད་བྱས་འདུག5 དེ་དག་ནི་ 1 Bone Dry 2 Lake PooPo 3 Colorado River 4 Aral Sea 5 Lake Badwater 6Lake Chad 7Owens lake 8 lake Powell 9 Lake Mead
དེ་བཞིན་དུ་བོད་ཀྱི་མཚོན་ནའང། བོད་ཀྱི་མཚོ་ཆེ་ཤོས་མཚོ་སྔོན་པའི་ནང་དུ་གཡས་གཡོན་གྱི་ཆུ་ཕྲན་དང་གཙུང་པོ་ 127 བཞུར་བཞིན་ཡོད་ཀྱང་ཕྱི་ལོ་༢༠༠༩ ལོར་མཚོ་སྔོན་པོའི་ཞིབ་འཇུག་པ་ཞིག་གི་སྙན་ཐོའི་ནང་མཚོ་སྔོན་པོའི་འབྱུང་ཁུངས་ཀྱི་ཆུ་ཕྲན་དང་གཙང་པོ་ 57 བྲི་ནས་སྐམ་སྐོར་དང་ལོ་རེ་ ( CM 10 ) བྲི་སྐོར་ཡང་གསལ་བ་མ་ཟད།6 ཝི་ཀཱི་ལིཀ་ཡི་ ( wikipedia ) སྙན་ཐོས་ཀྱི་ནང་འཛམ་གླིང་གི་མཚོ་དང་གཙང་པོ་བཅུ་ཕྲག་གསུམ་སྐེམ་ལ་ཉེ་བའི་ནང་མཚོ་སྔོན་པའང་བགྲངས་འདུག7
ཕྱི་ལོ་ ༡༩༩༤ ལོར་བླངས་པའི་པར་རིས།
ཕྱི་ལོ་ ༢༠༠༩ ལོར་བླངས་པའི་པར་རིས།
དེ་བཞིན་དུ་བོད་ཀྱི་གཙང་པོ་ཁག་ལ་མཚོན་ནའང་ ( WWF ) ཚོགས་པའི་སྙན་ཐོའི་ནང་འཛམ་གླིང་གི་ཆུ་ཆེན་ཁག་བཅུ་སྐམ་ཉེན་ཡོད་པ་དང་། དེའི་ནང་ནས་ལྔ་ནི་བོད་མཐོ་སྒང་ནས་བཞུར་བའི་གཙང་པ་སྟེ་ ༡ རྒྱལ་མོ་རྔུལ་ཆུ། ༢ རྨ་བྱ་ཁ་འབབ། ༣ རྟ་མཆོག་ཁ་འབབ། ༤ འབྲི་ཆུ། ༥ རྫ་ཆུ་བཅས་ཡིན་པ་དང་།8 གཙང་པོ་དེ་དག་ཐམས་ཅད་འཐུང་ཆུ་དང་ཞིང་ལས་སོགས་ལ་བེད་སྤྱོད་ཧ་ཅང་ཆེ་བའི་ཆུ་ཆེན་དག་ཡིན།
འོ་ན་གཙང་པོ་དང་རྒྱུག་ཆུ། གངས་རི་དང་མཚོ་སོགས་རྒྱུ་མེད་རྐྱེན་མེད་ལས་སྐམ་པ་ཡིན་ནམ་ཞེ་ན།
༡༽ འཛམ་གླིང་འདིའི་འཐུང་ཆུ་སྐམ་པའི་རྒྱུ་རྐྱེན།
འཛམ་གླིང་གི་ལོ་རྒྱུས་དང་དེང་རབས་ཚན་རིག་པ་དག་གིས་བཏོན་པའི་ཞིབ་འཇུག་གི་སྙན་ཐོ་ཁག་ལས་དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྲིད་པའི་གངས་རི་དང་མཚོ་སོགས་སྐམ་འགོ་གཙོ་བོ་བཟུང་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ལ།9
5 www.mnn.com
6 claudearpi.blogspot.com/2009/12/rivers-flowing-in-kokonor-lake-drying.html
7 www.http://en.m.wikipedia.org>wiki>list of drying lakes
8 wwf.panda.org/10 rivers at risk/
9 www.wwf.panda.org.freshwater
འོ་ན་དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་སྲིད་པའི་གངས་རི་དང་མཚོ་ཆེན་སོགས་སྐམ་པའི་འགོ་མ་བཟུང་ལ། དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྐམ་དགོས་པའི་རྒྱུ་མཚན་མཐར་ཐུག་ཅི་ཞིག་ལ་ཐུག་ཡོད་ཅེ་ན།
དེའི་རྒྱུ་མཚན་མཐར་ཐུག་གཅིག་ནི། དཔེར་ན། ཆུ་ཕོར་གང་ཉི་དྲོད་ཧ་ཅང་རྒྱས་པའི་དཀྱིལ་དུ་ཆུ་ཚོད་ཁ་ཤས་བཞག་ན་ཐག་ནས་མེད་པར་གྱུར་བ་ཀུན་གྱིས་ཤེས་གསལ་ལྟར། དཔེ་དེ་བཞིན་འཇིག་རྟེན་འདིའི་གཙང་པོ་དང་མཚོ་སོགས་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐམ་པའི་རྒྱུ་མཚན་གཅིག་ནི་ཉི་མའི་ཚ་དྲོད་དུས་རབས་ཉི་ཤུ་པའི་འགོ་སྟོད་བཟུང་ནས་དུས་རབས་སྔ་མ་རྣམས་ལ་ལྡབ་གྱུར་གྱིས་རྒྱས་འགོ་བཙུགས་པ་དང་། དེར་བརྟེན་སྲིད་པའི་གངས་རི་བཞུར་ཚད་ཀྱང་རྒྱུན་གཏན་ལས་མྱུར་བ་དང་གཙང་ཆུ་སོགས་ཀྱང་སྐམ་པའི་མྱུར་ཚད་ཧ་ཅང་མགྱོགས་སུ་སོང་བ་རེད།
སྐལ་བ་ཡ་ཐོག་གི་སྐབས་སུ་རང་འབྱུང་ཁམས་ལ་རང་བཞིན་གྱིས་གྱུར་བ་ཆེན་པོ་དང་ཆགས་འཇིགས། ཚ་དྲོད་རྒྱས་པ་སོགས་སྣ་ཚོག་བྱུང་ཡོད་ཀྱང་། ད་ཐེངས་ཀྱི་དུས་རབས་འདིར་གོ་ལ་ཧྲིལ་པོའི་ཚ་དྲོད་ཧ་ཅང་རྒྱས་པ་བཞིན་བྱུང་མྱོང་མེད་པ་དང་དེའི་རྒྱུ་མཚན་མཐར་ཐུག་ནི། འགྲོ་བ་མི་ཞེས་པ་འདི་ཧམ་སེམས་དང་འདོད་དབང་གིས་གཡོག་ཏུ་ཚུད་དེ་རང་ཉིད་འཚོ་ཐབས་ཀྱི་མཐུན་རྐྱེན་དང་དགོས་མཁོའི་དཔལ་འབྱོར་ཚད་ལས་བརྒལ་བར་འདོད་པའི་རྔམ་སེམས་ཀྱི་རྐྱེན་ལས། རང་ཉིད་འཚོ་བའི་རིང་ཙམ་མ་ཟད་ཤི་བའི་རྗེས་ལའང་ཟད་མཐའ་མེད་པའི་དཔལ་འབྱོར་དང་མཛོད་ཁང་རི་ལྟར་བརྩིགས་འདོད་ནས། དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་བཟོ་ལས་ཀྱི་གསར་བརྗེ་དང་་། བཟོ་ལས་རྒྱ་བསྐྱེད་ཤུགས་ཆེར་དར་སྤེལ་བཏང་ནས་དེ་ཡང་ལོ་ངོ་སྟོང་ཕྲག་རིང་ཕ་མེས་ཡང་མེས་ཀྱིས་བདག་གཉེར་བྱས་པའི་འགྲོ་བ་སེམས་ཅན་དང་རྩི་ཤིང་ནགས་ཚལ་སོགས་ཀྱི་གཞི་རྟེན་ས་གཞི་རིན་པོ་ཆེར་སྔོག་འདོན་གྱིས་གསེར། ཟངས། ལྕགས་སོགས་ལོ་ངོ་བརྒྱ་ཕྲག་རིང་བསྔོགས་པས་ས་གཞིའི་བཅུད་ཤོར་བ་གཅིག་དང་། ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་རིང་བཟོ་གྲྭ་འདྲ་མིན་ལས་དུག་བརླང་ཉི་རེར་ཚད་ལས་བརྒལ་བ་བཏོན་པ་དང་། ཆ་སྙོམ་གིས་འཛམ་གླིང་ནང་སྐར་ཆ་རེའི་ནང་དུག་བརླང་ ( Carbon dioxide ) 2.4 Pound ཙམ་བཟོ་བཞིན་ཡོད་པ་དང་།10 དེ་བཞིན་དུ་སྣུམ་འཁོར། བཟོ་གྲྭ་དང་གནམ་གྲུ་སོགས་ཡོད་དོ་ཅོག་ལས་ཐོན་པའི་དུག་བརླང་ཆ་སྙོམ་གིས་ལོ་གཅིག་ལ་ Tons འཐེར་འབུམ་ 39.8 ཡིན་པ་དང་།11 དེ་ཡང་ཉིན་རེ་དང་ལོ་རེ་ནས་གྲངས་ཚད་ཕར་བཞིན་ཡོད་ལ་གལ་ཏེ་དུག་བརླང་དེ་ཐད་ཀར་མིས་རྔུབ་པ་ཡིན་ན་མཇུག་འབྲས་ཅི་ཞིག་བྱུང་ངེས་ཤེས་གསལ་རེད། བཟོ་གྲྭ་དང་རྡོ་སོལ་སོགས་ལས་བྱུང་བའི་དུག་བརླང་ནི་( Carbon dioxide ) འཛམ་གླིང་གི་གནམ་གཤིས་དང་འཁོར་ཡུག་ལ་འགྱུར་ལྡོག་ཆེ་ཤོས་གཏོང་མཁན་དེ་ཡིན་ལ།12 དུག་བརླང་དེ་དག་གིས་རང་འབྱུང་གིས་གྲུབ་པའི་ཉི་ཟེར་འགོག་པའི་བར་སྣང་ཁམས་ཀྱི་དྲ་བ་སྲབ་ཏུ་བཏང་བ་དང་། དེའི་རྐྱེན་གྱིས་ཉི་ཟེར་གྱི་དྲོད་སྔར་ལས་རྒྱས་ཤིང་འཇིག་རྟེན་འདིའི་སྐྱེ་དངོས་ཀུན་དང་། གཙང་པོ་དང་མཚོ་སོགས་ལ་ཕོགས་ནས་སྐེམ་པའི་མྱུར་ཚད་རྒྱུན་ལྡན་ལས་མགྱོགས་པར་བཏང་བ། ད་དུང་མུ་འཐུད་ཡར་རྒྱས་ཀྱི་དར་ཆ་དཀར་པོ་འཕྱར་ནས་དུག་བརླང་འབྱུང་ཁུངས་གཙོ་བོ་གྱུར་བའི་བཟོ་གྲྭ་དང་སྣུམ་འཁོར་སོགས་ཚོད་འཛིན་མ་བྱས་ཚེ། ནམ་ཞིག་ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པའི་དུག་བརླང་གིས་འཇིག་རྟེན་འདིའི་ཁོར་ཡུག་ཡོངས་རྫོགས་བརླག་ངེས་ཡིན། དེ་ལྟར་ཡིན་པའི་ཚུལ་ཡང་། དྲ་ཚིགས་དེ་ཉིད་ལས།
“Human activities are increasingly altering the Earth’s climate. These effects add to natural influences that have been present over Earth’s history. Scientific evidence strongly indicates that natural influences cannot explain the rapid increase in global near-surface temperatures observed during the second half of the 20th century.
Human impacts on the climate system include increasing concentrations of atmospheric greenhouse gases (e.g., carbon dioxide, chlorofluoro-carbons and their substitutes, methane, nitrous oxide, etc.), air pollution, increasing concentrations of airborne particles, and land alteration. A particular ncern is that atmospheric levels of carbon dioxide may be rising faster than at any time in Earth’s history, except possibly following rare events like impacts from large extraterrestrial objects. …”
“The unprecedented increases in greenhouse gas concentrations, together with other human influences on climate over the past century and those anticipated for the future, constitute a real basis for concern.”
Since the publication of the above cited AGU report evidence has further grown for anthropogenic greenhouse gases being the major cause of global warming and carbon dioxide playing a more and more important factor . For an individual, the easiest way to help mitigating climate change is to reduce the energy consumption (or generally consume less goods) which will almost automatically reduce carbon dioxide emissions as well as the emis-sions of other greenhouse gases.
དེ་བཞིན་དུ་འགྲོ་བ་མིས་བསམ་མེད་དང་དགོས་མེད་ཀྱིས་གཙང་ཆུ་དང་རྒྱུག་ཆུ་སོགས་སུ་གད་སྙིགས་དང་བཙོག་ཆུ་སོགས་ཚད་ལས་བརྒལ་བའི་གཡུག་ནས་འབག་བཙོགས་བཟོས་པའི་རྐྱེན་གྱི་གཙང་པོ་གང་མང་ཞིག་འཐུང་ཆུར་མི་རུང་བའི་ཚད་གཞི་ཧ་ཅང་མཐོ་པོར་སླེབས་ཡོད་པ་དང་། དཔེར་ན། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་ཤིང་ཧ་གསར་ཁང་གི་གསར་འགྱུར་ལྟར་ན། འབྲི་ཆུའི་བརྒྱ་ཆ་ ༦༦ ཙམ་འཐུང་ཆུ་མི་རུང་བར་གྱུར་པ་དང་། ཆུ་བཙོག་གི་རིགས་ཏུན་ (Ton) ཐེར་འབུམ་བཞི་ཙམ་གཙང་པོའི་དེའི་ནང་དུ་བཞུར་བཞིན་ཡོད་པ་དང་། དེ་ལས་བརྒྱ་ཆ་ ༧༣% བཟོ་གྲྭ་ཁག་ལས་ཐོན་པའི་ཆུ་སྙིགས་ཡིན་ཞེས་སྤེལ་ཡོད་ཅིང་ །13 14
འབྲི་ཆུར་བཟོ་གྲྭ་ལས་འབག་བཙོག་བཟོ་བཞིན་པའི་རྣམ་པ།
འབྲི་ཆུའི་གཞུང་བརྒྱུད་གང་དང་གང་དུ་འབག་བཙོག་ཇི་ཙམ་བཟོས་པའི་རྣམ་པ།
དེ་བཞིན་དུ་WWF ཚོགས་པའི་སྙན་ཐོའི་ནང་གཙང་པོ་དང་རྒྱུག་ཆུ་ཁག་སྐམ་པའི་རྒྱུ་རྐྱེན་གཙོ་བོ་ཁག་དྲུག་ཙམ་བགྲངས་བཞིན་འདུག ༡ ཆུ་རགས་དང་འཛུགས་བསྐྲུན། (Dams andi nfrastructure) ༢ ཆུ་ཚོད་མེད་འབོར་འདྲེན། (Excessive water ex-traction) ༣ གནམ་གཤིས་འགྱུར་ལྡོག (Climate Change) ༤ སྲོག་ཆགས་ནང་ཕན་ཚུན་བཙན་འཛུལ། (Invasive species) ༥ ཉ་ཚོད་མེད་འཛིན་བཟུང་། (Over fishing) ༦ ཁོར་ཡུག་འབག་བཙོག (Pollution) བཅས་རེད།15
13 https://phys.org › Earth › Environment
14 www.terradaily.com/reports/Pollution_turning_Chinas_Yangtze_river_cancerous.html
15 wwf.panda.org/10 rivers at risk/
རང་ཉིད་ཀྱི་ཁོར་ཡུག་ལས་ཅུང་རྒྱང་ཐག་རིང་དང་གནས་སྐབས་བེད་སྤྱོད་བྱེད་དགོས་པའི་གཙང་ཆུ་དང་རྒྱུག་ཆུ་རིགས་ལ་འབག་བཙོག་ཤོར་བར་སྣང་མེད་དང་དོ་ཁུར་མ་བྱས་པ་ནི་ཕུགས་རྒྱང་གི་འདུ་ཤེས་མེད་པ་དང་། འཐུང་ཆུའི་གལ་ཆེན་རང་བཞིན་ལ་གོ་རྟོགས་མེད་པར་མ་ཟད་དེའི་མཇུག་འབྲས་ནི་རང་ཉིད་ཀྱི་སྐེ་ལ་མི་མངོན་པའི་ཐག་པ་བཀོན་པ་དང་གཅིག་མཚུངས་ཡིན། འཇིག་རྟེན་འདིའི་འཐུང་ཆུ་ནི་ཉིན་རེ་ནས་ཉིན་བཞིན་དུ་སྐེམ་པ་ལ་ཕྱོགས་བཞིན་ཡོད་པ་དང་ཉིན་ཞིག་རང་ཉིད་ཀྱི་མགོ་ཐོག་སླེབས་ཉེ་ཡིན།
མདོར་ན་འཁོར་ཡུག་ཞིབ་འཇུག་པ་ཞིག་གི་སྡོམ་ཚིག་ལ། གོ་ལ་ཧྲིལ་པོའི་ཚ་དྲོད་རྒྱས་པ་ནི་རང་བྱུང་ཁམས་ལ་འགྲོ་བ་མིའི་བསམ་མེད་ཀྱི་འདུ་ཤེས་ལས་བྱུང་བ་ཡིན་ཞེས་པའི་སྡོམ་ཚིག་ལྟར་ ( The true cause of global warming is our thoughtless attitude to Nature ) རྔམ་སེམས་དང་འདོད་དབང་གི་གཞན་དབང་དུ་ཚུད་ནས་དགོས་མཁོའི་དཔལ་འབྱོར་ལས་བརྒལ་བའི་རྒྱ་བསྐྱེད་རིང་ལུགས་པའི་བསམ་མེད་ཀྱི་འདུ་ཤེས་བྱུང་བས། གལ་ཏེ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་དང་ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་གི་འཁོར་ཡུག་སྲུང་སྐྱོབ་བྱེད་འདོད་ཚེ། ད་གཟོད་སྔོན་ལ་བཟོ་གྲྭ་ཆེ་ཁག་དང་དུག་བརླང་ཚད་ལས་བརྒལ་བ་སྐྲུན་མཁན་རྣམས་འགོག་དགོས།
༢༽ ཆར་ཆུ་གསོག་འཇོག་གིས་འཐུང་ཆུའི་མཛོད།
གོ་ལ་ཧྲིལ་པོ་འདིར་འཐུང་ཆུར་འབག་བཙོག་ཉིན་རེ་ནས་ཉིན་རེར་ཇི་སྡུག་གིས་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། དེའི་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་གཉིས་ཏེ། གཅིག འཐུང་ཆུར་འབག་བཙོག་ལས་སྐྱོབ་པའི་ཐབས་ལམ་འབད་རྒྱུ་དང་། གཉིས། འཐུང་ཆུ་གསར་བཟོའི་ལས་རིགས་འདྲ་མིན་གསར་གཏོད་ཀྱི་གསར་བརྗེ་བྱེད་དགོས། དཔེར་ན། འཛམ་གླིང་གི་ཤར་ནུབ་ཀུན་ལ་ཆ་སྙོམ་གྱིས་སྐར་མ་རེའི་ནང་ཆར་པ་ Ton ས་ཡ་ 907 འབབ་བཞིན་ཡོད་པ་དང་།16 དེ་ལ་དཔག་ན་ཉིན་རེ་དང་ལོ་རེར་ཆར་པ་ཇི་ཙམ་འབབ་མིན་ཤེས་ཐུབ་ལ། ལྷག་པར་དུ་ལོ་རེ་འཛམ་གླིང་ཤར་ནུབ་གང་སར་ཆར་ཞོད་ཀྱི་དུས་ཡུན་ཟླ་གཅིག་གཉིས་ལྷག་ཆ་སྙོམ་འབབ་ཀྱི་ཡོད། དཔེར་ན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེའི་ནང་ཕྱི་ཟླ་ ༧ འགོ་ནས་ ༩ དཀྱིལ་ཙམ་བར་ད་ུཉིན་རེ་ཆར་ཆུ་ Ton འཐེར་བུམ་ཁ་ཤས་འབབ་ཀྱིན་ཡོད་ལ། དེ་དག་ལས་ས་ཞིང་དང་རྩི་ཤིང་སོགས་ལ་དགོས་ཚད་ཀྱི་ཆར་ཆུ་སོ་སོས་བླངས་ནས་ལྷག་ལུས་ཀྱི་ཆར་ཆུ་རྣམས་ནི་གཙང་ཆུ་སོགས་དང་འདྲེས་ནས་མཐར་མཐའི་རྒྱ་མཚོའི་ནང་འབབ་ནས་བེད་མེད་དམ་ཚྭ་ཆུའི་ངོ་བོར་གྱུར་བཞིན་ཡོད།
གལ་ཏེ་དེའི་ལྷག་འཕྲོས་ཀྱི་ཆར་ཆུ་རྣམས་རྒྱ་མཚོ་དང་མ་འདྲེས་པའི་གོང་ནས་ཆུ་མཛོད་ཆེ་ཆུང་འདྲ་མིན་གྲོང་དང་གྲོང་སྡེའི་ས་ཚིགས་སོ་སོའི་ནང་བཟོས་ནས་གསོག་འཇོག་བྱེད་ཐུབ་ཚེ་རྒྱལ་ཁབ་སོ་སོའི་ནང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་མི་མང་ས་ཡ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་དཀའ་ངལ་སེལ་ཐུབ། དེར་བརྟེན་ཆར་ཆུ་ནི་འཇིག་རྟེན་འདིའི་འཐུང་ཆུའི་ངོར་གྱུར་སླ་ཤོས་ཀྱི་བརླན་གཤེར་དང་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་ཡག་ཤོས་རེད་སྙམ། འོན་ཀྱང་ཆར་ཆུ་གསོག་འཇོག་མ་བྱས་པའི་སྔོན་དུ་ལྷག་འཕྲོས་ཀྱི་ཆར་ཆུ་རྣམས་གསོག་འཇོག་བྱས་ན་ཡུལ་ལུང་དེ་དང་དེའི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཡོད་མེད་སོགས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་ཏེ། གཞན་དུ་ན་མཇུག་འབྲས་བསམ་ཡུལ་ལས་འདས་པ་བྱུང་སྲིད།
16 www.independent.co.uk>Here comes ther rain again>
དེ་བཞིན་དུ་ནམ་དུས་བཞིའི་ནང་ཚན་དགུན་དུས་ནི་འཛམ་གླིང་གི་ཡུལ་ལུང་གང་སར་ཁ་བ་ཆེ་ཆུང་ལ་མ་ལྟས་པར་འབབ་ཀྱི་ཡོད་ལ། ཕྱིས་དབྱར་དུས་སྐབས་གངས་རྣམས་བཞུར་ནས་གཙང་ཆུ་སོགས་དང་འདྲེས་ནས་མཐར་རྒྱ་མཚོའི་ནང་འབབ་ནས་ཝ་ཚྭ་ཅན་གྱི་ངོར་ན་གྱུར་ནས་འཐུང་ཆུར་མི་རུང་ལ། གལ་ཏེ་ཁ་བ་རྣམས་མ་བཞུར་སྔོན་ནས་གསོག་འཇོག་གིས་ཕྱིས་དབྱར་དུས་སོགས་འཐུང་ཆུར་ངོར་གྱུར་ཐུབ་པའི་དེའི་ཐབས་ལམ་ཡང་འཐུང་ཆུ་གསར་བཟོས་ཀྱི་ལས་རིགས་ལེགས་ཤོས་དང་སྟབས་བདེ་ཤོས་ཤིག་རེདསྙམ། ཡིན་ན་ཡང་གངས་དང་ཆར་ཆུ་སོགས་ནི་འགྲོ་བ་མི་ཁོ་ནར་དབང་བ་དང་འགྲོ་བ་མི་ཁོ་ནར་བེད་སྤྱོད་ཡོད་པ་ཞིག་མ་ཡིན་པར། འགྲོ་བ་གཞན་འདུད་འགྲོ་གཙོས་དང་རྩི་ཤིང་ནགས་ཚལ་སོགས་ལ་དགོས་མཁོ་ཆེ་བ་དང་དབང་བའི་རྒྱུ་མཚན་གྱིས་དེ་དག་གསོག་འཇོག་བྱེད་སྐབས་ཚོད་འཛིན་རན་པོ་ཞིག་ངེས་པར་བྱེད་དགོས། གཞན་དུ་ན་རྒྱུ་བ་མི་དང་མི་རྒྱུ་བ་རྩི་ཤིང་ནགས་ཚལ་སོགས་གཉིས་ནི་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་བ་དམ་ཟབ་ཡོད་པས་རྩི་ཤིང་ནགས་ཚལ་དང་རང་འབྱུང་ཁམས་དོ་ཕོགས་ཐེབས་ཚེ་འགྲོ་བ་མིའི་འཚོ་རྟེན་ལ་གྱུར་བ་ཐེབས་ངེས་ཡིན་པའི་རྟེན་འབྲེལ་གྱི་རྣམ་གཞག་ཀྱང་བརྗེད་མི་རུང་།
༣༽ ཚྭ་ཆུ་ཅན་འཐུང་ཆུ་བཟོས་པའི་ལག་རྩལ།
འཛམ་གླིང་འདིའི་སུམ་ཆ་གཉིས་ཚྭ་ཅན་གྱི་རྒྱ་མཚོ་ཡིས་ཟིན་ཡོད་པར་མ་ཟད་མཚོ་ཆེན་གང་མང་ཞིག་ཀྱང་ཚྭ་ཆུ་ཡིན་མོད། གཞུང་ཆེན་ཁག་ལས་ནོར་བུ་ཀེ་ཏ་ཀའི་ཕན་ཡོན་ནམ་བྱེད་ལས་བཤད་སྐབས་གལ་ཏེ་ཆུ་རྙོག་ཞིག་གི་ནང་ནོར་བུ་དེ་ཉིད་བཞག་ཚེ་རིམ་གྱིས་དྭངས་རྙོག་སེལ་ནས་ཆུ་རྙོག་དེ་ཉིད་དྭངས་བར་བྱེད་ནུས་པའི་བྱེད་ལས་ལྡན་པ་འགྲེལ་བརྗོད་བྱེད། དེ་བཞིན་དུ་དེང་དུས་ཚན་རིག་པས་བཟོས་པའི་སྨན་རིལ་དཀར་པོ་ (Purification and Disinfection Tablets ) ཞིག་ཆུ་རྙོག་འདམ་གང་ནང་བླུགས་ནས་སྐར་མ་སུམ་ཆའམ་ཆུ་ཚོད་ཁ་ཤས་འགོར་རྗེས་ཆུ་རྙོག་དེ་ཉིད་དྭངས་གསལ་དུ་གྱུར་ཏེ་འཐུང་རུང་གི་ཆུ་བོའི་ངོ་བོར་བཟོས་ཐུབ་པའི་ཚན་རིག་གི་ལག་རྩལ་དང་། དེ་བཞིན་དུ་བྱེ་མ། རྡོའུ་དང་། རྩ་སོགས་སྣོད་དུ་བླུགས་པའི་རྗེས་སུ་དེའི་ཐོག་ཆུ་རྙོག་བླུགས་ནས་དྭངས་གསལ་བྱེད་པའི་ཐབས་ལམ་སོགས་ཡོད་མུས་ཡིན།
དེས་ན་ཚན་རིག་གི་ལག་རྩལ་གོང་འཕེལ་བཏང་ནས་རྒྱ་མཚོ་ཆེན་པོ་ཡིས་མཚོན་ཝ་ཚྭ་རིགས་ཀྱི་ཆུ་བོ་ལས་ངང་པས་འོ་ཆུ་གཅིག་ཏུ་འདྲེས་པའི་བརླན་ཞིང་གཤེར་བ་ལས་འོ་མ་ལེན་པ་བཞིན། ༡ ཝ་ཚྭའི་ཆུ་རིགས་ལས་ཚྭ་ལེན་པའམ་ཕྱིར་འདོན་ཐུབ་པའི་འཕྲུལ་འཁོར་རམ་ལག་རྩལ། ༢ ཡང་ན་ཝ་ཚྭའི་ཆུ་ལས་ཚྭ་གཙང་སེལ་བཟོ་བྱེད་སྨན་རྫས་རིགས་གསར་གཏོད་དང་། ༣ ཆུ་གཙག་ཆེན་པོ་རིགས་རྒྱ་མཚོའི་ཆུ་ལས་ཚྭ་གཙག་ཐུབ་པའི་འཐོན་བསྐྱེད་བསྐྲུན་ཚེ་ལོ་ལྟར་འཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུར་ལྷག་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་17པའི་དཀའ་ངལ་བདེ་བླག་སེལ་ཐུབ།
17 www. independent.co.uk
༤༽ ཆུ་རྡུལ་ཕྲ་མོ་གསར་དུ་བཟོས་པ་ཐུབ་བམ།
འབྱུང་བ་བཞིའི་ནང་ནས་ཆུའི་འབྱུང་བ་ནི་འགྲོ་བ་ཡོད་དོ་ཅོག་གི་སྲོག་འཚོ་བར་མེད་དུ་མི་རུང་བའི་འཇིག་རྟེན་འདིར་རང་བཞིན་གྱིས་གྲུབ་པའི་དངོས་པོ་ཞིག་ཡིན། ཡིན་ན་ཡང་ཆུའི་འབྱུང་བ་དེ་ཉིད་རྒྱུ་མེད་དང་རྐྱེན་མེད་ལས་གྲུབ་པ་མ་ཡིན་པར་མཐུན་པའི་རྒྱུ་ལས་འབྱུང་བ་ཡིན་ལ། དེ་ཡང་ཆུའི་རྡུལ་ཕྲན་ས་ཡ་མང་པོ་འདུས་པ་ལས་ཆུ་གྲུབ་པ་དང་། ཆུའི་རྡུལ་ཕྲན་གཅིག་གྲུབ་པ་ལ་ཆུའི་རྡུལ་ཕྲ་རབ་མང་པོ་འདུས་པ་ལས་གྲུབ་ཡོད་སྐོར་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་ཀས་འགྲེལ་བརྗོད་བྱེད་བཞིན་ཡོད།
འོ་ན་ཆུ་རྡུལ་ཕྲན་དེ་དག་གང་ཞིག་ལས་གྲུབ་པ་དང་གསར་དུ་བཟོས་ཐུབ་བམ་ཞེ་ན།
ནང་པའི་ཚན་རིག་པའི་ལུགས་ལྟར་ན། མདོ་སེམས་དབུ་མ་བ་བཅས་ཀྱིས་ཆུའི་རྡུལ་ཕྲན་ནི་རང་ཉིད་ལས་ཕྲ་བའི་རྡུལ་ཕྲ་རབ་ཞིག་ལས་འབྱུང་བར་མི་འདོད་ཅིང་། རང་ཉིད་ཀྱི་རིགས་འདྲའི་རྒྱུན་སྔ་མ་མཐུད་པའི་རྡུལ་ཕྲ་རབ་ཅིག་ལས་དེ་ལས་ཕྲ་བར་གྱུར་བའི་རྡུལ་ཕྲ་རབ་མི་འདོད་པ་དང་། དེར་བརྟེན་ཆུའི་རྡུལ་ཕྲ་རབ་ནི་ནང་པའི་ཚན་རིག་པ་ལྟར་ན་སྔོན་མེད་གསར་དུ་བཟོས་ཐུབ་པར་ཁས་མི་ལེན་ལ། འོན་ཀྱང་འཇིག་རྟེན་ཁམས་ཀྱི་ས་རྡོ་བྲག་རི་སོགས་ཀྱི་དངོས་པོ་ཐམས་ཅད་ནང་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཡོད་པ་ནང་པའི་མདོ་སྔགས་གཞུང་ལུགས་ཀུན་ལས་གསུངས་ཡོད་དེ། དཔེར་ན། མཛོད་ལས། འདོད་ན་གཟུགས་སོགས་ལྟ་བ་དང་། །སྒྲ་མེད་ཕྲ་རབ་རྡུལ་ཕྲན་བརྒྱད། ཞེས་པ་ལྟ་བུ་སོགས་ཡིན། དེར་བརྟེན་འཐུང་ཆུ་ཡིས་དཀའ་ངལ་འཕྲད་པའི་འཛམ་གླིང་ཡུལ་གྲུ་དེ་དག་གི་ས་རྡོ་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཕྱིར་འདོན་གྱིས་ཆུའི་རྡུལ་ཕྲན་ས་ཡ་མང་པོ་གསོག་འཇོག་གིས་ཆུ་བཟོས་ཐུབ་སྙམ། དེ་ལྟར་བྱུང་བར་ས་རྡོ་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་རྡུལ་ཕྲན་ཕྱིར་འདོན་བྱེད་དེང་དུས་ཀྱི་འཕྲུལ་ཆས་གསར་གཏོད་བྱེད་དགོས།
དེ་བཞིན་དུ་དེང་དུས་ཚན་རིག་པས་འཐུང་ཆུ་ནི་ H2O ཞེས་པའི་རྡུལ་ཕྲན་འདུས་པ་ལས་གྲུབ་པར་སྨྲ་བ་དང་། H2 ཧཱེ་ཌོ་ཇན་གཉིས་ཞེས་པ་ནི་ Hydrogen ཧཱེ་ཌོ་ཇན་གྱི་རྡུལ་གཉིས་དང་ O ཨོ་ཞེས་པ་ནི་Oxygen ཨོཀ་སི་ཇན་ཞེས་པའི་རྡུལ་ལ་གོ་དགོས། ཧཱེ་ཌོ་ཇན་ Hydrogen ཞེས་པའི་རྡུལ་ཕྲན་ནི་ Electron and Proton ཞེས་པའི་རྡུལ་ཕྲ་རབ་རེ་རེ་འདུས་པ་ལས་གྲུབ་པ་འདོད། ཨོཀ་སི་ཇན་Oxygen ཞེས་པའི་རྡུལ་ཕྲན་ནི་ Electron གློག་རྡུག་བརྒྱད་དང་ Proton པོ་ཀྲོན་བརྒྱད་དང་ཎུ་ཀྲོན་ ( Neurtron ) བརྒྱད་ལས་འདུས་པར་གྲུབ་པར་འདོད། འོན་ཀྱང་ Oxygen དང་ Hydrogen ཞེས་པའི་རྡུལ་ཕྲན་དང་དེ་གཉིས་ཀྱི་གྲུབ་གཞིའི་རྡུལ་ཕྲ་རབ་རྣམས་ཚན་རིག་པས་ལག་རྩལ་གྱིས་སྔོན་མེད་གསར་དུ་བཟོས་ཐུབ་པར་ཁས་ལེན་བྱེད་ཀྱི་མེད།
དེས་ན་ནང་པའི་གཞུང་ལུགས་དང་དེང་རབས་ཚན་རིག་པ་གཉིས་ཀས་ཆུའི་གྲུབ་གཞི་མཐར་ཐུག་ཏུ་གྱུར་བའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་གསར་བཟོས་བྱེད་ཐུབ་པར་ཁས་མི་ལེན་ཡང་ཁོང་གཉིས་ཀྱིས་བྱེ་མའི་གསེབ་ནས་གསེར་ཚགས་པའམ་ཕྱིར་འདོན་བྱེད་པའི་དཔེ་ལྟར་ས་རྡོ་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་གྲུབ་གཞིའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་ཕྱིར་འདོན་གྱིས་འཐུང་ཆུ་བཟོས་ཐུབ་པའི་གསར་བརྗེའི་ལམ་བུ་ཞིག་རིང་མིན་གཏོད་ཐུབ་སྙམ། གལ་ཏེ་དེ་ལྟར་བྱུང་ཚེ་འཛམ་གླིང་འདི་གྲུབ་ནས་ད་ཆ་ཕན་དུ་གོ་ལ་ཧྲིལ་པོ་འདིར་ཕུལ་མ་མྱོང་བའི་ལེགས་སྐྱེས་དང་ལེགས་སྐྱེས་ཆེ་ཤོས། དེ་བཞིན་འགྲོ་བ་ཀུན་ལ་གཅིག་མཚུངས་སུ་གྱུར་བའི་དགོས་མཁོ་ཆེ་ཤོས་ཞིག་ཏུ་གྱུར་བར་གདོན་མི་ཟའོ། །
༥༽ འཐུང་ཆུས་འཛམ་གླིང་ཧྲིལ་པོའི་སྲོག་འཕྲོག་ངེས་ཡིན།
གོ་ལ་ཧྲིལ་པོ་འདིའི་མཚོ་དང་གཙང་པོ་དག་སྐམ་པའི་དཀའ་ངལ་སེལ་བའི་ཐབས་ལམ་དང་སྐམ་རྐྱེན་རྣམས་ཞིབ་འཇུག་གིས་འགོག་པའི་ཐབས་ཤེས་མ་འཚོལ་ན། ཕྱོགས་གཅིག་ནས་ལོ་རེ་བཞིན་འཛམ་གླིང་གི་འཐུང་ཆུའི་དཀའ་ངལ་ཇེ་ཆེར་དང་། ཕྱོགས་གཞན་ནས་འཛམ་གླིང་འདིར་ལོ་རེ་ནས་མི་འབོར་ཇེ་མང་དང་། དེ་བཞིན་འཐུང་ཆུ་མཁོ་བའི་འདུད་འགྲོ་རིགས་ཀྱང་ཇེ་མང་ཡིན་པས་ཡུན་རིང་མི་འགོར་བར་འཇིག་རྟེན་དེ་སྔོན་བྱས་མྱོང་མེད་པའི་འཛམ་གླིང་ཧྲིལ་པོ་ཡོངས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཞིག་འོང་ངེས་རེད། འཛམ་གླིང་སྲུང་སྐྱོབ་ཚོགས་པས་ ( World Preservation Foundation ) བཏོན་པའི་སྙན་ཐོའི་ནང་ཕྱི་ལོ་ ༢༠༢༥ ནང་ཚུད་འཛམ་གླིང་གི་མི་འབོར་སུམ་ཆ་གཉིས་ལ་འཐུང་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པའི་སྡོམ་ཚིག་གནང་འདུག18
དེར་བརྟེན་ང་ཚོས་ངེས་པར་དུ་སྲིད་པའི་གངས་རི་དང་གཙང་པོ་རྣམས་སྐམ་པའི་རྒྱུ་རྐྱེན་གཙོ་བོ་བཙལ་ནས་དེ་དག་འགོག་ཐབས་ལས་འགུལ་གང་མགྱོགས་སྤེལ་དགོས། གལ་ཏེ་འཛམ་གླིང་དམག་འཁྲུག་གསུམ་པ་བྱུང་ཡང་ཉིན་བདུན་རིང་འཇིག་རྟེན་ཡོངས་འཆི་གསོན་གྱི་མཐར་སྐྱེལ་མི་ཐུབ་ཀྱང་གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་དཀའ་ངལ་འཕྲད་ནས་ཉིན་བདུན་སོང་རྗེས་མི་འབོར་དྲུང་འཕྱུར་བདུན་ཅུ་གཙོས་འགྲོ་བ་མང་དག་ཅིག་ཕྱི་མའི་ལྔ་ལམ་དུ་འགྲོ་ངེས་ཡིན་པས་འཐུང་ཆུའི་དཀའ་ངལ་བསམ་ཚེ་དམག་འཁྲུག་གི་འཇིགས་སྣང་ལས་ལྡབ་གྱུར་གྱི་ཆེ་བས་ད་ལྟ་ནས་ང་ཚོས་འཐུང་ཆུའི་གལ་ཆེན་གྱི་རང་བཞིན་དང་། གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་ཇི་ཙམ་ཡོད་མེད། ལོ་ལྟར་ཉམས་རྒུད་ཇི་ཙམ་འགྲོ་བཞིན་ཡོད་མེད་དང་དེའི་རྒྱུ་རྐྱེན། འཐུང་ཆུ་གསར་བཟོའི་ཚན་རིག་ལག་རྩལ་གསར་གཏོད་གང་མགྱོགས་དང་གལ་ཏེ་དེ་ལྟར་མ་བྱུང་ནའང་འཐུང་ཆུའི་སྲུང་སྐྱོབ་ཀྱི་ལས་གཞི་དང་བསམ་གཞིགས་བྱེད་དགོས་པའི་དུས་ཚོད་འཕྱི་དྲགས་མེད་དོ། །
ལ་དྭགས་ཆུ་མང་ཐང་དུ་བཞུར་བཞིན་པའི་སེང་གེ་གཙང་པོའི་འགྲམ་ནས་སྐྱོ་སྣང་བཅས་པ་ཟླ་ ༨ ཚེས་ ༢༢ ཉིན་མཇུག་གྲུབ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།